དབུ་ཤོག>སྲིད་དོན།
  • བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་རྒྱལ་ཁབ་ལྕགས་ལམ་ཅུས་ཀྱི་བོད་སྐྱོད་བརྟག་ཞིབ་ཚོགས་ཆུང་དང་བཞུགས་མོལ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-05-17

    ཟླ་5ཚེས་15ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་དང་རྒྱལ་ཁབ་ལྕགས་ལམ་ཅུས་ཀྱི་བོད་སྐྱོད་བརྟག་ཞིབ་ཚོགས་ཆུང་དབར་གྱི་བཞུགས་མོལ་ཚོགས་འདུ་དེ་ལྷ་སར་འཚོགས་ནས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ཀྱི་ལྕགས་ལམ་བྱ་གཞག་འཕེལ་རྒྱས་མྱུར་པོ་ཡོང་བའི་ཐད་སྤེལ་རེས་གཏིང་ཟབ་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་དང་འགྲིམ་འགྲུལ་སྐྱེལ་འདྲེན་པུའི་པུའུ་ཀྲང་གཞོན་པ་རྒྱལ་ཁབ་ལྕགས་ལམ་ཅུས་ཀྱི་ཅུས་ཀྲང་ལུའུ་ཏུང་ཧྥུའུ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཏིང་ཡེ་ཤན་དང་དེ་བཞིན་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་། རྒྱལ་ཁབ་ལྕགས་ལམ་ཅུས། ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་ཀུང་སི་བཅས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་དང་ཀྲུང་གོ་ལྕགས་ལམ་ཁང་དང་པོ་དང་ཁང་གཉིས་པའི་འགན་འཁུར་བ་ཚོགས་འདུར་ཞུགས་ཡོད་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་དུས་ཡུན་རིང་པོའི་ནང་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་རྒྱལ་ཁབ་ལྕགས་ལམ་ཅུས་སོགས་རྒྱལ་ཁབ་པུའུ་ཨུད་དང་ཀྲུང་དབྱང་ལྕགས་ལམ་ཁེ་ལས་ཀྱིས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ལ་སྣང་ཆེན་དང་ཁྱོན་ཡོངས་ལ་ལྟ་རྟོག་གིས་བོད་འཕེལ་རྒྱས་མྱུར་པོ་ཡོང་བ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་མ་གཏོང་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་རྒྱབ་སྐྱོར་བྱ་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བས་བོད་ཀྱི་ལྕགས་ལམ་བྱ་གཞག་འཕེལ་རྒྱས་ལ་དགའ་འོས་པའི་རྣམ་པ་ཞིག་ཐོན་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བར་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་ཅེས་གསུངས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་ལྷ་ཉིང་ལྕགས་ལམ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་དང་། ཁྲོན་བོད་ལྕགས་ལམ་དང་གཞིས་རྩེ་ནས་སྐྱིད་གྲོང་བར་སོགས་ཀྱི་ལྕགས་ལམ་གྱི་དུས་འགོའི་ལས་ཀ་བྱེད་མགྱོགས་སུ་གཏོང་བ། ཚན་ཞིབ་མཉམ་འབྲེལ་འགག་སྒྲོལ་ལ་ཤུགས་སྣོན་དང་ལྕགས་ལམ་གྱི་ལམ་སྒྲོམ་བརྟན་པོ་བཟོ་བ།ནང་ཁོངས་དང་ཕྱི་ཕྱོགས་ཀྱི་ཤར་བགྲོད་ལམ་བུ་བསྐྲུན་རྒྱུར་སྐུལ་མ་གཏོང་བ། རྨང་གཞི་བརྟན་གཏོང་དང་། ཡིད་ཆེས་ཆེར་གཏོང་། མི་སེམས་གོང་བུ་གཅིག་སྒྲིལ་བྱེད་པ་བཅས་ཀྱི་ཐོག་ནས་བོད་ལྗོངས་འདི་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་དམིགས་ཚད་མངོན་འགྱུར་ཡོང་རྒྱུར་སྐུལ་མ་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ལུའུ་ཏུང་ཧྥུའུ་ཡིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་པར་གདེང་འཇོག་ཆེན་པོ་གནང་ཞིང་། ཁོང་གིས་ཀྲུང་དབྱང་གི“རྒྱུད་གཅིག་ལམ་གཅིག”གི་འཐབ་ཇུས་དང་བོད་ལྗོངས་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་དང་། ལྷག་པར་དུ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་ནན་ཏན་བྱས་ཏེ་རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་རྩ་གནད་ཀྱི་མཛུབ་ཁྲིད་འོག་བརྟག་ཞིབ་ཚགས་ཚུད་ཞིབ་ཚགས་ཁར་བོད་ཀྱི་བསམ་འཆར་ལ་བསམ་ཤེས་གང་ལེགས་བྱས་ཏེ“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ད་ཡོད་ལྕགས་ལམ་ལ་བརྟེན་ནས་ལག་རྩལ་སྒྱུར་བཅོས་དང་ནུས་པ་ཆེ་རུ་གཏོང་བ་དང་། སྤུས་ལེགས་དང་ནུས་ཆེའི་སྒོ་ནས་ལྷ་ཉིང་ལྕགས་ལམ་བསྐྲུན་མགྱོགས་སུ་བཏང་སྟེ། ཁྲོན་བོད་ལྕགས་ལམ་དང་གཞིས་རྩེ་ནས་འགག་སྒོ་སོགས་ཀྱི་ལྕགས་ལམ་གྱི་རྣམ་གྲངས་གལ་ཆེན་ཁག་གཅིག་གི་དུས་འགོའི་ལས་ཀ་གཏིང་ཟབ་སྤེལ་བ་དང་། ལས་འགོ་འཛུགས་ཐུབ་པ། བོད་ཀྱི་ལྕགས་ལམ་མགྱོགས་མྱུར་འཕེལ་རྒྱས་ཡོང་བའི་འཕེལ་ཤུགས་རྒྱུན་འཁྱོངས་ཐུབ་པ་བཅས་བྱས་ཏེ་བོད་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་དགོས་མཁོ་དང་འཚམ་པ་བྱེད་དགོས་ཞེས་གསུངས་པ་རེད།

    བཞུགས་མོལ་ཚོགས་འདུའི་རིང་། ཀྲུང་གོ་ལྕགས་ལམ་ཅུས་ཚན་རྩལ་ཁྲིམས་སྲོལ་སི་ཡིས་བོད་དུ“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་ལྕགས་ལམ་འཕེལ་རྒྱས་ཀྱི་གཙོ་གནད་དང་འཆར་གཞི་བཀོད་སྒྲིག་སྙན་སེང་ཞུས་པ་མ་ཟད། ཇུས་འགོད་ཚན་པས་ཁྲོན་བོད་ལྕགས་ལམ་དང་གཞིས་རྩེ་ནས་འགག་སྒོ་བར་གྱི་ལྕགས་ལམ་གྱི་ཆོག་འཐུས་སྔོན་དཔག་ཞིབ་འཇུག་གནས་ཚུལ་ངོ་སྤྲོད་ཀྱང་བྱས་པ་རེད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ཀྱིས་ཁྲོན་བོད་ལྕགས་ལམ་གཡག་རྔ་ནས་ཉིང་ཁྲི་བར་དང་། གཞིས་རྩེ་ནས་སྐྱིད་གྲོང་བར་གྱི་ལྕགས་ལམ། གཞིས་རྩེ་ནས་གྲོ་མོ་བར་གྱི་ལྕགས་ལམ་སོགས་ལས་འགོ་འཛུགས་རྒྱུ་དང་གསར་དུ་འདིང་རྒྱུའི་ལྕགས་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་2000ཙམ་ཡོད་པ་དང་ལྕགས་ལམ་འདིང་རྒྱུར་ཁྱོན་སྒོར་དུང་ཕྱུར་1600གཏོང་རྩིས་ཡོད་ལ། ཡུན་བོད་དང་ཤིན་བོད་ལྕགས་ལམ་གྱི་དུས་འགོའི་ལས་ཀར་ཞིབ་འཇུག་ཀྱང་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།