དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་བོད་ལྗོངས་སློབ་ཆེན་ཞིང་འབྲོག་སློབ་གླིང་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-06-02

    ཉེ་ཆར་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་ཉིང་ཁྲི་གྲོང་ཁྱེར་དུ་གནས་པའི་བོད་ལྗོངས་སློབ་ཆེན་ཞིང་འབྲོག་སློབ་གླིང་དུ་བརྟག་ཞིབ་གནང་བར་ཕེབས་ནས་དགེ་སློབ་ཚོ་དང་མཉམ་དུ་བཞུགས་མོལ་གནང་སྟེ་རང་ལྗོངས་ཀྱི་མཐོ་རིམ་སློབ་གསོ་འཕེལ་རྒྱས་ཀྱི་ད་ཡོད་གནས་ཚུལ་དང་སློབ་གསོ་སྒྱུར་བཅོས་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཚུལ་སྐོར་སོགས་མཁྱེན་རྟོགས་གནང་བ་རེད།

    ཉེ་བའི་ལོ་ཤས་རིང་། བོད་ལྗོངས་སློབ་ཆེན་ཞིང་འབྲོག་སློབ་གླིང་གིས་ཤེས་བྱར་བརྟེན་ནས་ཞིང་ལས་འཕེལ་རྒྱས་དང་བརྩོན་འགྲུས་ལ་བརྟེན་ནས་བོད་ལྗོངས་དར་རྒྱས་གཏོང་བའི་དགོངས་དོན་ལ་གཞིགས་ནས་ཁྱད་ལྡན་རིག་ཚན་འཕེལ་རྒྱས་དང་། ཚན་ཞིབ་ཚོགས་པ་འཛུགས་སྐྱོང་། ཚན་རྩལ་གྲུབ་འབྲས་དཔེ་སྟོན་ཁྱབ་སྤེལ། ཤེས་ལྡན་མི་སྣ་གསོ་སྐྱོང་གཏིང་ཟབ་བྱེད་པ་སོགས་ཀྱི་ཐད་ཡར་རྒྱས་གསར་པ་བྱུང་ཡོད་པ་རེད། བློ་བཟང་རྒྱལ་མཚན་སྲོག་ཆགས་ཚན་རིག་སློབ་གླིང་དང་རྩི་ཤིང་ཚན་རིག་སློབ་གླིང་གི་སློབ་ཁྲིད་དངོས་སྦྱོང་རྟེན་གཞིར་ཕེབས་ཏེ་དེ་གའི་བོད་ཕག་གི་ས་གནས་རྒྱུད་པ་འདེམས་གསོ་དང་ནས་སོགས་ས་མཐོའི་ཞིང་ལས་སྐྱེ་དངོས་སྲུང་སྐྱོང་ཁྱབ་སྤེལ་གྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་ཁྱད་ལྡན་ཞིང་འབྲོག་ལས་རྒྱ་སྟོབས་ཆེ་རུ་གཏོང་བ་དང་སྤུས་ཚད་མཐོ་རུ་བཏང་སྟེ། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ཀྱི་རྟེན་གཞི་གཏོད་དགོས་པ་དང་ཆེས་རྨང་གཞིའི་ལས་དོན་ནི་ཞིང་འབྲོག་ཚན་རྩལ་གསར་གཏོད་བྱ་རྒྱུ་དེ་རེད། མཐོ་གྲང་ཞིང་འབྲོག་ཁུལ་གྱི་ཞིང་འབྲོག་པའི་ཚལ་རིགས་དཀོན་པའི་གནད་དོན་ལ་དམིགས་ཏེ་སློབ་ཆེན་སློབ་མ་འཇིགས་མེད་བཟང་པོའི་ཚོགས་པས་སྒོ་ར་སྒུལ་བདེའི་ནུས་པ་མང་བའི་འགྱིག་ཤོག་དྲོད་ཁང་ཆེན་པོ་ཞིག་བསྐྲུན་ཡོད་པ་རེད། བློ་བཟང་རྒྱལ་མཚན་གྱིས་ངོ་སྤྲོད་ནན་ཏན་ངང་གསན་པ་དང་རྣམ་གྲངས་ཀྱི་ཁྱད་ཆོས་མཁྱེན་རྟོགས་གནང་ནས་ཁོ་བོར་ཟམ་མི་ཆད་པར་འཐུས་ཚང་ལེགས་བཅོས་བྱས་ནས་ཞིང་འབྲོག་དུད་ཚང་ལ་ཁྱབ་སྤེལ་གཏོང་རྒྱུའི་སྐུལ་ལྕག་གནང་བ་རེད།

    ཞིང་འབྲོག་སློབ་གླིང་ཚན་རྩལ་གླིང་དུ་ཕེབས་སྐབས་བློ་བཟང་རྒྱལ་མཚན་གྱིས་ཚན་རྩལ་གླིང་གི་འཆར་འགོད་དང་བོད་སྨན་སྨན་རྒྱུ་འདུལ་སྦྱོར་བྱེད་ལུགས་མཁྱེན་རྟོགས་གནང་ནས་ཚན་རྩལ་གླིང་གིས་བསྡུ་སྒྲིལ་སྐུལ་འདེད་དང་། སྐྱེ་ལྡན་འདེབས་གསོ། འཁོར་སྐྱོད་འཕེལ་རྒྱས། མཐུན་སྦྱོར་གསར་གཏོད་བཅས་བྱས་ནས་ཐོན་སློབ་ཞིབ་གསུམ་དང་ཞིང་བཟོ་ཚོང་གསུམ་ཕྱོགས་དྲུག་གཞི་གཅིག་ངང་འཕེལ་རྒྱས་བཏང་ནས་ཞིང་ལས་ཚན་སློབ་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་དགོས་པའི་ཐུགས་རེ་གནང་བ་རེད། གློག་ཤུགས་བཟོ་སྐྲུན་སློབ་གླིང་གི་སློབ་ཆེན་སློབ་མའི་གསར་གཏོད་ཚོད་ལྟ་ཁང་དུ་བློ་བཟང་རྒྱལ་མཚན་གྱིས་དགྱེས་ཚོར་ཆེན་པོའི་ངང་སློབ་མ་ཚོའི་ས་གནས་ས་ཐོག་གི་འགྲེམས་སྟོན་ལ་གཟིགས་ནས་ན་གཞོན་སློབ་མ་ཚོས་གསར་གཏོད་གསར་སྐྲུན་ཧུར་ཐག་བྱས་ལུགས་ལ་ཁས་ལེན་གནང་བ་རེད། སློབ་གླིང་རིགས་གཅིག་མཁས་ཅན་གྱི་སྡོད་གནས་ཐོག་ཁང་དུ་འདི་ལོའི་ཟླ་4པ་ནས་བཟུང་སྤོ་འགོ་ཚུགས་ཤིང་། བློ་བཟང་རྒྱལ་མཚན་ལུའེ་ཏ་ཆིང་དང་ཞུའེ་ཧུའེ་དབྱིང་ཁྱོ་ཤུག་གི་ཁྱིམ་དུ་ཕེབས་ཏེ་ཁོང་ཚོ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བ་དང་ཁོང་ཚོའི་ལས་ཀ་དང་འཚོ་བའི་ཐད་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ནས་ཁོང་ཚོ་ནང་མི་ཚང་མ་འཚོ་བ་བདེ་སྐྱིད་ལྡན་པ་དང་བྱ་གཞག་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཞུས་པ་རེད།

    ཕྱི་དྲོ་བློ་བཟང་རྒྱལ་མཚན་གྱིས་སློབ་གླིང་གི་དགེ་སློབ་ཚོ་དང་བཞུགས་མོལ་གནང་ཞིང་། ཁོང་གིས་ཞིང་འབྲོག་སློབ་གླིང་གིས་བོད་དང་རྒྱལ་ཡོངས་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་ཐད་མཐོ་རིམ་སློབ་གསོར་བཏོན་པའི་བླང་བྱ་གསར་པར་དམིགས་ཏེ་མཚོ་བོད་ས་མཐོར་གཞི་ཚུགས་པ་དང་དཔལ་འབྱོར་འཛུགས་སྐྱོང་གི་འཐབ་ས་གཙོ་བོར་ཕྱོགས་ཏེ་སློབ་གཉེར་གྱི་ངེས་གནས་སྔར་བས་གསལ་སྟོན་དང་། སློབ་གཉེར་གྱི་ཁྱད་ཆོས་འབུར་ཐོན། སློབ་གཉེར་གྱི་ཆུ་ཚད་མཐོར་གཏོང་བཅས་ཀྱི་ཐོག་ནས་སློབ་གླིང་དེ་ཉིད་བོད་ཀྱི་བྱང་ཚད་མཐོ་བའི་ཉེར་སྤྱོད་རྣམ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་རྟེན་གཞི་གལ་ཆེན་ཞིག་དང་། བོད་ལྗོངས་ཚན་རྩལ་ཁྱབ་སྤེལ་བེད་སྤྱོད་ཀྱི་རྟེན་གཞི་གལ་ཆེན་ཞིག ལྗོངས་ཡོངས་ཀྱི་མཐོ་སློབ་ཉེར་སྤྱོད་རྣམ་པར་སྒྱུར་བའི་དཔེ་སྟོན་རྟེན་གཞི་ཞིག བོད་ཀྱིས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པའི་རྟེན་གཞི་གལ་ཆེན་ཞིག་བཅས་སུ་འགྱུར་བ་བྱས་ནས་སློབ་རྩེར་སོན་གྱི་བེད་སྤྱོད་ཞིབ་འཇུག་རྣམ་པའི་ཞིང་འབྲོག་སློབ་ཆེན་ཞིག་ཏུ་འགྱུར་་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།