ཉིན་ཤས་གོང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གཞིས་རྩེའི་ས་སྐྱ་རྫོང་དང་། གཏིང་སྐྱེས་རྫོང་། དིང་རི་རྫོང་། གཉའ་ལམ་རྫོང་བཅས་ལ་སྔ་རྗེས་སུ་ཕེབས་ཏེ་གཞིས་རྩེའི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་དང་དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྤེལ་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་སྐབས་སྙིང་སྟོབས་དང་དད་སེམས་ཆེ་རུ་བཏང་སྟེ་དུས་ཚོད་ཀྱིས་མི་མི་སྒུག་པའི་དགོས་གཏུག་གི་འདུ་ཤེས་དང་དམངས་ལ་བྱ་བ་དངོས་སྒྲུབ་པའི་ལས་ཀའི་སྤྱོད་ཚུལ་ཐོག་ནས་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་ཕྱིར་རྨང་གཞི་བརྟན་པོ་འདིང་དགོས་ཞེས་ནན་བཤད་གནང་བ་རེད།
ས་སྐྱ་རྫོང་རྨ་བྱ་ཤང་རྨ་བྱ་གྲོང་ཚོར་ས་གནས་དེ་གའི་ཞིང་པའི་ཨར་ལས་རུ་ཁག་གིས་མི་སེར་གྱི་ཁང་པ་བསྐྱར་སྐྲུན་བྱེད་བཞིན་ཡོད། བློ་བཟང་རྒྱལ་མཚན་ཁོང་ཚོའི་སར་ཕེབས་ནས་སྨི་ངོས་གྲུ་རེར་མ་གནས་ག་ཚོད་ཡིན་པ་དང་དེ་བཞིན་བསྐྱར་སྐྲུན་མ་དངུལ་དོན་འཁྱོལ་གང་འདྲ་བྱུང་མིན་སོགས་པའི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་ཞིང་། དེ་རྗེས་གྲོང་མི་མགོན་པོ་རྡོ་རྗེའི་ཁྱིམ་གྱི་སྐྲུན་བཞིན་པའི་སྡོད་ཁང་ནང་ཕེབས་ནས་ལས་གྲྭའི་སྤུས་ཚད་གཟིགས་ཞིབ་གནང་བ་རེད། ལུགས་སྒྲོམ་ཅན་གྱི་སྡོད་ཁང་དེར་ཡོམ་འགོག་གི་ནུས་པ་ཆེན་པོ་ལྡན་པ་མཁྱེན་རྗེས་བློ་བཟང་རྒྱལ་མཚན་ཐུགས་བློ་བདེ་པོ་བྱུང་བ་དང་ཁོང་གིས་ལས་དོན་དེ་ངེས་པར་དུ་མཛུབ་ཁྲིད་ཡག་པོ་བྱས་ནས་སྤེལ་དགོས་ཞེས་བཀའ་མངགས་གནང་བ་རེད།
གཏིང་སྐྱེས་རྫོང་རྒྱལ་མཁར་གྲོང་རྡལ་དུ་སྡོད་ཁང་བསྐྱར་སྐྲུན་གྱི་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ཡོད།བློ་བཟང་རྒྱལ་མཚན་གྱིས་དུད་ཚང་ཞིག་གི་མདུན་དུ་ཕེབས་ནས་སྒྲིག་འཛུགས་དང་ལག་བསྟར་བྱ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁྱིམ་བདག་པད་མ་བདེ་སྐྱིད་ཀྱིས་ཨམ་ཕྲག་ནང་ནས《ས་ཡོམ་བསྐྱར་སྐྲུན་དམངས་ཁང་གསལ་ཤེས་དེབ་ཆུང》བཏོན་ཏེ། ཀྲུའུ་ཞི་ལགས་ཏང་དང་སྲིད་གཞུང་གི་རྒྱབ་སྐྱོར་དང་ཚང་མས་ཕན་ཚུན་རོགས་རམ་བྱས་པའི་འོག་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་པའི་སེམས་ཤུགས་དངོས་འབྲེལ་ཆེན་པོ་འདུག་ཅེས་ཞུས་པ་རེད། རྒྱལ་མཁར་གྲོང་རྡལ་གྱི་བསྐྱར་སྐྲུན་གཞུང་ལས་ཁང་གིས་བཟོས་པའི་དེབ་ཆུང་དེའི་ནང་ཁྱིམ་ཚང་གི་གཞི་རྩའི་གནས་ཚུལ་དང་། སྡོད་ཁང་རྙིང་པའི་གཞི་རྩའི་གནས་ཚུལ། གསར་སྐྲུན་བྱ་ཚུལ། མ་དངུལ་གྲབས་གསོག་བྱ་ཚུལ། མ་དངུལ་གཏོང་སྤྲོད་བྱ་ཚུལ། ལས་རིམ་ཞིབ་བཤེར་རྩིས་ལེན་བྱ་ཚུལ། ལས་གྲྭ་འགན་གཙང་ལེན་ཚུལ། ཨར་པོའི་འགན་འཁུར་བ། ཞིབ་བཤེར་རྩིས་ལེན་བྱ་ཚུལ་སོགས་རིགས་ཆེ་བ་བཅུ་གསུམ་ཁ་གསལ་བཀོད་ཡོད། བློ་བཟང་རྒྱལ་མཚན་གྱིས་དེར་གཟིགས་ཀྱིན་མངགས་བརྗོད་ཡང་ཡང་གནང་ཞིང་། ཁོང་གིས་གསལ་ཤེས་དེབ་ཆུང་ནང་གནས་ཚུལ་ཡོངས་བསྒྲགས་དང་། འགན་འཁྲི་ཁ་གསལ་བ། ལྷུ་ཚིགས་ཁག་ཕན་ཚུན་འབྲེལ་གཏུག་ཆེ་བ། ལྷག་པར་དུ་ལས་རིམ་ཞིབ་བཤེར་རྩིས་ལེན་ཨུ་ཡོན་ལྷན་ཁང་དང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག གྲོང་རྡལ་གྱི་ལྟ་སྐུལ་པ། གྲོང་རྡལ་གྱི་འགོ་ཁྲིད་བཅས་ཀྱིས་རིམ་པ་བཞིན་མིང་རྟགས་བཀོད་པ་དེ་ཐོག་ནས་དོན་སྤྱི་སྒྲུབ་དང་ཁུར་མཉམ་ལེན་བྱས་པ་གང་ལེགས་མཚོན་གྱི་འདུག དེ་ནི་བྱེད་སྟངས་ཡག་པོ་ཞིག་རེད། སླད་ཕྱིན་ལྗོངས་ཡོངས་ཀྱི་ཡོམ་འགོག་གེགས་སེལ་དང་གནད་སྨིན་དབུལ་སྐྱོར་ལས་དོན་ནང་ཁྱབ་གདལ་ཤུགས་ཆེན་བཏང་ནས་མང་ཚོགས་རྣམས་ལ་དངོས་འབྲེལ་དྲང་འབྲེལ་གྱི་ཕན་པ་ཐོབ་པར་བྱེད་དགོས་པ་དང་། མང་ཚོགས་རྣམས་གདེང་ཚོད་ཆེན་པོས་འབྱོར་འབྲིང་ལམ་དུ་སྐྱོད་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།
“རོང་ཤར་ཤང་གི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་འཕེལ་རིམ་ཇི་འདྲ་ཞིག་ཏུ་སླེབས་ཡོད་དམ”ལོ་གཅིག་གོང་གི“4·25”ཡོམ་འགོག་གེགས་སེལ་ནང་བློ་བཟང་རྒྱལ་མཚན་གེགས་བར་བྱུང་ཚབས་ཆེ་བའི་ཁུལ་ཞིག་ཡིན་པའི་རོང་ཤར་གྲོང་རྡལ་དུ་འཕྲལ་མར་ཕེབས་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་དང་ཉིན་མཚན་གཅིག་མཉམ་དུ་བཞུགས་ཡོད། དིང་རི་རྫོང་དུ་ལས་དོན་སྙན་ཞུ་གསན་སྐབས་བློ་བཟང་རྒྱལ་མཚན་གྱིས་ཐུགས་བརྩེ་ཆེན་པོས་གནས་ཚུལ་བཀའ་འདྲི་གནང་བ་དང་ཆབས་ཅིག དིང་རི་རྫོང་ལ་བསམ་ཕྱོགས་གསར་གཏོད་བྱས་ནས་སྐུལ་འདེད་མགྱོགས་པོ་གཏོང་དགོས། གལ་ཆེའི་ནང་གི་འགངས་ཆེན་ཡིན་པའི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་དང་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གཉིས་ལ་དམ་འཛིན་ཡག་པོ་བྱས་ཏེ་འགོ་འཛུགས་ལོར་འགོ་ཡག་པོ་ཞིག་འཛུགས་ཐུབ་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་སྐབས་བློ་བཟང་རྒྱལ་མཚན་གྱིས་མིག་སྔའི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་དང་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལེགས་པར་སྒྲུབ་དགོས་པའི་ཐད་བླང་བྱ་ལྔ་བཏོན་གནང་བ་སྟེ། གཅིག་ནས་གེགས་རྗེས་སླར་གསོ་བསྐྱར་སྐྲུན་དང་དབུལ་སྒྲོལ་འགག་སྒྲོལ་བྱ་རྒྱུ་དེ་མིག་སྔའི་ལས་དོན་གཙོ་བོ་ཞིག་ཏུ་བརྩི་དགོས། གེགས་རྗེས་སླར་གསོ་བསྐྱར་སྐྲུན་དང་དབུལ་སྒྲོལ་འགག་སྒྲོལ་ལ་དམ་འཛིན་བྱེད་པ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་རྒྱུར་དམ་འཛིན་བྱེད་པ་ཞིག་ཡིན་པ་ཤེས་རྟོགས་གཏིང་ཟབ་ཐུབ་པ་བྱེད་དགོས། ཞིབ་པར་བརྗོད་ན་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་ཏུ་འགྲིལ་རྒྱུར་དམ་འཛིན་བྱེད་པ་དང་། བསམ་བློའི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། རིམ་པ་བཞིན་དོན་འཁྱོལ་བྱེད་པའི་འགན་འཁྲིའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། སྲིད་ཇུས་ཐོག་ནས་རྒྱབ་སྐྱོར་བྱེད་པའི་གོ་སྐབས་བཟང་པོ་དམ་འཛིན་བྱེད་པ། ལས་ཀའི་དགོས་གཏུག་བསམ་པ་ཆེ་རུ་ཏན་ཏིག་གཏོང་བ། ཕྱོགས་གང་ས་ཅི་ཐད་ཀྱི་ཧུར་བརྩོན་རང་བཞིན་འཕེལ་ཐབས་བྱེད་པ། བསམ་པའི་རྣམ་པ་བཟང་པོའི་ཐོག་ནས་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ། གནོད་འཚེ་ཕོག་ཁུལ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་ཆེན་པོ་ཡོང་བ་དང་། ལས་དོན་ཁག་ལ་ཡར་རྒྱས་ཆེན་པོ་ཡོང་བ། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་སྤུས་ཚད་ཇེ་མཐོར་འགྲོ་བ་བཅས་ཀྱི་འགན་ལེན་བྱེད་དགོས་པ་དེ་རེད། གཉིས་ནས་གེགས་རྗེས་སླར་གསོ་བསྐྱར་སྐྲུན་དང་དབུལ་སྒྲོལ་འགག་སྒྲོལ་བྱ་རྒྱུ་དེ་མང་ཚོགས་ལམ་ཕྱོགས་དང་། “ནན་གསུམ་དྲང་གསུམ”“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”བཅས་ལག་ལེན་བྱེད་པའི་གཞི་རྟེན་གལ་ཆེན་ཞིག་ཏུ་བརྩི་དགོས། མང་ཚོགས་ལ་བྱ་བ་དངོས་བསྒྲུབ་རྒྱུ་དང་། ལས་ཀའི་སྤྱོད་ཚུལ་ལ་འགྱུར་ལྡོག་ཏན་ཏིག་གཏོང་རྒྱུ། འཐབ་ཕྱོགས་དང་པོར་སྣེ་ཁྲིད་ནས་བསྐྱོད་རྒྱུ། མང་ཚོགས་ལ་ཉེ་བཅར་བྱ་རྒྱུ། ངོ་ཐུག་གདོང་འཕྲད་ཀྱིས་གནད་དོན་བཙལ་འཚོལ་དང་ཐག་གཅོད་བྱ་རྒྱུ། ལག་ལེན་གྱི་ཚོད་བགམ་ཐེག་པར་བྱ་རྒྱུ་བཅས་མཐའ་འཁྱོངས་བྱས་ནས་འཐུས་ཤོར་མི་འགྲོ་བ་གཉིས་དང་སྐུལ་འདེད་གཉིས་བྱེད་ཐུབ་པ་བྱེད་དགོས། གསུམ་ནས་མང་ཚོགས་རྣམས་གེགས་རྗེས་སླར་གསོ་བསྐྱར་སྐྲུན་དང་དབུལ་སྒྲོལ་འགག་སྒྲོལ་གྱི་སྟོབས་ཤུགས་གཙོ་བོ་ཞིག་ཏུ་བརྩི་དགོས། ཕྱོགས་སྡོམ་དང་ཤེས་རྟོགས་བྱེད་མཁས་པོ་བྱེད་པ་དང་། གེགས་རྗེས་སླར་གསོ་བསྐྱར་སྐྲུན་དང་དབུལ་སྒྲོལ་འགག་སྒྲོལ་གྱི་ཉམས་མྱོང་བཟང་པོ་དང་བྱེད་སྟངས་བཟང་པོ་ཁྱབ་གདལ་ཤུགས་ཆེན་གཏོང་བ། མང་ཚོགས་ཐེ་ཞུགས་ཀྱི་ཐབས་ལམ་ཧུར་བརྩོན་ཆེན་པོས་འཚོལ་ཞིབ་བྱེད་པ་དང་ཆབས་ཅིག་རྒྱ་ཆེར་གཏོང་བ། ཀྲུང་དབྱང་གིས་བྱམས་བརྩེའི་ཐུགས་ཁུར་གནང་བ་དེ་མང་ཚོགས་ཀྱིས་རང་སྟོབས་རང་སྤེལ་དང་དཀའ་སྤྱད་ལས་གཏོད་བྱེད་པ་གཉིས་དང་ཟུང་འབྲེལ་བྱེད་པ་བཅས་ཀྱི་ཐོག་ནས་མང་ཚོགས་ཀྱི་ཐོན་སྐྱེད་ངལ་རྩོལ་རྩལ་ནུས་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་བར་བྱེད་དགོས་པ་དང་། “སྒུག་རྟེན་ལེན”གསུམ་གྱི་བསམ་བློར་འགྱུར་ལྡོག་འགྲོ་བ་བྱེད་དགོས། ཕན་འབྲས་དངོས་ཐོན་པའི་ཚོར་སྣང་ཞིག་སྐྱེས་པར་བྱེད་དགོས། ཏང་གི་བཀའ་དྲིན་ཚོར་ཤེས་བྱས་ནས་ཏང་གི་རྗེས་སུ་འབྲང་དགོས། ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་དགོས། བཞི་ནས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱ་རྒྱུ་དང་ཁུ་བསྡུ་གཤམ་སྤྲོད་གཉིས་ཟུང་འབྲེལ་བྱ་རྒྱུ་དེ་གེགས་རྗེས་སླར་གསོ་བསྐྱར་སྐྲུན་དང་དབུལ་སྒྲོལ་འགག་སྒྲོལ་གྱི་འགན་ལེན་གལ་ཆེན་ཞིག་ཏུ་བརྩི་དགོས། ལྔ་ནས་སྤྱོད་གཙང་རང་གཅུན་བྱ་རྒྱུ་དེ་གེགས་རྗེས་སླར་གསོ་བསྐྱར་སྐྲུན་དང་དབུལ་སྒྲོལ་འགག་སྒྲོལ་གྱི་འགྱུར་མེད་བཀག་རྒྱ་ཞིག་ཏུ་བརྩི་དགོས། ལྟ་སྐུལ་རང་འགུལ་ངང་དང་ལེན་བྱེད་དགོས་པ་དང་། ལྟ་སྐུལ་ཞིབ་བཤེར་ལས་དོན་དུས་ཐོག་ཏུ་སྤེལ་དགོས་པ། ཁྲིམས་འགལ་སྒྲིག་འགལ་གནད་དོན་ཤེས་རྟོགས་བྱུང་མ་ཐག་ཐག་གཅོད་ནན་པོ་བྱེད་དགོས་པ་མ་ཟད། ད་དུང་སྲ་བརྟན་འགྱུར་མེད་ཀྱི་སྒྲིག་ལམ་ལ་བརྟེན་ནས་གེགས་རྗེས་སླར་གསོ་བསྐྱར་སྐྲུན་དང་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ཕྱོགས་ཡོངས་ནས་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས་པ་བཅས་རེད།
བློ་བཟང་རྒྱལ་མཚན་གྱིས་ད་དུང་གཏིང་སྐྱེས་རྫོང་རི་འོག་གྲོང་རྡལ་དང་། དིང་རི་རྫོང་རྩྭ་སྐོར་ཤང་དང་ཤེལ་དཀར་གྲོང་རྡལ། གཉའ་ལམ་རྫོང་ནས་ལུང་ཤང་དང་། ཡར་སླེབས་ཤང་། རྫོང་གྲོང་བཅས་སུ་གེགས་རྗེས་སླར་གསོ་བསྐྱར་སྐྲུན་དང་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་ཚུལ་དང་། དེ་བཞིན་ས་སྐྱའི་གནའ་གྲོང་སྲུང་སྐྱོང་འཛུགས་སྐྲུན་ལས་དོན་སྤེལ་ཚུལ་ལ་གཟིགས་ཞིབ་གནང་བར་ཕེབས་པ་རེད།