དབུ་ཤོག>སྲིད་དོན།
  • སྟེང་ཆེན་གྱི་ཡོམ་འགོག་གེགས་སེལ་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུར་བཀོད་སྒྲིག་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次仁曲珍   |     སྤེལ་དུས།  2016-05-20

    ཚེས་18ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་སུན་ཁྲུན་ལན་གྱི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་གནང་བ་དང་། ཆབ་མདོ་སྟེང་ཆེན་གྱི་ཡོམ་འགོག་གེགས་སེལ་ལས་དོན་ཡག་པོ་སྒྲུབ་རྒྱུར་སྔར་བས་བཀོད་སྒྲིག་གནང་སྟེ་ནུས་ཤུགས་གང་ཡོད་བཏོན་ནས་གྱོང་གུན་ཚད་གཞི་དམའ་ཤོས་སུ་གཏོང་བ་དང་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

    ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་སྒྲུབ་ཀྱིས་རང་སྐྱོང་ལྗོངས་ཀྱི་ཚབ་ཞུས་ནས་སྟེང་ཆེན་རྫོང་གི“5·11”ས་ཡོམ་གྱི་ཡོམ་འགོག་གེགས་སེལ་དང་གནོད་འཚེ་ཞིབ་བཤེར་མཉམ་འབྲེལ་ལས་དོན་ཚོགས་ཆུང་ལ་མཛུབ་ཁྲིད་གནང་བ་དང་ཆབ་མདོ་སྟེང་ཆེན་གྱི་ཡོམ་འགོག་གེགས་སེལ་གྱི་གནས་ཚུལ་གསར་ཤོས་སྙན་སྒྲོན་གནང་བ་རེད།

    ཚོགས་འདུའི་ཐོག་ས་ཡོམ་གྱི་འཕྲལ་སྒྲུབ་རོགས་སྐྱོབ་ལས་དོན་ཁག་ལ་ཁས་ལེན་གང་ལེགས་གནང་བ་དང་འབྲེལ། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་ཆབ་མདོ་གྲོང་ཁྱེར་གྱིས་ཙུང་ལི་ལི་ཁེ་ཆང་དང་། པུའུ་ཀྲང་སུན་ཁྲུན་ལན། རྒྱལ་དོན་ཨུ་ཡོན་ཝང་ཡུང་སོགས་ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་ཏན་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་གཞིར་བཟུང་མུ་མཐུད་ཚད་མཐོའི་མཐོང་ཆེན་དང་། རང་འགན་ཡག་པོ་འཁུར་བ། མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ། མཉམ་ལས་དང་གཞོགས་འདེགས། བཀོད་སྒྲིག་ཞིབ་ཚགས་བཅས་བྱས་ཏེ་གཤམ་གྱི་ལས་དོན་ཁག་ལ་ནུས་ལྡན་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་བ་སྟེ།

    གཅིག་ནས། འཚོ་བའི་རོགས་སྐྱོབ་དངུལ་དང་། བར་བརྒལ་བུད་རྫས་འགྲོ་གྲོན། གནས་སྤོ་བཀོད་སྒྲིག་འགྲོ་གྲོན་སོགས་བཟོ་བ་དང་གང་མགྱོགས་དོན་འཁྱོལ་བྱས་ཏེ་ཆབ་མདོ་གྲོང་ཁྱེར་གྱིས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་བར་བརྒལ་བཀོད་སྒྲིག་ཡག་པོ་བྱ་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱས་ཐོག་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་བྱེད་དགོས་པ་དང་།

    གཉིས་ནས། “ཆབ་མདོ་གྲོང་ཁྱེར་གཙོ་བོར་བྱས་པའི་རང་སྐྱོང་ལྗོངས་ཀྱི་སྡེ་ཚན་ཁག་གིས་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་དང་རྒྱབ་སྐྱོར་ཤུགས་ཆེན་བྱེད་པའི”ཡོམ་འགོག་གེགས་སེལ་ལས་ཀའི་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་དགོས། རང་སྐྱོང་ལྗོངས་མཉམ་འབྲེལ་ལས་དོན་ཚོགས་ཆུང་གིས་མཛུབ་ཁྲིད་དང་། སྤྱི་འདོམས། མཐུན་སྦྱོར་སོགས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ་དང་། ཆབ་མདོ་གྲོང་ཁྱེར་གྱིས་ཁོངས་གཏོགས་ཁུལ་གྱི་དོ་དམ་འགན་འཁྲི་ཕྲག་ཏུ་འཁུར་བ། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་ཁག་གིས་འཐབ་ཕྱོགས་དང་པོར་ལས་དོན་སྒྲུབ་པ་བཅས་བྱས་ཏེ་བར་བརྒལ་བཀོད་སྒྲིག་ཡག་པོ་བྱེད་པ་དང་། ཞོར་ཐོན་གནོད་འཚེ་ཐོན་རྒྱུ་སྔོན་འགོག་བྱེད་པ། འགྲོ་ལམ་དང། གློག་ཤུགས། འཕྲིན་གཏོང་། འཐུང་ཆུ་བཅས་མྱུར་བཟོ་དང་ཤར་གཏོང་འགན་ལེན་སོགས་ཀྱི་ལས་དོན་བསྒྲུབ་རྒྱུར་མཉམ་ལས་བྱས་ཐོག་གེགས་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གང་མགྱོགས་སླར་གསོ་བྱེད་དགོས་པ།

    གསུམ་ནས། རང་སྐྱོང་ལྗོངས་མཉམ་འབྲེལ་ལས་དོན་ཚོགས་ཆུང་གི་འགོ་ཁྲིད་འོག་ས་ཡོམ་དང་། སྡོད་ཁང་འཛུགས་སྐྲུན། འགྲིམ་འགྲུལ། ཆུ་བེད། ཞིང་འབྲོག གློག་ཤུགས། འཕྲིན་གཏོང་སོགས་འབྲེལ་ཡོད་སྡེ་ཚན་གྱིས་གང་མགྱོགས་འབྲེལ་ཡོད་རིགས་གཅིག་མཁས་ཅན་དང་སྒྲིག་གཞི་ཕུང་གསུམ་པ་སྒྲིག་འཛུགས་བྱས་ནས་ས་གནས་ས་ཐོག་ཏུ་གནོད་འཚེའི་གྱོང་གུན་ཚོད་སྐོར་བྱས་ཏེ་གནོད་འཚེ་ཚོད་སྐོར་ཚོད་རྩིས་དང་ས་ཡོམ་གནོད་འཚེའི་གྱོང་གུན་གྱི་སྙན་ཞུ་འབྲི་བ་དང་ས་ཡོམ་གྱི་གནོད་འཚེ་དང་བར་བརྒལ་བཀོད་སྒྲིག་སྙན་ཞུ་འབྲི་འགོ་བཙུགས་ནས་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཚན་ལ་སྙན་ཞུ་འབུལ་བ་དང་འབྲེལ་གཏུག་ཧུར་ཐག་བྱེད་དགོས་པ།

    བཞི་ནས། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་འཕྲལ་མར་བྱ་སྤྱོད་སྤེལ་ནས་གནོད་འཚེ་ཕོག་རྗེས་སླར་གསོ་བསྐྱར་སྐྲུན་གྱི་འབྲེལ་ཡོད་འཆར་འགོད་བཟོ་རོགས་བྱེད་པ་དང་། ལྷག་པར་དུ་དབུལ་སྒྲོལ་འགག་སྒྲོལ་དང་། ཡུལ་གཞན་དུ་གནས་སྤོའི་ལས་དོན། སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་གྱི་བླང་བྱ་དོན་འཁྱོལ་བཅས་དང་ཟུང་འབྲེལ་བྱས་ཏེ《གནོད་འཚེ་ཕོག་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་གྱི་སྤྱིའི་འཆར་འགོད》དང《གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་གྱི་ཞིབ་ཕྲའི་འཆར་འགོད》ཡག་པོ་བཟོ་དགོས་པ།

    ལྔ་ནས། གེགས་ཁུལ་གྱི་ས་བབ་མཐོ་བ་དང་གནམ་གཤིས་འགྱུར་ལྡོག་མང་བ་དང་ལྷག་པར་དུ་དགུན་ཁ་ཤར་རྗེས་གྲང་ངར་ཆེ་ལ་ལྷགས་པ་མང་བས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱས་ཏེ་སླར་གསོ་བསྐྱར་སྐྲུན་གྱི་སྲིད་ཇུས་བྱེད་ཐབས་གང་མགྱོགས་འདོན་པ་དང་གནོད་འཚེ་ཕོག་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་སྤེལ་འགོ་བཙུགས་ཐོག་གེགས་ཁུལ་དུ་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་སོགས་ཐད་ནས་སྔོན་ལ་གཟིགས་སྐྱོང་བྱེད་དགོས་པ།

    དྲུག་ནས། གེགས་སེལ་དངོས་རྫས་དང་དངུལ་དོ་དམ་བྱེད་པའི་ལས་ཀའི་བླང་བྱ་དོན་འཁྱོལ་བྱས་ཏེ་གེགས་སེལ་དངོས་རྫས་དང་མ་དངུལ་བཀོད་སྒྲིག་བྱ་རྒྱུར་མུ་མཐུད་ཤུགས་སྣོན་བརྒྱབ་ནས་འཁྱག་དུས་གོས་དང་ལྟོགས་དུས་ཟས་སྐྱེལ་བ་དང་། གནད་སྨིན་གེགས་སེལ་བྱས་ཐོག་ཆེད་དངུལ་ཆེད་སྤྱོད་དང་ཆེད་དངོས་ཆེད་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས་པ།

    བདུན་ནས། གེགས་ཁུལ་གྱི་གཞི་རིམ་རྩ་འཛུགས་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ་མང་ཚོགས་སྒྲིག་འཛུགས་དང་། མང་ཚོགས་སྐུལ་སློང་། མང་ཚོགས་ལ་སློབ་གསོ་རྒྱག་པ་བཅས་བྱས་ནས་ཡིད་ཆེས་འཕེལ་བ་དང་། རོགས་རེས་བྱེད་པ། སྒུག་རྟེན་མི་བྱེད་པ། ཐོན་སྐྱེད་ཧུར་བརྩོན། རང་སྐྱོབ་བྱེད་པ། ཁྱིམ་གཞིས་བསྐྱར་སྐྲུན་བཅས་བྱེད་དགོས་པ་དེ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།