བོད་ཀྱི་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ལོ་རྒྱུས་ཀྱི་འགོ་འཛུགས་ས།
བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན།
འདི་ལོ་ནི་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་65འཁོར་བའི་ལོ་ཞིག་དང་། བོད་ཀྱིས“ལོ་ལྔ་ཚན་བཅུ་གསུམ་པའི”འཕེལ་རྒྱས་ཀྱི་འཆར་འགོད་ཕྱོགས་ཡོངས་ནས་ལག་བསྟར་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་འགོ་ཚུགས་ལོ་ཞིག་ཡིན།
1951ལོའི་ཟླ་5ཚེས་23ཉིན་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་གིས་པེ་ཅིང་དུ《བོད་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན》ལ་མིང་རྟགས་བཀོད་ནས་བོད་ལ་ཞི་བས་བཅིངས་འགྲོལ་བཏང་བ་རེད། བོད་ཞི་བས་བཅིངས་འགྲོལ་བཏང་བ་དེ་ནི་ཀྲུང་གོ་མི་དམངས་ཀྱི་བཅིངས་འགྲོལ་བྱ་གཞག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། བོད་ཀྱི་སྤྱི་ཚོགས་དང་ལོ་རྒྱུས་འཕེལ་རྒྱས་ཀྱི་ཁ་ཕྱོགས་འགྱུར་མཚམས་གལ་ཆེན་ཞིག་ཡིན། དམངས་གཙོའི་བཅོས་སྒྱུར་བྱས་རྗེས་བོད་འདི་ཉིད་མུན་ནག་ནས་འོད་སྟོང་དང་། རྗེས་ལུས་ནས་ཡར་ཐོན། དབུལ་ཕོངས་ནས་འབྱོར་ཕྱུག སྲིད་དབང་སྒེར་གཅོད་ནས་དམངས་གཙོ། བཀག་སྡོམ་ནས་སྒོ་དབྱེ་བཅས་ཀྱི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་བསྐྱོད་དེ་ལོ་རྒྱུས་ཀྱི་ཤོག་ལྷེ་གསར་པ་ཞིག་ཕྱེ་ཡོད།
ལོ་65ཡི་རིང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ཀྱིས་དམངས་གཙོའི་བཅོས་སྒྱུར་དང་། རང་སྐྱོང་ལྗོངས་དབུ་བརྙེས་པ། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དང་སྒྱུར་བཅོས་སྒོ་དབྱེ་བཅས་ཀྱི་རླབས་ཆེན་གྱི་ལོ་རྒྱུས་འཕེལ་རིམ་བརྒྱུད་པ་དང་། ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་འགྲོ་ལམ་ཐོག་སྔར་བྱུང་མྱོང་མེད་པའི་གྲུབ་འབྲས་ཐོབ་པ་དང་། སྤྱི་ཚོགས་ཀྱི་རྣམ་པར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ། མི་རིགས་ཁག་གི་མི་དམངས་ཀྱི་ལས་དབང་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བ། བོད་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་པ་བཅས་དཔྱིད་ཀྱི་དཔལ་ཡོན་བཞད་པའི་སྤྱི་ཚོགས་རིང་ལུགས་བོད་ལྗོངས་གསར་པ་ཞིག་བརྗིད་ཉམས་ལྡན་པའི་ངང་འཛམ་གླིང་གི་ཡང་རྩེར་འགྱིང་ངེར་གནས་ཡོད།
—— སྤྱི་ཚོགས་ཀྱི་ལམ་ལུགས་ལ་རླབས་ཆེན་གྱི་འཕོ་འགྱུར་བྱུང་བ། བོད་རྙིང་པ་ནི་ཡོ་རོབ་ཀྱི་དུས་རབས་དཀྱིལ་མ་ལས་དེ་བས་མུན་ནག་དང་། གདུག་རྩུབ། ཀླ་ཀློ། རྗེས་ལུས་བཅས་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས་ཤིག་ཡིན། བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་དྲག་པོའི་ངོ་ལོག་ཟིང་འཁྲུག་ཞོད་འཇགས་བཏང་བའི་ཐོག་དམངས་གཙོའི་བཅོས་སྒྱུར་བྱས་ཏེ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མེད་པ་བཟོས་ནས་རང་སྐྱོང་ལྗོངས་དབུ་བརྙེས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཙུགས་པར་བརྟེན་ཡར་ལངས་ཞིང་བྲན་ཁྲི་ཚོ་བརྒྱ་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་བདག་པོར་གྱུར་པ་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་བསྟར་བྱས་ནས་་བོད་ལ་ཡངས་ཤིང་རྒྱ་ཆེ་བའི་འཕེལ་རྒྱས་ཀྱི་ལམ་བུ་བཏོད་ཡོད།
—— དཔལ་འབྱོར་འཕེལ་རྒྱས་ཐད་འོད་སྟོང་འཕྲོ་བའི་མཆོང་སྐྱོད་མངོན་འགྱུར་བྱུང་བ། བོད་རྙིང་པར་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་ཧ་ཅང་རྗེས་ལུས་ཡིན་པ་དང་། ཡུན་རིང་རང་སོར་ལུས་ནས་རྩ་ཐོར་གྱི་གནས་སུ་གྱར་ཡོད།
བོད་ཞི་བས་བཅིངས་འགྲོལ་བཏང་ཚུན། སྤྱི་ཚོགས་ཐོན་སྐྱེད་སྟོབས་ཤུགས་ལ་སྔར་བྱུང་མྱོང་མེད་པའི་བཅིངས་འགྲོལ་ཐོབ་པ་དང་འཕེལ་རྒྱས་ཕྱིན་ནས་དཔལ་འབྱོར་འཛུགས་སྐྲུན་ལ་འོད་སྟོང་འབར་བའི་གྲུབ་འབྲས་ཐོབ་ཡོད། བོད་ཀྱི་ཐོན་སྐྱེད་བསྡོམས་འབོར་1951ལོའི་སྒོར་དུང་ཕྱུར་1.29ནས་2015ལོའི་སྒོར་དུང་ཕྱུར་1026.39བར་འཕར་ཞིང་། བསྡུར་གཞི་ཡོད་པའི་རིན་གོང་ལྟར་རྩིས་ན། ལྡབ་195འཕར་བ་དང་ལོ་རེར་ཆ་སྙོམས་8.6%འཕར་ཡོད། ཕྱོགས་བསྡུས་འགྲིམ་འགྲུལ་མ་ལག་ཕན་ཚུལ་འབྲེལ་མཐུད་བྱེད་ཚད་མང་དུ་ཕྱིན་པ་དང་རླངས་འཁོར་ཤར་གཏོང་ཐུབ་པའི་གཞུང་ལམ་ལམ་ཐག་སྤྱི་ལེ་ཁྲི་7.8ཟིན་པ་དེ་1954ལོའི་སྤྱི་ལེ་1988ལོན་ཏེ་ལྡབ་38འཕར་ཡོད། ཁྲོན་བོད་དང་། མཚོ་བོད། ཤིན་བོད། ཡུན་བོད་བཅས་ཀྱི་གཞུང་ལམ་དྲ་བ་དང་མཚོ་བོད་ལྕགས་ལམ་དང་ལྷ་གཞིས་ལྕགས་ལམ་བཅས་བསྐྲུན་པ་དང་ཁྲོན་བོད་ལྕགས་ལམ་ལྷ་ཉིང་ལྕགས་ལམ་མགྱོགས་མྱུར་བསྐྲུན་བཞིན་ཡོད། ལྷ་ས་དང་། ཉིང་ཁྲི གཞིས་རྩེ། མངའ་རིས། ཆབ་མདོ་བཅས་ཀྱི་གནམ་ཐང་ལྔ་འདེགས་སྐྱོར་དུ་བྱས་ནས་རྒྱལ་ཁབ་ཕྱི་ནང་གི་མཁའ་ལམ་69བཏོད་པ་དང་གྲོང་ཁྱེར་41ལ་གནམ་གྲུ་ཤར་གཏོང་ཐུབ་ཡོད།
—— སྤྱི་ཚོགས་བྱ་གཞག་ཕྱོགས་ཡོངས་ནས་ཡར་རྒྱས་ཕྱིན་པ། བོད་རྙིང་པར་དེང་རབས་ཀྱི་དོན་སྙིང་ལྡན་པའི་སློབ་གྲྭ་གཅིག་ཀྱང་མེད་པ་དང་སྒེར་བཙུགས་སློབ་གྲྭ་ཁག་གཅིག་ཡོད་པ་དེ་དག་ནི་དབང་སྒྱུར་གྲལ་རིམ་ཁོ་ནར་དབང་བ་དང་འཕྲོད་བསྟེན་དང་སྨན་བཅོས་བྱ་གཞག་ཧ་ཅང་རྗེས་ལུས་ཡིན། མིག་སྔར་བོད་ཀྱི་དེང་རབས་སློབ་གསོའི་མ་ལག་ཕྱོགས་ཡོངས་ནས་བསྐྲུན་པར་བརྟེན་གཞོན་ནུ་དང་དར་མའི་ཡིག་རྨོངས་དེ་ཞི་བས་བཅིངས་འགྲོལ་མ་བཏང་གོང་གི་95%ནས་0.6%བར་ཆག་པ་དང་རྒྱལ་ཡོངས་ཀྱི་སྔོན་ལ་སློབ་ལོ་མ་ལོན་གོང་དང་མཐོ་རིམ་སློབ་འབྲིང་བར་ལོ་བཅོ་ལྔའི་རིན་མེད་སློབ་གསོ་ལག་བསྟར་བྱས་པ་དང་ལྗོངས་ཡོངས་ཀྱི་ཆ་སྙོམས་མི་རེར་སློབ་གསོ་ཐོབ་པའི་ལོ་ཚད་ལོ་8.6ཟིན་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཡོངས་ལ་ཁྱབ་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་དྲ་བ་ཕྱོགས་ཡོངས་ནས་ཆགས་པ་དང་བོད་ལུགས་གསོ་རིག་དང་། ཕྱི་ལུགས་གསོ་རིག། ཀྲུང་ལུགས་གསོ་རིག་བཅས་ཟུང་དུ་འབྲེལ་བའི་སྤྱི་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་ཕྱིན་པ་དང་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་1463ཟིན་ཡོད་ལ། བོད་ལུགས་གསོ་རིག་དང་བོད་སྨན་སྲུང་སྐྱོང་དང་། རྒྱུན་འཛིན། འཕེལ་རྒྱས་བཅས་གང་ལེགས་བྱུང་ཡོད།
བོད་ཀྱི་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་ཐོག་མཐའ་བར་གསུམ་དུ་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རྒྱབ་སྐྱོར་ཐོབ་ཡོད། ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་ལས་དོན་ལ་རྒྱབ་སྐྱོར་གནང་ཞིང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་བར་བརྟེན་བོད་ཀྱི་དེང་རབས་ཅན་གྱི་འཕེལ་རྒྱས་ལ་སྐུལ་མ་ནུས་ལྡན་ཐེབས་ཡོད། ལོ་23ནང་རང་ལྗོངས་ཀྱི་དཔལ་འབྱོར་10%ཡན་འཕར་རྒྱུ་རྒྱུན་འཁྱོངས་བྱུང་བ་དང་ན་ནིང་གི་མྱུར་ཚད་དེ་ཁྲུང་ཆིང་གྲོང་ཁྱེར་དང་མཉམ་དུ་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། ལྷག་པར་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་ཀྲུང་དབྱང་གིས་སྔ་རྗེས་སུ་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་འཚོགས་ཏེ་བོད་མགྱོགས་མྱུར་འཕེལ་རྒྱས་གཏོང་རྒྱུར་དམིགས་བསལ་གྱི་གཟིགས་སྐྱོང་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་གཏན་འཁེལ་གནང་བ་མ་ཟད། ནོར་སྲིད་དང་། དངུལ་རྩ། ཁྲལ་འབབ། དངོས་ཟོག ལག་རྩལ། ཤེས་ལྡན་པ་སོགས་ཀྱི་ཐད་ནས་རྒྱབ་སྐྱོར་དང་རོགས་རམ་ཤུགས་ཆེན་གནང་ཡོད། 2015ལོར་འཚོགས་པའི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་བོད་ཀྱི་ལས་དོན་གྱི་མཛུབ་ཁྲིད་བསམ་བློ་དང་། དམིགས་ཚད་བླང་བྱ། བྱེད་ཐབས་གལ་ཆེན་བཅས་ཁ་གསལ་བཏོན་པ་དང་འབྲེལ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྔར་བས་སྐུལ་འདེད་གཏོང་རྒྱུར་འཐབ་ཇུས་བཀོད་སྒྲིག་གནང་བ་དང་བོད་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་རྒྱུར་སྟོབས་དང་ལྡན་པའི་འདེགས་སྐྱོར་དང་འགན་ལེན་གལ་ཆེན་མཁོ་འདོན་གནང་བ་དང་འབྲེལ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཕྱེ་བ་དང་བོད་ཀྱི་ལས་དོན་སྔར་བས་ཡག་པོ་སྒྲུབ་ཆེད་ང་ཚོར་ཁ་ཕྱོགས་བསྟན་ཡོད།
བོད་འདི་ཉིད་དེང་རབས་ཅན་དུ་འགྱུར་བའི་འཕེལ་རྒྱས་ཀྱི་རླབས་ཆེན་ལག་ལེན་ཐོག་ནས། གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་མེད་པ་དང་། ད་ཆའི་བོད་ཀྱི་གྲ་རྒྱས་དང་འཕེལ་རྒྱས་མེད་པ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་འཚོ་བ་གསར་པ་མེད་པ་བཅས་ར་འཕྲོད་གང་ལེགས་བྱུང་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་འདི་ཉིད་མེས་རྒྱལ་གྱི་དེང་རབས་ཅན་གྱི་བརྒྱུད་རིམ་ནང་ཞུགས་ཚེ་གཞི་ནས་རྒྱུན་ཆད་མེད་པར་གྲ་རྒྱས་འཕེལ་རྒྱས་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཡོང་ཐུབ།
ང་ཚོས་ངེས་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ་བཅས་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ལྷག་པར་དུ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་དང“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་རྒྱུའི”མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་གིས་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས། ཏང་གི་བོད་སྐྱོང་མཛད་ཇུས་མཐའ་འཁྱོངས་བཅས་བྱས་ཏེ་ཁྲིམས་བཞིན་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དེ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་བོད་ཀྱི་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་སར་བྱེད་པ་དང་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས་བློ་བརྟན་འགྱུར་མེད་ངང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བ་དང་། བློ་བརྟན་འགྱུར་མེད་ངང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བློ་བརྟན་འགྱུར་མེད་ངང་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ། བློ་བརྟན་འགྱུར་མེད་ངང་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་བོད་ཀྱི་ཡུན་རིང་བདེ་འཁོད་འགན་ལེན་དང་། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུ་འགན་ལེན། མི་རིགས་ཁག་གི་མི་དམངས་ཀྱི་དངོས་པོ་དང་རིག་གནས་འཚོ་བ་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་རྒྱུ་འགན་ལེན། སྣོད་བཅུད་ཁོར་ཡུག་བཟང་པོ་འགན་ལེན་བཅས་བྱས་ཏེ་བདེ་སྡོད་ལས་བརྩོན་དང་། འགན་ལེན་ནུས་ལྡན། ཁྱིམ་གཞིས་མཛེས་སྡུག མི་རིགས་མཐུན་སྒྲིལ། ཤེས་དཔལ་ཞི་མཐུན་བཅས་ཀྱི་འབྱོར་འབྲིང་སྤྱི་ཚོགས་ཧུར་ཐག་སྐྲུན་དགོས།
བོད་ཀྱི་སྤྱི་ཚོགས་དང་ལོ་རྒྱུས་འཕེལ་རྒྱས་ཀྱི་རླབས་རྒྱུན་འགོག་མི་ཐུབ། བོད་ཞི་བས་བཅིངས་འགྲོལ་གཏོང་རྒྱུ་དེ་བོད་ཀྱི་སྤྱི་ཚོགས་ཡར་རྒྱས་ཀྱི་བླང་བྱ་དང་བོད་མི་དམངས་ཀྱི་རྩ་བའི་འདུན་པ་དང་མཐུན་ཡོད། བོད་ཀྱི་འབྱུང་འགྱུར་དེ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་དབང་བ་དང་ཀྲུང་ཧྭ་མི་རིགས་ཧྲིལ་པོར་དབང་ཡོད་ལ། བོད་ཀྱི་འབྱུང་འགྱུར་དེ་བས་མཛེས་སྡུག་དང་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་ཞིག་ཡོང་ངེས་རེད། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་པའི་བརྒྱུད་རིམ་ནང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་ཐོག་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱས་ཏེ་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་གསར་པ་མངོན་འགྱུར་བྱ་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣