དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་བོད་ལྗོངས་གསོ་རིག་སློབ་གླིང་སོགས་སུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  索朗旺堆   |     སྤེལ་དུས།  2016-05-26

    284946_yis_1464155065750_s.jpg

    འདི་ནི་བློ་བཟང་རྒྱལ་མཚན་གྱིས་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་དུ་སློབ་ཚན་བཀོད་སྒྲིག་དང་སློབ་མའི་ལས་ཞུགས་སོགས་མཁྱེན་རྟོགས་གནང་བའི་གནས་ཚུལ་ཡིན་པ།

    ཚེས་24ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་སྔ་རྗེས་སུ་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་དང་། བོད་ལྗོངས་གསོ་རིག་སློབ་གླིང་། ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭ་བཅས་སུ་ཕེབས་ནས་རྒྱ་ཆེའི་དགེ་སློབ་ཚོར་མཛའ་བརྩེའི་ངང་གཟིགས་པ་དང་སྦྲགས། རང་ལྗོངས་ཀྱི་མཐོ་རིམ་སློབ་གསོ་སྒྱུར་བཅོས་འཕེལ་རྒྱས་ཐད་བརྟག་ཞིབ་གནང་བ་མ་ཟད། སློབ་གསོའི་ལས་དོན་པ་དང་བཞུགས་མོལ་ཡང་གནང་ནས་ཁོང་ཚོའི་བསམ་འཆར་དང་གྲོས་འགོ་གསན་ཞིང་། ཁོང་གིས་སློབ་གསོ་ནི་བོད་འཕེལ་རྒྱས་གཏོང་བའི་ཕུགས་ཀྱི་རེ་བ་ཡིན། དེས་ན་བོད་ཀྱི་དོན་དངོས་ལ་གཞི་ཚུགས་ནས་མི་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་གཏོང་བ་དང་ལྷག་པར་དུ་བོད་ཀྱི་སློབ་གསོ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་རྒྱལ་ཁབ་ཀྱི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་དོན་འཁྱོལ་ཡག་པོ་བྱེད་དགོས། འཕེལ་རྒྱས་ཀྱི་བསམ་ཕྱོགས་འདིང་བ་དང་དཔལ་འབྱོར་འཛུགས་སྐྲུན་གྱི་འཐབ་ས་གཙོ་བོར་ཕྱོགས་ནས་སློབ་གྲྭའི་སློབ་གཉེར་གྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་། གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་ཤེས་ལྡན་མི་སྣ་ས་ཆ་དེ་རང་དུ་གསོ་སྐྱོང་བྱེད་པ། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཁྲོམ་ར་ཅན་དང་། སློབ་ཚན་བཀོད་སྒྲིག་ཚན་རིག་ཅན། མཐོ་རིམ་སློབ་གསོ་དེང་རབས་ཅན་བཅས་ལ་འགྱུར་བ་བྱེད་པའི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་བ་བཅས་བྱེད་དགོས་ཞེས་གསུངས་པ་རེད།

    བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་དུ་བློ་བཟང་རྒྱལ་མཚན་གྱིས་དཔལ་འབྱོར་དོ་དམ་སློབ་གླིང་གི་དངོས་སྦྱོང་རྟེན་གཞི་དང་ཡུལ་སྐོར་དང་རིག་གནས་སློབ་གླིང་གི་སློབ་ཁྲིད་ཁང་ཆེན་དུ་ཕེབས་ནས་ཟོག་འགྲུལ་དང་། ཕྱུགས་རིགས་སྨན་པ། ཡུལ་སྐོར་སོགས་ཆེད་ལས་ཀྱི་ལག་ལེན་དངོས་ཀྱི་སློབ་ཁྲིད་སོགས་ལ་གཟིགས་པ་རེད། སྤེལ་རེས་སློབ་ཁྲིད་བྱེད་བཞིན་པའི་དབྱིན་སྐད་ཡུལ་སྐོར་སྣེ་ཤན་པའི་སློབ་ཁང་ནང་སློབ་མ་བདེ་ཆེན་མཚོ་མོས་བྱང་ཆུབ་ལ་གསོན་ཉམས་ལྡན་པའི་ངང་ཡུལ་སྐོར་སྣེ་ཤན་པའི་སྦྱོང་བརྡར་བྱེད་བཞིན་འདུག བློ་བཟང་རྒྱལ་མཚན་མར་བཞུགས་ནས་གཟབ་ནན་ངང་གཟིགས་པ་དང་སྦྲགས། སློབ་ཁང་ནང་གི་དགེ་སློབ་ཚོ་དང་མཛའ་བརྩེའི་སྤེལ་རེས་གནང་ཞིང་། ཁོང་གིས་སློབ་ཚན་བཀོད་སྒྲིག་དང་ལས་ཞུགས་འདོད་བློ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ནས་ཚང་མར་རྨང་གཞིའི་ཤེས་བྱ་ཡག་པོ་སྦྱངས་ཏེ་ལོ་རེར་སྐབས་རེ་གཉེར་བའི་བོད་ལྗོངས་ཀྱི་འགྲེམས་ཚོགས་དང་བོད་འདི་ཉིད་རིག་གནས་ཡུལ་སྐོར་གནས་སྤོར་ཁུལ་ལ་གཏོད་པའི་ནང་ཧུར་ཐག་ཞུགས་དགོས་པའི་སྐུལ་ལྕག་གནང་བ་རེད།

    1989ལོའི་ཟླ་9པར་བཙུགས་པའི་བོད་ལྗོངས་གསོ་རིག་སློབ་གླིང་ནི་རྒྱལ་ཡོངས་སུ་རྒྱལ་ཁབ་སློབ་གསོ་པུའི་ཆོག་མཆན་ཐོབ་པ་བརྒྱུད་གཞུང་བཙུགས་ཁེར་རྐྱང་བོད་ལུགས་གསོ་རིག་དང་བོད་སྨན་མཐོ་རིམ་སློབ་གྲྭ་གཅིག་པུ་དེ་རེད། བློ་བཟང་རྒྱལ་མཚན་གྱིས་རྟེན་རྫས་བཤམས་མཛོད་ཁང་དང་། ཚོད་ལྟའི་དངོས་དཔེ་ལྟེ་གནས། གནའ་གཞུང་ཚད་ལྡན་ཡིག་ཆའི་དམིགས་བསལ་ཉར་འཇོག་ཁང་བཅས་སུ་ཕེབས་ནས་བོད་ལུགས་གསོ་རིག་དང་བོད་སྨན་སློབ་ཁྲིད་དང་། གནམ་རིག་སྐར་རྩིས་རྒྱུན་འཛིན། གཏེར་ཁ་དང་རྩི་ཤིང་གི་མ་རྒྱུ་འཚོལ་བསྡུ། གནའ་གཞུང་ཚད་ལྡན་ཡིག་ཆའི་ཞིབ་འཇུག དེང་རབས་ལག་རྩལ་སྤྱད་དེ་བོད་ལུགས་གསོ་རིག་དང་བོད་སྨན་འཕེལ་རྒྱས་གཏོང་ཚུལ་སོགས་མཁྱེན་རྟོགས་གནང་ཞིང་། ཁོང་གིས་བོད་ལུགས་གསོ་རིག་དང་བོད་སྨན་ནི་གཞི་རྩའི་སྨན་བཅོས་ཐོན་ཁུངས་གལ་ཆེན་དང་། ཁྱད་ལྡན་དཔལ་འབྱོར་ཐོན་ཁུངས་གལ་ཆེན། ཚན་རྩལ་གསར་གཏོད་ཐོན་ཁུངས་གལ་ཆེན། ཕུལ་བྱུང་རིག་གནས་ཐོན་ཁུངས་གལ་ཆེན། ས་མཐོའི་སྣོད་བཅུད་ཐོན་ཁུངས་གལ་ཆེན་བཅས་རེད། བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་སྟོབས་ཆེར་གཏོང་བ་དང་སྤུས་ལེགས་གཏོད་རྒྱུ་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་ཀྱང་རེད། རྒྱལ་ཡོངས་སུ་བོད་ལུགས་གསོ་རིག་དང་བོད་སྨན་གྱི་མཐོ་རིམ་སློབ་གླིང་གཅིག་པུ་ཡིན་པའི་བོད་ལྗོངས་གསོ་རིག་སློབ་གླིང་གིས་ངེས་པར་དུ་འགན་འཁྲི་ཧུར་ཐག་འཁུར་ནས་ཚད་བརྒལ་ཡོང་བ་དང་འཕེལ་རྒྱས་ཡོང་བ་བྱེད་དགོས། གསར་འབྱེད་གསར་གཏོད་དང་། བསམ་བློར་བཅིངས་འགྲོལ་གཏོང་བ། སློབ་གཉེར་བསམ་ཕྱོགས་གསལ་པོ་བཟོ་བ་བཅས་བྱས་ཏེ་ཐོན་སློབ་ཞིབ་གསུམ་གཞི་གཅིག་ཏུ་འདུས་པའི་ལེགས་ཆ་འདོན་སྤེལ་གང་ལེགས་ཀྱིས་རྒྱལ་ནང་གི་རྩེ་གྲ་དང་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ངེས་ཅན་ལྡན་པའི་བོད་ལུགས་གསོ་རིག་དང་བོད་སྨན་སློབ་ཆེན་ཞིག་བཏོད་དེ་བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྣེ་ཁྲིད་བྱེད་དགོས་ཞེས་གསུངས་པ་རེད།

    ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭས་ལྗོངས་ཡོངས་སུ་ཕྱོགས་ནས་རྨང་གཞིའི་སློབ་གསོ་འཕེལ་རྒྱས་གཏོང་རྒྱུར་མཁོ་བའི་ཆེད་ཚན་རིམ་པའི་སློབ་ཆུང་དང་བུ་བཅོལ་ཁང་གི་དགེ་རྒན་གསོ་སྐྱོང་ཧུར་ཐག་བྱས་ཡོད་ལ་ལྗོངས་ཡོངས་ཀྱི་དགེ་རྒན་ལ་ལས་ཐོག་གསོ་སྦྱོང་དང་ཁོང་ཚོ་འཕེལ་རྒྱས་གཏོང་བའི་ལས་འགན་ཡང་འཁུར་བཞིན་ཡོད། བློ་བཟང་རྒྱལ་མཚན་གྱིས་ས་གནས་ས་ཐོག་ཏུ་རྩིས་རྒྱག་འཕྲུལ་འཁོར་དང་རོལ་དབྱངས་སློབ་ཁྲིད་སློབ་ཚན་ལ་གཟིགས་ཞིང་། ཁོང་གིས་ཉེ་བའི་ལོ་ཤས་རིང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གཞི་རིམ་གྱི་དགེ་རྒན་ལ་ཁ་གསབ་སྤྲོད་པ་དང་། གནས་གཏན་འཁེལ་གྱིས་དགེ་རྒན་གསོ་སྐྱོང་བྱེད་པ། གོ་མིང་ཞིབ་དཔྱད་གཏན་འཁེལ། “ཚོགས་སྒྲིག་རྣམ་པའི”སློབ་གསོའི་བོད་སྐྱོར་སོགས་ཀྱི་བྱ་ཐབས་སྤྱད་དེ་སྐད་གཉིས་དགེ་རྒན་དང་ས་ཆ་དེ་གའི་དགེ་རྒན་གསོ་སྐྱོང་བྱས་པར་ཕན་འབྲས་བཟང་པོ་ཐོན་ཡོད། གོམ་སྟབས་རྗེས་མར་རང་སྐྱོང་ལྗོངས་ཀྱིས་བྱ་ཐབས་ནུས་ལྡན་སྤྱད་དེ་གཞི་རིམ་སློབ་གསོའི་ཤེས་ལྡན་མི་སྣ་གསོ་སྦྱོང་ཤུགས་ཆེན་བྱེད་པ་དང་གཞི་རིམ་གྱི་དགེ་རྒན་དཔུང་ཁག་སྟོབས་ཆེར་བཏང་ནས་དགེ་རྒན་རྣམས་གཞི་རིམ་དུ་སེམས་རྣལ་དུ་ཕབ་ནས་རང་འཁྲིའི་ལས་འགན་སྒྲུབ་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།

    ཕྱི་དྲོ་བློ་བཟང་རྒྱལ་མཚན་གྱིས་མཐོ་རིམ་སློབ་གྲྭ་ཁག་གསུམ་གྱི་སློབ་གསོའི་ལས་དོན་པ་དང་སློབ་མའི་འཐུས་མི་དང་བཞུགས་མོལ་གནང་བ་མ་ཟད། སློབ་གྲྭ་ཁག་གི་ལས་དོན་ལ་ཁས་ལེན་གང་ལེགས་ཀྱང་གནང་བ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།