དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་2030ལོའི་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བའི་གྲོས་རིམ་དོན་འཁྱོལ་གྱི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུར་ཞུགས་མཁན་ཕྱི་རྒྱལ་གྱི་འཐུས་མི་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛曲珍   |     སྤེལ་དུས།  2016-06-01

    ཚེས་29ཉིན་གྱི་དགོང་མོ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་ཉིང་ཁྲིར་2030ལོའི་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བའི་གྲོས་རིམ་དོན་འཁྱོལ་གྱི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུར་ཞུགས་མཁན་ཕྱི་རྒྱལ་འཐུས་མི་དང་མཇལ་འཛོམས་གནང་བ་རེད།

    མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེའི་དམིགས་བསལ་བློ་འདྲི་བ་ན་པེ་ལུའོ་དང་། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཏོ་སྨི་ཉི་ཁེའེ་འཐུས་མི་ཆེད་བསྐོས་དབང་ཆ་ཆ་ཚང་ཡོད་པའི་གཞུང་ཚབ་ཆེ་མོ་ཧེང་ཏེ་སིན། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཨེ་ཙེ་ཨོ་ཕི་ཡའི་འཐུས་མི་ཆེད་བསྐོས་དབང་ཆ་ཆ་ཚང་ཡོད་པའི་གཞུང་ཚབ་ཆེ་མོ་ཨ་ལེ་མུའུ་བཅས་དང་དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཁོངས་གཏོགས་དང་འབྲེལ་ཡོད་རྒྱལ་སྤྱིའི་རྩ་འཛུགས་ཀྱི་དཔོན་རིགས་མཇལ་འཛོམས་ནང་ཞུགས་ཡོད་པ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཅུས་ཅན་ཧྭ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཧོ་ཝུན་ཧའོ། ཕྱི་འབྲེལ་པུའི་རྒྱལ་སྤྱིའི་དཔལ་འབྱོར་སིའི་སི་ཀྲང་ཀྲང་ཅུན་བཅས་ཕེབས་ཡོད་པ་རེད།བློ་བཟང་རྒྱལ་མཚན་གྱིས་ཀྲུང་གོའི་ཕྱི་འབྲེལ་པུའུ་དང་ཀྲུང་གོར་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཁོངས་གཏོགས་ཀྱིས་བོད་ལྗོངས་ཉིང་ཁྲིར་2030ལོའི་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བའི་གྲོས་རིམ་དོན་འཁྱོལ་གྱི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་འཚོག་རྒྱུའི་གཏན་འབེབས་བྱས་པ་དེས། གྲོས་རིམ་དོན་འཁྱོལ་ཐུབ་པའི་ཐབས་ལམ་འཚོལ་རྒྱུར་སྐུལ་འདེད་ཤུགས་ཆེན་ཐེབས་རྒྱུ་དང་། འཛམ་གླིང་ས་གནས་ཁག་གི་མི་དམངས་ཀྱིས་བོད་ལྗོངས་ཤེས་རྟོགས་ཐུབ་ཚད་སྔར་བས་མཐོ་རུ་འགྲོ་རྒྱུ་མ་ཟད། བོད་ཀྱི་རྒྱུན་མཐུད་འཕེལ་རྒྱས་དང་ཕྱི་ཕྱོགས་མཉམ་ལས་ལ་སྐུལ་འདེད་ཐེབས་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་རེད་ཅེས་གསུངས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་བོད་འདི་ཉིད་གནའ་སྔ་མོ་ནས་བཟུང་། ཀྲུང་གོའི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་65སོང་རིང་། ཀྲུང་དབྱང་སྲིད་གཞུང་གི་དམིགས་བསལ་ཐུགས་ཁུར་དང་། རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་འབད་འཐབ་བཅས་ཀྱི་འོག་བོད་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྔར་བྱུང་མྱོང་མེད་པའི་གྲུབ་འབྲས་ཐོབ་པ་དང་མི་རིགས་ཁག་གི་མི་དམངས་ཀྱི་ལས་དབང་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འོག་འཚོ་བ་སྐྱེལ་བའི་མཆོག་གྱུར་རང་བཞིན་དང་སྤོབས་སེམས་ཟབ་མོ་ཚོར་བ་མ་ཟད། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་རྩོམ་རྒྱུ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་ཡིད་ཆེས་ཀྱིས་ཁེངས་ཡོད་ཅེས་གསུངས་པ་རེད།

    ན་པ་ལོ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཕན་ཅི་ཝུན་གྱི་འཚམས་འདྲི་བརྒྱུད་བསྒྲགས་གནང་བ་དང་། ཉིང་ཁྲིར་དམིགས་བསལ་ཁྱད་ཆོས་ལྡན་པའི་བོད་ཀྱི་རིག་གནས་ཉམས་སུ་མྱོང་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ཞེས་གསུངས་ཤིང་། ཁོང་གིས་ང་ཚོས་ཆུ་ཚད་མཐོ་བའི་བགྲོ་གླེང་ཚོགས་འདུའི་ཐོག་བཏོན་པའི་བསམ་བཀོད་ལྡན་པའི་ཐག་གཅོད་ཇུས་གཞི་བརྒྱུད། ཀྲུང་གོ་དང་གོ་ལ་ཧྲིལ་པོའི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། ང་ཚོའི་ལས་ཀའི་དམིགས་ཚད་ནི་བོད་ཀྱི་མི་དམངས་དབུལ་པོ་ཚུད་པའི་འཛམ་གླིང་ས་གནས་ཁག་གི་མི་དམངས་རྣམས་དབུལ་སྒྲོལ་ཡོང་བར་སྐུལ་ཁྲིད་ཧུར་ཐག་བྱ་རྒྱུ་དེ་ཡིན། ང་ཚོས་ཀྲུང་གོས་ལྷོ་ལྷོ་མཉམ་ལས་འོག་གོ་ལ་ཧྲིལ་པོའི་རྒྱུན་མཐུད་འཕེལ་རྒྱས་དང་བསྟུན་མཁས་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།