དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་ལྷ་སའི་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  索朗旺堆   |     སྤེལ་དུས།  2016-05-24

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་ལྷ་སའི་ལྷ་ཀླུ་འདམ་ར་དང་། ལྷོ་རིའི་ནགས་བཟོ་སྲུང་སྐྱོང་འཛུགས་སྐྲུན་བྱ་ཡུལ་དང་བཙོག་ཆུ་གཙང་གསིང་། ནུས་རྒྱུ་གྲོན་ཆུང་དང་ཨར་ལས་རྒྱུ་ཆ་ཁེ་ལས་བཟོ་གྲྭ་བཅས་སུ་ཕེབས་ཏེ་ས་གནས་ས་ཐོག་ཏུ་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་ལས་དོན་ཐད་བརྟག་ཞིབ་གནང་བ་རེད།

    ལྷ་ཀླུ་འདམ་ར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནི་འཛམ་གླིང་ཐོག་ས་བབ་མཐོ་ཤོས་དང་རྒྱལ་ནང་གི་གཞི་ཁྱོན་ཆེ་ཤོས་ཀྱི་གྲོང་ཁྱེར་གྱི་སྐམ་སའི་དབུས་ཁུལ་གྱི་རང་བྱུང་འདམ་ར་ཞིག་ཡིན་པས“ལྷ་སའི་གློ་བ”ཞེས་བརྗོད་ཀྱི་ཡོད།

    སྲུང་སྐྱོང་ཁུལ་དུ་སྐྱོད་སྐབས། བརླན་གཤེར་ལྡན་པའི་དྭངས་གཙང་གི་མཁའ་རླུང་རྔུན་རྒྱུ་ཡོད་ལ་སྔོ་ལྗང་གི་རྩྭ་དང་ལྷུང་ལྷུང་དུ་རྒྱུགས་པའི་ཆུ་མོ་མིག་ལམ་དུ་འཆར་འོང་། བློ་བཟང་རྒྱལ་མཚན་གྱིས་ཕེབས་ཀྱིན་དུ་དེར་གཟིགས་ནས་འདམ་རའི་སྣོད་བཅུད་སྲུང་སྐྱོང་ལས་དོན་ཐད་གདེང་འཇོག་གང་ལེགས་གནང་ཞིང་། ཁོང་གིས་ཏང་དང་སྲིད་གཞུང་གིས་ལྷ་ཀླུ་འདམ་ར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་སྲུང་སྐྱོང་དང་སྣོད་བཅུད་སླར་གསོའི་ཐད་ཚད་མཐོའི་མཐོང་ཆེན་བྱས་ནས་ལོ་20ལྷག་ཙམ་རིང་སྲུང་སྐྱོང་གི་ལས་གྲྭ་བསྟུད་མར་ཐེངས་གསུམ་གཉེར་བ་ལས་བོད་ཀྱི་སྣོད་བཅུད་ཁོར་ཡུག་ལེགས་པ་དང་། ས་མཐོའི་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་ནམ་ཡང་གནས་པའི་མཚོན་བྱེད་ཞིག་ཏུ་གྱུར་པའི་གྲུབ་འབྲས་དེ་ནི་ལས་སླ་པོར་བྱུང་བ་ཞིག་མིན། འདམ་རའི་སྲུང་སྐྱོང་ལས་གྲྭ་ལག་བསྟར་མུ་མཐུད་གཏིང་ཟབ་བྱས་ནས་འདམ་ར་སྲུང་སྐྱོང་གི་དྲིལ་བསྒྲགས་སློབ་གསོ་ཧུར་ཐག་སྤེལ་ཏེ་དོ་དམ་བྱ་ཤུགས་ཆེ་རུ་གཏོང་བ་ལས་ལྷོད་དུ་མི་གཏོང་བ་དང་། འདམ་རའི་གཞི་ཁྱོན་རྒྱ་ཆེ་རུ་གཏོང་བ་ལས་ཆུང་དུ་མི་གཏོང་བ། སྣོད་བཅུད་ནུས་པ་ཆེ་རུ་གཏོང་བ་ལས་ཆུང་དུ་མི་གཏོང་བ་བཅས་བྱེད་དགོས་པ་བསྟན་གནང་ཡོད།

    ལྷ་སའི་ལྷོ་རིའི་སྣོད་བཅུད་གླིང་དེ་ཕོ་བྲང་པོ་ཏ་ལ་དང་ཁ་སྤྲོད་དུ་གནས་ཡོད། ལོ་གསུམ་ལྷག་ཙམ་གྱི་འཛུགས་སྐྲུན་བརྒྱུད་རི་ཐོག་ཏུ་ནགས་ཚལ་འདེབས་ཚད་མུའུ་2000ལྷག་ཙམ་ཟིན་པ་དང་། ལྷོ་རིའི་སྔོ་འགྱུར་དང་སྣོད་བཅུད་གླིང་གི་མ་ལག་ཀྱང་སྐྲུན་བཞིན་ཡོད། བློ་བཟང་རྒྱལ་མཚན་གྱིས་ཤིང་འཛུགས་ནགས་གསོ་དང་། མཛེས་ལྗོངས་འཆར་འགོད། ཁྲོམ་རའི་གཉེར་སྐྱོང་བཅས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་འབྲེལ། རྐང་ཐང་མར་ཕེབས་ནས་གླིང་དེའི་འཕེལ་རྒྱས་དང་ལྗོན་ཤིང་སྐྱེ་འཚར་ལ་བརྟག་ཞིབ་གནང་ཞིང་། ཁོང་གིས་མི་རབས་སྔོན་མས་བཙུགས་པའི་ལྗོན་ཤིང་ཚོགས། མི་རབས་རྗེས་མས་ཚ་གདུག་སེལ་ས་བྱེད། “སྔོ་ལྗང་རི་ཀླུང་ནི་གསེར་རི་དངུལ་རི”དང“སྣོད་བཅུད་ཁོར་ཡུག་བཟང་པོ་ནི་ཆེས་ཡོངས་ཁྱབ་ཀྱི་དམངས་འཚོའི་བདེ་རྩ་ཡིན་པའི”འདུ་ཤེས་བརྟན་པོ་བཙུགས་ཏེ་ལོ་རེ་བཞིན་རིམ་གསོག་དང་། ཆུང་བ་ནས་ཆེ་རུ་གཏོང་བ། རྒྱུན་སྲིང་ལྷོད་མེད། ཡུན་རིང་བྱས་རྗེས་འཇོག་པ་བཅས་བྱས་ནས་ཤིང་འཛུགས་ནགས་གསོ་བྱ་རྒྱུར་སྐུལ་འདེད་བཏང་སྟེ་གངས་ལྗོངས་ས་མཐོའི་རི་ཀླུང་སྔོ་ལྗང་ཅན་ཏུ་གྱུར་པ་དང་མི་དམངས་མང་ཚོགས་ཀྱི་འཚོ་བའི་ཁོར་ཡུག་དེ་བས་མཛེས་སུ་གཏོང་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།