དབུ་ཤོག>སྲིད་དོན།
  • ལྷ་ས་གྲོང་ཁྱེར་གྱི་སྤྱིའི་འཆར་འགོད་བཟོ་བཅོས་སོགས་ཀྱི་དོན་ཚན་ལ་ཞིབ་འཇུག་དང་གྲོས་ཞིབ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛曲珍   |     སྤེལ་དུས།  2016-05-31

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས་དྲུག་པ་གཙོ་སྐྱོང་གནང་ནས་ལྷ་ས་གྲོང་ཁྱེར་གྱི་སྤྱིའི་འཆར་འགོད་བཟོ་བཅོས་བརྒྱབ་པའི་མ་ཡིག་དང་། རྒྱལ་ཁབ་ཀྱི་གཙོ་གནད་སྣོད་བཅུད་བདེ་འཇགས་སྲུང་ཡོལ་ཧུར་ཐག་བསྐྲུན་ནས་སྣོད་བཅུད་ཤེས་དཔལ་སྐྲུན་མགྱོགས་སུ་གཏོང་བ། མཁོ་ཚོང་མཉམ་ལས་ཁང་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་ས་ཁོངས་བརྒལ་བའི་ཞིང་ཞོར་ཐོན་ཟོག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བཅས་ལ་ཞིབ་འཇུག་དང་གྲོས་ཞིབ་བྱས་པ་རེད།

    ཚོགས་འདུའི་ཐོག་བསྟན་དོན། 《ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་སྤྱིའི་འཆར་འགོད(2009ལོ་ནས་2020ལོ་བར)》དེ་2009ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་ནས་ལག་བསྟར་བྱས་པ་ནས་བཟུང་། ལྷ་སའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། གྲོང་ཁྱེར་གྱི་འཁོར་རྒྱའི་བཀོད་སྒྲིག་ལེགས་སུ་གཏོང་བ། ལྷ་སའི་ལོ་རྒྱུས་རིག་གནས་སྲུང་སྐྱོབ་བྱེད་པ། གྲོང་ཁྱེར་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་རྒྱུར་མཛུབ་ཁྲིད་བྱེད་པ་བཅས་ལ་ནུས་པ་གལ་ཆེན་ཐོན་ཡོད། ལྷ་ས་གྲོང་ཁྱེར་གྱི་སྲིད་གཞུང་སྐབས་རིམ་བྱུང་གིས་འཆར་འགོད་སྟོན་ཕྱོགས་སུ་བྱས་ཏེ་ལག་བསྟར་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་། བྱེད་ནུས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བ། གྲོང་ཁྱེར་དོ་དམ་ལེགས་སུ་བཏང་བས་ལྷ་སའི་གྲོང་ཁྱེར་གཏོད་རྒྱུར་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་དང་། གྲོང་ཁྱེར་གཙོ་བོའི་སྟོན་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ནས་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་ཡོད། ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་པོ་ཕྱིན་པ་དང་བསྟུན་ནས་གྲོང་ཁྱེར་གྱི་ཤོང་རྒྱ་ཆེ་རུ་གཏོང་བ་དང་། སྤུས་ཚད་མཐོ་རུ་གཏོང་བ། ཕན་འབྲས་ཆེ་རུ་གཏོང་བ་བཅས་ཁ་ཚ་དགོས་གཏུགས་སུ་གྱུར་པས་ལྷ་ས་གྲོང་ཁྱེར་གྱི་སྤྱིའི་འཆར་འགོད་བཟོ་བཅོས་རྒྱག་པའི་དགོས་གལ་ཆེན་པོ་ཡོད། ཚོགས་འདུའི་ཐོག་བླང་བྱ་བསྟན་དོན། གཅིག་ནས་ངེས་གནས་གནད་ལ་འཁེལ་བ་བྱེད་དགོས་ཤིང་། རང་སྐྱོང་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་དང་། རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་གྲགས་ཅན་གྲོང་ཁྱེར། རྒྱལ་སྤྱིའི་ཡུལ་སྐོར་གྲོང་ཁྱེར་སོགས་ལ་དམིགས་ནས་ངེས་གནས་གནད་ལ་འཁེལ་བ་དང་། རང་ངོས་ཀྱི་ལེགས་ཆ་འདོན་སྤེལ། གྲོང་ཁྱེར་ཚན་རིག་དང་མཐུན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པ་དང་། གཉིས་ནས་ཚན་རིག་དང་མཐུན་པའི་འཆར་འགོད་བྱེད་དགོས་ཤིང་། གྲོང་ཁྱེར་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་བླང་བྱ་གསར་པ་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་གྲོང་ཁྱེར་འཕེལ་རྒྱས་གཏོང་བའི་འདུ་ཤེས་རྒྱུན་ཆད་མེད་པར་གསར་གཏོད་དང་སྤྱིའི་འཆར་འགོད་བཟོ་བཅོས་ཀྱི་ཆེད་ལས་རང་བཞིན་དང་། དམིགས་སའི་རང་བཞིན། མ་འོངས་སྔོན་མཐོང་རང་བཞིན། སྤྱི་འདོམས་རང་བཞིན་ལ་དོ་སྣང་བྱེད་དགོས་པ། གསུམ་ནས་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས་ཤིང་། ཐོན་སྐྱེད་དང་། འཚོ་བ། སྣོད་བཅུད་བཅས་བཀོད་སྒྲིག་ཆེན་པོ་གསུམ་སྤྱི་འདོམས་ཡག་པོ་བྱས་ཏེ་གྲོང་ཁྱེར་གྱི་བྱེད་ནུས་དང་སྤྱིའི་བཀོད་པ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་དགོས་པ། བཞི་ནས་ཁྱད་ཆོས་མངོན་པ་བྱེད་དགོས་ཤིང་། ས་ཁོངས་ཀྱི་ཁྱད་ཆོས་དང་། མི་རིགས་ཀྱི་ཁྱད་ཆོས། དུས་རབས་ཀྱི་ཉམས་འགྱུར་བཅས་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་གྲོང་ཁྱེར་གྱི་འཚོ་བའི་སྤུས་ཚད་མཐོ་རུ་དང་དོན་སྙིང་ཟབ་ཏུ་བཏང་ནས་འཕེལ་རྒྱས་གཏོང་བ་དང་འཛུགས་སྐྲུན་བྱེད་རིང་རིན་ཐང་རྒྱུན་འཛིན་བྱས་པ་མངོན་དགོས་པ། ལྔ་ནས་བཅའ་ཁྲིམས་དང་སྒྲིག་སྲོལ་ལ་བརྟེན་དགོས་ཤིང་། གྲོང་ཁྱེར་ཇུས་འགོད་དེ་འགྱུར་མེད་ཚད་གཞིར་བརྩིས་ནས་གྲོང་ཁྱེར་གྱི་བར་མཐོངས་ཀྱི་ཕྱོགས་བསྡུས་རང་བཞིན་དང་། ས་ངོས་ཀྱི་མཐུན་སྦྱོར་རང་བཞིན། ཉམས་འགྱུར་གྱི་སྤྱི་ཡོངས་རང་བཞིན། རིག་གནས་ཀྱི་རྒྱུན་མཐུད་རང་བཞིན་བཅས་ཀྱི་འཆར་འགོད་དང་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་དགོས་པ་བཅས་རེད།

    ཚོགས་འདུའི་ཐོག《རྒྱལ་ཁབ་ཀྱི་གཙོ་གནད་སྣོད་བཅུད་བདེ་འཇགས་སྲུང་ཡོལ་ཧུར་ཐག་བསྐྲུན་རྒྱུ་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ལ་གྲོས་ཞིབ་བྱས་ཏེ་བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོབ་དང་འཛུགས་སྐྲུན་ལས་གྲྭའི་འཛུགས་སྐྲུན་འཆར་འགོད་ཀྱི་ཕན་འབྲས་ལ་ཕྱོགས་བསྡུས་དཔྱད་དཔོག་བྱས་འབྲས་གང་ལེགས་སྤྱད་དེ་རང་ལྗོངས་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་ལས་གྲྭའི་ཕན་འབྲས་ཚན་རིག་དང་དོན་དངོས་ཐོག་ནས་མངོན་པ་བྱས་ཏེ་འཆར་འགོད་དུས་བསྟུན་བཟོ་བཅོས་བརྒྱབ་ནས་བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་འཛུགས་སྐྲུན་ལ་དེ་བས་སྐུལ་འདེད་ཡག་པོ་གཏོང་དགོས་པའི་ནན་བཤད་བྱས་པ་རེད།

    ཚོགས་འདུའི་ཐོག་བསྟན་དོན། ས་ཁོངས་བརྒལ་བའི་ཞིང་ཞོར་ཐོན་རྫས་འཁོར་རྒྱུག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱས་ཚེ། ནང་མཁོ་རྒྱ་ཆེར་གཏོང་བ་དང་། “ཞིང་གསུམ”ལ་ཞབས་ཞུ། དམངས་འཚོ་འགན་ལེན་བཅས་བྱ་རྒྱུར་ཕན་པ་ཡོད། དེར་བརྟེན་དམིགས་ཚད་ཁ་གསལ་ཡོང་བ་བྱས་ཏེ་སྣེ་ཁྲིད་རང་བཞིན་དང་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ལྡན་པའི་ས་ཁོངས་བརྒལ་བའི་ཞིང་ཞོར་ཐོན་རྫས་འཁོར་རྒྱུག་གི་རྨང་གཞིའི་སྒྲིག་བཀོད་ཀྱི་རྣམ་གྲངས་ཁག་གཅིག་གང་མགྱོགས་སྐྲུན་དགོས་པ་དང་། ཁྲོམ་རའི་གཙོ་ཁྲིད་མཐའ་འཁྱོངས་བྱེད་པ་དང་འཁོར་རྒྱུག་ཁེ་ལས་ཀྱི་ཁྲོམ་རའི་བྱེད་པོའི་གནས་བབ་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་མང་ཚོགས་ཀྱིས་སྤུས་ཀ་ལེགས་ལ་རིན་གོང་ཁེ་བའི་ཞིང་ཞོར་ཐོན་རྫས་ཉོ་ཐུབ་པ་དང་ཟ་ཐུབ་པ་བྱེད་དགོས་པ། ལྟ་སྐུལ་དོ་དམ་དང་རྣམ་གྲངས་མ་དངུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་མ་དངུལ་སྤྱོད་སྐབས་ཀྱི་བདེ་འཇགས་དང་ལས་ཕྱོད་འགན་ལེན་བྱེད་དགོས་པ་བཅས་རེད།

    ཚོགས་འདུའི་ཐོག་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ནད་ཆེན་འགན་བཅོལ་ཁྱོན་ཡོངས་ནས་ལག་བསྟར་བྱ་རྒྱུ་གཏན་འཁེལ་བྱས་པ་དང་། གཞི་རིམ་ཆེད་ལས་ལག་རྩལ་གྱི་གོ་གནས་དང་ལས་སྒོའི་ཐོབ་ཐང་དཔྱད་འཇོག་གི་གནས་སྐབས་ལག་བསྟར་བྱ་ཐབས་ལ་ཞིབ་འཇུག་བྱས་ནས་གྲོས་འཆམ་བྱུང་བ། 2015ལོའི་བོད་རང་སྐྱོང་ལྗོངས་ཀྱི་ཚན་རིག་ལག་རྩལ་བྱ་དགའི་རྣམ་གྲངས་གཏན་འཁེལ་བྱས་པ་རེད།

    ཚོགས་འདུའི་ཐོག་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།