གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་འདྲེན་ཐང་ཤང་ནི་རང་ལྗོངས་ཀྱི་མཐའ་མཚམས་སུ་ཡོད་པའི་ཤང་གྲོང་གི་གྲས་ཤིག་རེད་ལ་ཤར་པ་བ་འདུས་སྡོད་བྱ་ཡུལ་ཞིག་ཀྱང་རེད། ཚེས་5དང་ཚེས་6ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་རླངས་འཁོར་དུ་ཞུགས་ཏེ་ཧི་མ་ལ་ཡའི་རི་ཁུལ་དུ་ཆགས་པའི་འདྲེན་ཐང་གྲོང་རྡལ་དུ་མཐའ་མཚམས་ས་ཁུལ་གྱི་གནད་སྨིན་དབུལ་སྐྱོར་དང་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་ལ་བརྟག་ཞིབ་གནང་བར་ཕེབས་ཤིང་། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་། དེ་བཞིན་ཧྲུའུ་ཅི་ཁྲེན་ཆོན་གོའི་ཚབ་ཞུས་ནས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་དང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག མཐའ་སྲུང་དཔོན་དམག་བཅས་ལ་གཟིགས་པ་དང་འབྲེལ་འཚམས་འདྲི་ཡང་གནང་བ་རེད། ཁོང་གིས་ཕྱོགས་ཡོངས་ནས་འབྱོར་འབྲིང་དུ་སྐྱོད་སྐབས་མི་གཅིག་ལུས་ཀྱང་འགྲིག་ཐབས་མེད། ཡུལ་བབ་དང་བསྟུན་པ་དང་། རྨང་གཞི་བརྟན་དུ་གཏོང་བ། གེགས་རྗེས་སླར་གསོ་བསྐྱར་སྐྲུན་བྱ་རྒྱུ་དེ་གྲོང་ཁྱེར་དང་གྲོང་རྡལ་དཔེ་གསར་ཅན་དང་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱ་རྒྱུ་དང་ཟུང་འབྲེལ་བྱེད་པ། མཐའ་མཚམས་ཤང་གྲོང་གི་དབུལ་སྒྲོལ་འགག་སྒྲོལ་བྱ་རྒྱུ་དང་འཕེལ་རྒྱས་མགྱོགས་པོ་གཏོང་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ནས། མཐའ་མཚམས་ཤང་གྲོང་གི་མི་རིགས་ཁག་གི་མང་ཚོགས་ལ་སྔར་ལས་ལྷག་པའི་བདེ་སྐྱིད་འཚོ་བ་ཞིག་སྐྱེལ་རྒྱུ་ཡོང་བ་བྱེད་དགོས་པ་མ་ཟད། ད་དུང་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་ཕྱོགས་སུ་བསྐྱོད་ཐུབ་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
བུམ་ཆུའི་ངོགས་སུ་ཡོད་པའི་གཙང་ཁ་གྲོང་ཚོ་ནས་ཐོན་རྗེས་བློ་བཟང་རྒྱལ་མཚན་གྱིས་ཞབས་ཐང་མར་འདྲེན་ཐང་གྲོང་རྡལ་སྲིད་གཞུང་གནས་ཡུལ་དུ་ཕེབས་པ་རེད། “གྲོགས་པོ་མང་ན་གང་ཡོང་། གུང་ཁྲན་ཏང་གིས་འགྲིག་ག”ཤར་པ་མང་ཚོགས་ཀྱིས་ལག་གཉིས་ཀྱིས་མེ་ཏོག་གཡུག་གཡུག་བྱེད་པ་དང་འབྲེལ་སྲོལ་རྒྱུན་གྱི་དམངས་གཞས་ཀྱང་བཏང་ནས་བློ་བཟང་རྒྱལ་མཚན་ལ་དགའ་བསུ་ཞུས། བློ་བཟང་རྒྱལ་མཚན་གྱིས་ཤར་པ་བ་ཚོར་བྱམས་བརྩེའི་ངང་ཕྱག་བཏང་སྟེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཁོང་ཚོར་འཚམས་འདྲི་གནང་བ་རེད།
གྲོང་གསེབ་ཀྱི་ལམ་ཆུང་བརྒྱུད་བློ་བཟང་རྒྱལ་མཚན་གྱིས་ཁྲོམ་ལམ་ཆེ་ཆུང་གང་ས་དང་གྲོང་ཚོའི་མི་སེར་གྱི་ཁྱིམ་དུ་ཕེབས་ཏེ་དམངས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། གྲོང་མི་ཆོས་འཕེལ་གྱི་ཁང་པ་གསར་པ་བརྒྱབ་ཆིར་གྲབས་ཡོད་པ་གཟིགས་རྗེས་བློ་བཟང་རྒྱལ་མཚན་གྱིས་ཆོས་འཕེལ་དང་བཀའ་མོལ་གནང་བའི་ཞོར་དུ་སྡོད་ཁང་འཛུགས་སྐྲུན་གྱི་མ་དངུལ་འབྱུང་ཁུངས་དང་བསྐྱར་སྐྲུན་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ལམ་བར་དུ་ལོ་96ལ་སླེབས་པའི་རྒན་མོ་པད་སྐྱིད་འཕྲད་ཅིང་། བློ་བཟང་རྒྱལ་མཚན་གྱིས་ཁོང་གི་འཁྲིས་སུ་ཕེབས་ཏེ་མཛའ་བརྩེའི་ངང་འཚམས་འདྲི་གནང་བ་དང་སྦྲགས་ཁོང་ལ་ལོ་བརྒྱ་ཚེ་རིང་ཡོང་བའི་སྨོན་འདུན་ཡང་ཞུས་པ་རེད། ཡང་གྲོང་མི་སྤེན་པ་བཀྲ་ཤིས་ཁྱིམ་གྱིས་བཙུགས་པའི་རྒྱ་ཟོག་ཚོང་ཁང་དུ་ཕེབས་ཏེ་ཚོང་ཟོག་གི་རིན་གོང་དང་ཁྱིམ་ཚང་གི་ཡོང་འབབ་སོགས་བཀའ་འདྲི་ཞིབ་ཕྲ་གནང་བ་དང་། ཡང་གྲོང་མི་ལྷག་པའི་ཁྱིམ་དུ་ཕེབས་ཤིང་། ལྷག་པས་ཁོང་ལ་ཕྲུ་གུ་སློབ་ཆེན་དུ་ཡོད་ཅེས་ཞུ་གིན་ཁོང་གི་ཕྱག་ནས་བཟུང་སྟེ་དེ་དག་ཚང་མ་ནི་ཏང་གི་བཀའ་དྲིན་ཡིན་ཞེས་ཞུས། བློ་བཟང་རྒྱལ་མཚན་གྱིས་གྲོང་རྡལ་གྱི་སྲང་ལམ་ཆེ་ཆུང་ཚང་མར་ཕེབས་ནས་གང་ས་གང་དུ་གཟིགས་ཞིབ་གནང་ཞིང་། འདྲེན་ཐང་གྲོང་རྡལ་གྱི་ཀྲེན་ཀྲང་བསོད་དབང་གིས་མིག་སྔར་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་འགན་87%ལེགས་གྲུབ་བྱུང་བ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་ཡིག་ཚགས་བཟོས་ནས་གཱ་སྤྲོད་པའི་ལས་དོན་ལེགས་གྲུབ་བྱུང་སོང་། ད་ལྟ་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་ལ་བདེ་བླག་ངང་སྐུལ་འདེད་གཏོང་བཞིན་ཡོད་ཅེས་ངོ་སྤྲོད་ཞུས་པ་རེད། བློ་བཟང་རྒྱལ་མཚན་གྱིས་ཁོང་ཚོའི་ལས་དོན་ལ་ཁས་ལེན་གནང་བ་དང་སྦྲགས་ཁོང་ཚོར་རྒྱལ་ཁབ་ཀྱིས་མཐའ་མཚམས་མི་དམངས་ལ་འཛིན་པའི་གཟིགས་སྐྱོང་སྲིད་ཇུས་ཁག་གྲོང་ཚོ་དང་། དུད་ཚང་། མི་བཅས་ལ་དོན་འཁྱོལ་བྱས་ཏེ་ཤར་པའི་མང་ཚོགས་ཀྱིས་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་སྦྱིན་ལུགས་ཤེས་རྟོགས་ཐུབ་པར་བྱེད་དགོས་པ་དང་ཏང་གི་རྗེས་སུ་འབྲངས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་ཐོག་སྐྱོད་པའི་ཁོང་ཚོའི་ཆོད་སེམས་བརྟན་དུ་གཏོང་དགོས་ཞེས་བཀའ་མངགས་ཀྱང་གནང་བ་རེད།
གཞན་ཡང་བློ་བཟང་རྒྱལ་མཚན་གྱིས་ན་ནིང་སྐྲུན་མཇུག་འགྲིལ་ནས་བེད་སྤྱོད་གཏོང་འགོ་ཚུགས་པའི་གྲོང་རྡལ་འཕྲོད་བསྟེན་ཁང་ལ་བརྟག་ཞིབ་གནང་བར་ཕེབས་ཤིང་། ཁོང་གིས་སྨན་པ་བདེ་སྐྱིད་ལ་སྨན་དང་སྨན་པ་འབེལ་དཀོན་དང་དེ་བཞིན་སྨན་ཁང་དུ་ཕྲུ་གུ་བཙའ་བར་ཡོང་མཁན་མང་ཚོགས་མང་ཉུང་སོགས་ཀྱི་གནས་ཚུལ་བཀའ་འདྲི་གནང་བ་རེད། དེ་རྗེས་རྒན་རྒོན་མི་བཅུ་ཡོད་པའི་རྒན་གསོ་ཁང་དུ་ཕེབས་ཏེ་རྒན་རྒོན་ཚོར་སྨོན་འདུན་དང་འཚམས་འདྲི་གནང་བ་དང་འབྲེལ་སླད་ཕྱིན་བསྙེན་བཀུར་ཆ་རྐྱེན་སྔར་བས་ལེགས་སུ་དང་བསྙེན་བཀུར་ནུས་པ་ཆེ་རུ་བཏང་ནས་བསྙེན་བཀུར་ཞུ་འོས་པ་རྣམས་བསྙེན་བཀུར་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
ལམ་ཡངས་པོ་ཤིག་ཡོང་བ་བྱ་རྒྱུ་ནི་འདྲེན་ཐང་གྲོང་རྡལ་གྱི་ཤར་པ་བ་ཚོས་རེ་སྒུག་ཆེ་ཤོས་བྱེད་པ་ཞིག་རེད། བློ་བཟང་རྒྱལ་མཚན་གྱིས་དེར་མཐོང་ཆེན་པོ་གནང་ཞིང་། ཁོང་གིས་ལོ་དེའི་ནང་གཙང་ཁ་ནས་གྲོང་རྡལ་སྲིད་གཞུང་གནས་ཡུལ་བར་གྱི་གཞུང་ལམ་བསྐྲུན་ནས་དངོས་ཟོག་སྒལ་པར་ཁུར་ནས་འདྲེན་པའི་ལོ་རྒྱུས་མཇུག་སྒྲིལ་བ་དང་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་བཏང་སྟེ་མང་ཚོགས་ཀྱི་འཚོ་བར་སྟབས་བདེ་སྐྲུན་དགོས། འདི་ལོ་འདྲེན་ཐང་ནས་གཟར་མདོ་བར་གྱི་གཞུང་ལམ་ལས་འགོ་འཛུགས་པ་དང་། ཡོངས་བསྒྲགས་སུ་འོས་སྐུལ་བྱེད་པ། ལས་དུས་བཀོད་སྒྲིག་བྱེད་པ། སྤུས་ཚད་འགན་ལེན་བྱེད་པ། འགྲོ་ལམ་བསྐྱར་སྐྲུན་མཐོར་གཏོང་བྱེད་པ་བཅས་ཀྱི་ཐོག་ནས་ཤར་པ་མང་ཚོགས་ལ་མཐའ་དར་ལམ་བུ་དང་ཕྱུག་འགྱུར་ལམ་བུ་ཞིག་སྐྲུན་དགོས་ཞེས་ནན་བཤད་གནང་བ་རེད།