དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛曲珍   |     སྤེལ་དུས།  2016-05-30

    ཉེ་ཆར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་འདི་ལོའི་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས་ལྔ་པ་གཙོ་སྐྱོང་གནང་བ་དང་། ལྗོངས་ཡོངས་ཀྱི་གཙོ་གནད་ལས་ཀའི་ལས་འགན་གྱི་འཕེལ་རིམ་གནས་ཚུལ་དང་ཆེད་དོན་ལྟ་སྐུལ་མཛུབ་ཁྲིད་སྐོར་གྱི་སྙན་སེང་གསན་ནས་གོམ་སྟབས་རྗེས་མའི་ལས་དོན་ལ་བཀོད་སྒྲིག་གནང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་གལ་ཆེན་བཀོད་སྒྲིག་དོན་འཁྱོལ་བྱ་རྒྱུར་སྔར་བས་སྐུལ་མ་གཏོང་ཆེད། ཟླ་ལྔ་པའི་ཟླ་སྟོད་ལ་རང་སྐྱོང་ལྗོངས་སྲིད་གཞུང་གིས་སྲིད་གཞུང་འགོ་ཁྲིད་ཀྱིས་སྣེ་ཁྲིད་པའི་ཆེད་དོན་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་ཚོགས་ཆུང་ས་ཁུལ་དང་གྲོང་ཁྱེར་བདུན་གྱི་རྫོང་ཁག་63ལ་བཏང་སྟེ་གཙོ་བོ་དབུལ་སྒྲོལ་འགག་སྒྲོལ་དང་། དམངས་འཚོ་འགན་ལེན། རྣམ་གྲངས་འཛུགས་སྐྲུན། མ་འཇོག་དོན་འཁྱོལ། སླར་གསོ་བསྐྱར་སྐྲུན། ཐོན་ལས་འཕེལ་རྒྱས། ཁོར་ཡུག་ལེགས་གཏོང་སོགས་ཐད་དུས་ཡུན་ཟླ་ཕྱེད་ཙམ་གྱི་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་བྱས་པ་རེད། ཆེད་དོན་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་སྣེ་གཉིས་ལ་དམ་འཛིན་དང་བར་ལ་སྣེ་ཁྲིད་དེ་ཉམས་ཞན་ལྷུ་ཚིགས་ལ་ཤུགས་སྣོན་བརྒྱབ་ནས་གཙོ་གནད་ལས་ཀ་ལག་བསྟར་དོན་འཁྱོལ་ཡོང་བར་སྐུལ་མ་ནུས་ལྡན་བཏང་བ་རེད།

    ལྟ་སྐུལ་མཛུབ་ཁྲིད་ཀྱི་གནས་ཚུལ་ལ་བལྟས་ཚེ། འདི་ལོ་ནས་བཟུང་། ས་ཁུལ་དང་གྲོང་ཁྱེར་ཁག་དང་སྡེ་ཚན་ཁག་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་ཡག་པོ་བྱས་པ་དང་། སྲིད་ཇུས་ཀྱི་ཕན་འབྲས་དང་རྣམ་གྲངས་ལ་བརྟེན་ནས་ཕན་འབྲས་ལ་སྐུལ་སྤེལ་གཏོང་རྒྱུ་རིམ་གྱིས་མངོན་འགྱུར་བྱུང་སྟེ། ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་ངང་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུ་མཐའ་འཁྱོངས་ཐུབ་པ་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”འགོ་འཛུགས་ལོའི་འགོ་འཛུགས་མ་ཐག་ནས་ནུས་པ་ཆེན་པོ་ཐོན་པ་མ་ཟད། ཆེད་དོན་ལྟ་སྐུལ་མཛུབ་ཁྲིད་བྱེད་རིང་གནད་དོན་དང་ཉམས་ཞན་ལྷུ་ཚིགས་ཁག་གཅིག་ཤེས་རྟོགས་ཐུབ་ཡོད་ཅེས་བསྟན་པ་དང་། ཚོགས་འདུའི་ཐོག་ད་ཐེངས་ཀྱི་ལྟ་སྐུལ་ཞིབ་བཤེར་བྱེད་རིང་ཤེས་རྟོགས་ཐུབ་པའི་གནད་དོན་རྣམས་ཐོ་གསལ་པོ་བརྒྱབ་སྟེ། རེ་རེ་བཞིན་འགན་འཁྲི་དོན་འཁྱོལ་དང་ཐག་གཅོད་ཀྱི་དུས་བཀག་ཁ་གསལ་བཟོས་ནས་རེ་རེ་བཞིན་དག་ཐེར་བྱ་རྒྱུར་སྐུལ་མ་གཏོང་དགོས་པ་སྟེ། གཅིག་ནས་བསམ་ཕྱོགས་གསར་བརྗེ་ཤུགས་ཆེན་བྱེད་དགོས། བསམ་བློར་བཅིངས་འགྲོལ་ཇི་ཙམ་བཏང་བ་དེ་ཙམ་གྱིས་སྒྱུར་བཅོས་ཀྱི་གཏིང་ཚད་ཟབ་ཏུ་དང་སྐུལ་སྤེལ་གྱི་མྱུར་ཚད་མགྱོགས་སུ་གཏོང་ཐུབ་པས། གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ་སློབ་སྦྱོང་གཏིང་ཟབ་བྱེད་དགོས་པ་དང་། གཉིས་ནས་ལས་ཀའི་གཙོ་གནད་ལ་དམ་འཛིན་བྱེད་དགོས། དབུལ་སྒྲོལ་འགག་སྒྲོལ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཁྱད་ལྡན་ཐོན་ལས་འཕེལ་རྒྱས། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སོགས་གཙོ་གནད་ལས་ཀ་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས། མང་ཚོགས་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་སུ་འཇུག་མཁས་པོ་བྱས་ཏེ་མང་ཚོགས་རྣམས་ལ་རྣམ་གྲངས་འཛུགས་སྐྲུན་ཁྲོད་ནས་དངོས་ཕན་དེ་བས་མང་བ་ཐོབ་པ་དང་ཁོང་ཚོར་འཕེལ་རྒྱས་ཁྲོད་ནས་ལས་བརྩོན་ཕྱུག་འགྱུར་ཡོང་བ་བྱེད་དགོས། གསུམ་ནས་ནུས་པ་གང་མགྱོགས་ཆེ་རུ་གཏོང་དགོས། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་ཏེ། ལས་བཟོའི་སློབ་སྦྱོང་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས། རིམ་ཁག་ལས་བྱེད་པ་དང་ལྷག་པར་དུ་གཞི་རིམ་ལས་བྱེད་པས་ཆབ་སྲིད་དང་དཔལ་འབྱོར་རིག་པ་སློབ་སྦྱོང་ཡག་པོ་བྱས་ཏེ། ཁྲོམ་རའི་དཔལ་འབྱོར་གྱི་ཆོས་ཉིད་ཁོང་དུ་ཆུད་པ་དང་ལས་ཀའི་འཇོན་ཐང་ཆེ་རུ་གཏོང་རྒྱུར་སྐུལ་མ་གཏོང་དགོས། བཞི་ནས་ལྟ་སྐུལ་མཛུབ་ཁྲིད་གནད་སྨིན་ཡོང་བ་བྱེད་དགོས། ལྟ་སྐུལ་མཛུབ་ཁྲིད་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་བ་དང་། ལྟ་སྐུལ་མཛུབ་ཁྲིད་ཀྱི་འགན་ནུས་ལ་ཤུགས་སྣོན་རྒྱག་པ། ལྟ་སྐུལ་མཛུབ་ཁྲིད་ཀྱི་དངོས་ཕན་ལ་སྣང་ཆེན་བྱེད་པ། ལས་ཀའི་གཙོ་གནད་རེ་རེ་བཞིན་ཞིབ་བཤེར་བྱེད་པ། ལྟ་སྐུལ་མཛུབ་ཁྲིད་བྱེད་རིམ་བཞིན་སྙན་སེང་ཞུ་བ་བཅས་བྱས་ཏེ། ལྟ་སྐུལ་ཞིབ་བཤེར་དང་ལྟ་སྐུལ་སྒྲུབ་གཉེར་གྱི་ལས་ཀ་རྒྱུན་གཏན་ཡོང་བ་དང་ལས་དོན་རེ་རེ་བཞིན་དོན་འཁྱོལ་ནུས་ལྡན་བྱ་རྒྱུར་སྐུལ་མ་གཏོང་དགོས། ལྔ་ནས་སྤྱོད་ཚུལ་ལེགས་སུ་ཤུགས་ཆེན་གཏོང་དགོས། རང་རྟོགས་ཆེན་པོས་འགན་འཁྲི་གཙང་སྒྲུབ་དང་། དོ་དོ་ཏན་ཏན། ཕན་འབྲས་མ་ཐོན་བར་མཚམས་མི་འཇོག་པ། དམིགས་ཚད་མ་གྲུབ་བར་ཨུ་ཚུགས་མཐར་སྐྱེལ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།