དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་འགྲིམ་འགྲུལ་སྐྱེལ་འདྲེན་པུའི་བོད་སྐྱོད་བརྟག་ཞིབ་ཚོགས་ཆུང་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛曲珍   |     སྤེལ་དུས།  2016-05-13

    ཚེས་11ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་ལྷ་སར་འགྲིམ་འགྲུལ་སྐྱེལ་འདྲེན་པུའི་དེ་སྔའི་པུའུ་ཀྲང་། 《བོད་ཀྱི་གཞུང་ལམ་འཛུགས་སྐྲུན་གྱི་ཟིན་ཐོ》རྩོམ་སྒྲིག་ཨུ་ལྷན་གྱི་ཀྲུའུ་རེན་ཧོང་ཀྲེན་ཏུང་བཅས་པ་དང་མཇལ་འཛོམས་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་། རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཐིང་ཀྲང་བཅས་ཡིན་པའི་ཅང་ཅེ་ལྷན་དུ་ཕེབས་ཡོད་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་། ཧྲུའུ་ཅི་ཁྲེན་ཆོན་གོ་བཅས་ཀྱི་ཚབ་ཞུས་ནས་ཧོང་ཀྲེན་ཏུང་གིས་ལས་དོན་ཚོགས་ཆུང་གི་སྣེ་ཁྲིད་ནས་བོད་དུ་བརྟག་ཞིབ་གནང་བར་ཕེབས་པར་དགའ་བསུ་ཞུས་པ་དང་སྦྲགས། དུས་ཡུན་རིང་པོའི་ནང་འགྲིམ་འགྲུལ་སྐྱེལ་འདྲེན་པུས་བོད་ཀྱི་བྱ་གཞག་ཁག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་གསུངས་དོན། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་སོགས་རྒྱལ་ཁབ་པུའུ་ཨུད་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག བོད་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་གོང་འཕེལ་མྱུར་པོ་ཕྱིན་ཡོད་ཅིང་། ལྷ་ཉིང་རིམ་མཐོའི་གཞུང་ལམ་ལས་འགོ་ཚུགས་པའི་ལམ་དུམ་བུ་དང་། ཉིང་ཁྲི་སྨན་གླིང་གནམ་ཐང་གི་མྱུར་བགྲོད་གཞུང་ལམ། བསྐལ་ལ་རི་བོའི་ཕུག་ལམ། ཡར་ཀླུང་གཙང་པོའི་ཟམ་ཆེན་བཅས་བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་ཡོད། མེ་ཏོག་གཞུང་ལམ་ཧྲིལ་པོར་རླངས་འཁོར་ཤར་གཏོང་ཐུབ་ནས་གཞུང་ལམ་ཤར་གཏོང་མ་ཐུབ་པའི་རྒྱལ་ཡོངས་ཀྱི་རྫོང་གཅིག་པུ་དེ་ལོ་རྒྱུས་སུ་འགྱུར་པ་དང་། ཁྲོན་བོད་གཞུང་ལམ་ཐང་སྨད་དུམ་བུའི་སྒྱུར་བཀོད་རྒྱས་སྐྲུན་ལས་གྲྭར་རླངས་འཁོར་ཤར་གཏོང་ཐུབ་ནས་ཐང་སྨད་འགག་འཕྲང་དེ་ཉིད་ལོ་རྒྱུས་སུ་འགྱུར་པ། ལྷ་ཉིང་རིམ་མཐོའི་གཞུང་ལམ་གྱི་དུས་མཚམས་གཉིས་པ་དང་ལྷ་སའི་གྲོང་སྐོར་ལམ་སོགས་གཙོ་གནད་གཞུང་ལམ་རྣམ་གྲངས་ཁག་གཅིག་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བཞིན་ཡོད་པ་བཅས་རེད། ལྷ་གཞིས་ལྕགས་ལམ་བསྐྲུན་ཟིན་ནས་ལས་གཉེར་བྱེད་བཞིན་ཡོད་པ་དང་ལྷ་ཉིང་ལྕགས་ལམ་ཁྱོན་ཡོངས་ནས་ཨར་སྐྲུན་འགོ་བཙུགས་ཟིན་ཡོད། གོང་དཀར་དང་། སྨན་གླིང་། སྤོམ་མདའ་བཅས་ཀྱི་གནམ་ཐང་བསྐྱར་སྐྲུན་རྒྱས་སྐྲུན་གྱི་ལས་གྲྭའི་འཕེལ་རིམ་བདེ་བླག་ཡོད་པ་སོགས་ལས་འབུར་གཟུགས་ཅན་གྱི་འགྲིམ་འགྲུལ་མ་ལག་ཕན་ཚུན་འབྲེལ་མཐུད་དང་། ཤར་གཏོང་ཐུབ་ཚད། ཕྱོགས་བསྡུས་འགན་སྲུང་ནུས་པ་བཅས་མཐོ་རུ་ཤུགས་ཆེན་ཕྱིན་ཡོད་པ་རེད།

    ཧོང་ཀྲེན་ཏུང་གིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གཡུར་དུ་ཟ་བའི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་གནང་ཞིང་། ཁོང་གིས་གསུངས་དོན། འགྲིམ་འགྲུལ་འཛུགས་སྐྲུན་བྱ་རྒྱུ་དེ་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་དང་འབྲེལ་བ་ཡོད་པས། དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད། བརྟག་ཞིབ་ཚོགས་ཆུང་དང་བཅས་པས་བོད་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་གྱི་གཞུང་ལམ་འགྲིམ་འགྲུལ་ཐད་ཐོབ་པའི་གཡུར་དུ་ཟ་བའི་གྲུབ་འབྲས་འགྲེམས་སྟོན་གང་ལེགས་བྱེད་པ་དང་། བོད་ཀྱི་འགྲིམ་འགྲུལ་འཕེལ་རྒྱས་མགྱོགས་མྱུར་འགྲོ་རྒྱུར་ཧུར་བརྩོན་ཆེན་པོས་སྐད་ཆ་ཤོད་རོགས་བྱེད་པ། བོད་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་སྟོབས་ཤུགས་ཡོད་ཚད་ལེགས་སྐྱེས་སུ་འབུལ་བ་བཅས་བྱ་རྒྱུ་ཡིན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།