དབུ་ཤོག>སྲིད་དོན།
  • ​ གཞོན་ནུ་དགེ་སློབ་ལ་ལྔ་བཞི་གཞོན་ནུའི་དུས་ཆེན་སྐྱིད་པོ་ཡོང་བའི་སྨོན་འདུན་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  罗布玉珍   |     སྤེལ་དུས།  2016-05-06

    278119_yis_1462425923314.jpg

    ཟླ་5ཚེས་4ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་བོད་ལྗོངས་སློབ་ཆེན་དུ་ཕེབས་ནས་གཞོན་ནུ་དགེ་སློབ་རྣམས་ལ་བྱམས་བརྩེའི་ངང་གཟིགས་པ་དང་། ས་གནས་ས་ཐོག་ཏུ་མཐོ་རིམ་སློབ་གསོ་སྒྱུར་བཅོས་འཕེལ་རྒྱས་གཏོང་ཚུལ་ཐད་རྟོག་ཞིབ་གནང་བ་མ་ཟད། ད་དུང་རྒྱ་ཆེའི་གཞོན་ནུ་དགེ་སློབ་རྣམས་ལ་དུས་ཆེན་གྱི་འཚམས་འདྲི་ཡང་གནང་བ་རེད། འདི་ནི་བློ་བཟང་རྒྱལ་མཚན་གྱིས་གཞོན་ནུ་སློབ་མ་ཚོ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བའི་གནས་ཚུལ་ཡིན་པ།

    ཟླ་5ཚེས་4ནི་ལྔ་བཞི་གཞོན་ནུའི་དུས་ཆེན་ཡིན་ཞིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་བོད་ལྗོངས་སློབ་ཆེན་དུ་ཕེབས་ནས་རྒྱ་ཆེའི་དགེ་སློབ་རྣམས་ལ་བྱམས་བརྩེའི་ངང་གཟིགས་པ་དང་། ས་གནས་ས་ཐོག་ཏུ་མཐོ་རིམ་སློབ་གསོ་སྒྱུར་བཅོས་འཕེལ་རྒྱས་གཏོང་ཚུལ་ལ་རྟོག་ཞིབ་གནང་བ་མ་ཟད། ད་དུང་རྒྱ་ཆེའི་གཞོན་ནུ་དགེ་སློབ་རྣམས་ལ་དུས་ཆེན་གྱི་འཚམས་འདྲི་ཡང་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་བོད་ལྗོངས་སློབ་ཆེན་གྱི་སློབ་ཁུལ་རྙིང་པའི་སློབ་མའི་བྱེད་སྒོ་ལྟེ་གནས་སུ་ཕེབས་ཏེ་སློབ་མའི་གསར་གཏོད་གྲུབ་འབྲས་ལ་ནན་ཏན་ངང་གཟིགས་པ་དང་། སློབ་གྲྭའི་སྡེ་ཚོགས་ཀྱི་ལས་དོན་དང་སློབ་མའི་ལྷན་ཚོགས་ཀྱི་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཉེ་བའི་ལོ་ཤས་རིང་བོད་ལྗོངས་སློབ་ཆེན་གྱིས“གཉིས་གཏོད་+ལས་ཞུགས”ཀྱི་བྱེད་སྟངས་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་། སྐྱེད་སྲིང་གི་ལས་སྟེགས་བརྒྱུད་སློབ་མའི་ལས་གཏོད་དཔུང་ཁག་གིས་བོད་ཀྱི་ཁྱད་ཆོས་དང་ཟུང་དུ་འབྲེལ་བའི་གསར་གཏོད་གསར་པ་དག་རེ་རེ་བཞིན་དོན་དངོས་ལ་གྱུར་པ་ནས། རྒྱལ་ཁབ་རིམ་པའི་བྱ་དགའ་ཐེངས་མང་ཐོབ་པ་མ་ཟད། ད་དུང་ཁྲོམ་རའི་ཐོག་རིམ་བཞིན་སྟོན་འགོ་ཡང་ཚུགས་ཡོད། བློ་བཟང་རྒྱལ་མཚན་གྱིས་བོད་ཆས་ཇུས་འགོད་དང་། དྲ་རྒྱའི་ཚན་རྩལ། རིག་གནས་བརྒྱུད་སྤེལ། ཡིག་གཟུགས་གསར་རྩོམ། ཀོ་ཕིག་སྒྲིག་བཟོ་སོགས་ཀྱི་བརྩམས་བྱའི་མདུན་དུ་གོམ་པ་སྤོ་མཚམས་བཞག་ནས་གཟིགས་པ་དང་འབྲེལ་གཞོན་ནུ་སློབ་མ་དང་སྤེལ་རེས་ཀྱང་གནང་ཞིང་། ཁོང་གིས“ཁྱེད་ཚོའི་བརྩམས་བྱར་བཀྲག་མདངས་འཚེར་ས་མི་ཉུང་བ་ཞིག་འདུག་ལ་བསམ་ཚུལ་ཡང་ཡག་པོ་འདུག དེ་དག་ཁས་ལེན་བྱེད་འོས་པ་ཞིག་རེད་ལ་རྒྱབ་སྐྱོར་ཤུགས་ཆེན་ཡང་བྱེད་དགོས་ཀྱི་འདུག ཁྱེད་ཚོས་ཁྲོམ་ར་དང་སྦྲེལ་མཐུད་ཧུར་ཐག་བྱས་ནས་འགྲེམས་རྫས་དེ་དག་ཚོང་ཟོག་ཏུ་འགྱུར་བ་བྱས་ནས་རིན་ཐང་དེ་བས་ཆེ་བ་གཏོད་དགོས། དེའི་རིང་ལ་མི་ཚེའི་རིན་ཐང་ཡང་མངོན་འགྱུར་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་གསུངས་པ་རེད།

    བྱེད་སྒོ་ལྟེ་གནས་ནས་ཞལ་གྱེས་ཁར་གཞོན་ནུ་སློབ་མ་ཚོས་ཁོང་གི་གམ་དུ་ཡོང་ཞིང་། བློ་བཟང་རྒྱལ་མཚན་གྱིས་ཁོང་ཚོའི་མདུན་དུ་ཕེབས་ཏེ“དུས་ཆེན་ལ་བཀྲ་ཤིས་བདེ་ལེགས”ཞེས་བྱམས་བརྩེའི་ངང་འཚམས་འདྲི་གནང་བ་རེད། ཁོང་གིས་སློབ་མ་ཚོར་མི་ཞིག་འཚར་ལོངས་བྱེད་པའི་དུས་ཚོད་ནང་གཞོན་ནུའི་དུས་དང་སློབ་ཆེན་གྱི་དུས་ནི་འགག་རྩ་ཞིག་རེད། དེའི་རིང་གསོན་ཤུགས་འཕེལ་བ་བྱེད་དགོས་ལ་བློ་རྣལ་དུའང་ཕབ་དགོས། རིག་གནས་ཡག་པོ་སྦྱོང་དགོས་ལ་སྤྱི་ཚོགས་ཀྱི་ཉམས་མྱོང་ཡང་ཡག་པོ་གསོག་དགོས་ཞེས་ལྕག་སྐུལ་གནང་བ་རེད།

    སློབ་ཁུལ་གསར་པར་འབྱོར་རྗེས་བློ་བཟང་རྒྱལ་མཚན་གྱིས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་རིག་ནུས་བཀོད་གཏོང་ཁང་དང་འདྲ་བཟོའི་ཚོད་ལྟ་ཁང་། རྒྱལ་ཁབ་རིམ་པའི་ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས། ཐང་གའི་སྒྱུ་རྩལ་རྒྱུན་འཛིན་དང་། བོད་ཡིག་གནའ་གཞུང་ཞིབ་འཇུག བོད་ཡིག་ཆ་འཕྲིན་ལག་རྩལ་ཐག་གཅོད་སོགས་དམིགས་བསལ་གྱི་རིག་གཞུང་ཚན་ཁག་འཕེལ་ཚུལ་ཐད་རྟོག་ཞིབ་གནང་བ་རེད། བོད་ཡིག་ཆ་འཕྲིན་གྱི་རྒྱལ་སྤྱི་རྒྱལ་ནང་གི་ཚད་གཞི་བཟོ་བ་སོགས་གནའ་གཞུང་ལེགས་སྒྲིག་ཞིབ་འཇུག་དང་། རང་བྱུང་རྩིས་རིག་ཚན་ཁག་གི་གཙོ་གནད་ཚོད་ལྟ་ཁང་འཛུགས་སྐྲུན། ཐང་གའི་སྒྱུ་རྩལ་རྒྱུན་འཛིན་སོགས་ཐད་བོད་ལྗོངས་སློབ་ཆེན་གྱིས་རྒྱལ་སྤྱི་རྒྱལ་ནང་དུ་གནས་བབ་གལ་ཆེན་བཟུང་བ་མཁྱེན་རྗེས་བློ་བཟང་རྒྱལ་མཚན་གྱིས་ཞིབ་འཇུག་གྲུབ་འབྲས་བེད་སྤྱོད་ཡག་པོ་བྱས་འདུག་ཅེས་བསྔགས་བརྗོད་གནང་བ་རེད། ཁོང་གིས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་དང་། སློབ་གྲྭ་དང་ཚན་ཁག་གི་འགན་འཁུར་བར་བོད་ཀྱི་འཕེལ་རྒྱས་ཀྱི་དགོས་མཁོ་དང་དཔལ་འབྱོར་འཛུགས་སྐྲུན་གྱི་འཐབ་ས་གཙོ་བོར་ཁ་ཕྱོགས་ཏེ་ཐོན་སློབ་ཞིབ་གསུམ་ཟུང་འབྲེལ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། སྔར་ལས་ལྷག་པའི་སྒོ་ནས་གྲུབ་འབྲས་གཞན་སྒྱུར་དང་ཁྱབ་གདལ་བེད་སྤྱོད་ལ་སྐུལ་འདེད་གཏོང་བ། གཙོ་གནད་དམིགས་བསལ་གྱི་ཚན་ཁག་གྲུབ་འབྲས་ཁག་གཅིག་དང་འདུ་འགོད་ཆེན་པོ་འཛུགས་སྐྲུན་བྱ་རྒྱུ་གཉིས་སྦྲེལ་མཐུད་བྱེད་པ་བཅས་བྱས་ནས་ཐུན་མོང་ཐོག་ཚན་ཞིབ་འགག་སྒྲོལ་བྱེད་དགོས་པ་དང་། ཡུལ་སྐོར་རིག་གནས་དང་མཉམ་འདྲེས་འཕེལ་རྒྱས་ཡོང་བ་བྱ་རྒྱུ་སྦྲེལ་མཐུད་བྱས་ཏེ་ཡུལ་སྐོར་ཐོན་ལས་རིམ་སྤོར་ལ་ཐུན་མོང་ཐོག་རོགས་འདེགས་བྱེད་དགོས། སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་དང་སྤྱི་ཚོགས་དོ་དམ་བྱེད་སྟངས་ལེགས་སུ་གཏོང་རྒྱུ་གཉིས་ཟུང་འབྲེལ་བྱས་ཏེ་ཐུན་མོང་རིག་ལྡན་གྲོང་ཁྱེར་ཐོག་གཏོད་དགོས། དུས་མཚུངས་གནའ་གཞུང་མྱུར་སྐྱོབ་དང་། ལེགས་སྒྲིག ཞིབ་འཇུག་བཅས་དང་། དེ་བཞིན་བོད་ཡིག་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་བོད་ཀྱི་རིག་གནས་རྒྱུན་འཛིན་དང་། སྲུང་སྐྱོང་། གསར་གཏོད་བཅས་བྱེད་མཁན་གྱི་སྔོན་སྐྱོད་པ་དང་སྣེ་ཁྲིད་པར་འགྱུར་བ་བྱེད་དགོས་ཞེས་ནན་བཤད་དང་མངགས་བྱ་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་བོད་ལྗོངས་སློབ་ཆེན་ནི་བོད་ཀྱི་མཐོ་རིམ་སློབ་གསོ་འཕེལ་རྒྱས་ཀྱི་དར་ཆ་ལྟ་བུ་ཡིན། དེས་ན་ཁྱད་ཆོས་ལ་བརྟེན་ནས་སློབ་གཉེར་བྱ་རྒྱུ་དང་། དགེ་མཚན་འདོན་སྤེལ་བྱ་རྒྱུ། མཉམ་འབྲེལ་ལ་ཤུགས་སྣོན་རྒྱག་རྒྱུ་བཅས་མཐའ་འཁྱོངས་བྱས་ཏེ་དམིགས་བསལ་གྱི་ཚན་ཁག་ཆེན་པོ་གཉིས་ཡིན་པའི་ཕུལ་བྱུང་མི་རིགས་རིག་གནས་དང་ས་མཐོའི་ཚན་རིག་ལག་རྩལ་འཛུགས་སྐྲུན་ཐད་རྩེ་གྲ་གསར་གཏོད་བྱེད་ཕོད་པ་བྱེད་པ་དང་། གསར་གཏོད་ཤེས་ལྡན་མི་སྣ་རྩེ་གྲ་གསོ་སྐྱོང་བྱེད་ཕོད་པ་བྱེད་པ། ཚན་ཞིབ་དཔུང་ཁག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཐད་རྩེ་གྲ་གསར་གཏོད་བྱེད་ཕོད་པ་བྱེད་པ། བོད་ཀྱི་མཐོ་རིམ་སློབ་གསོའི་ཁྲོད་ཀྱི་སྣེ་ཁྲིད་དང་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་བཅས་བྱས་ནས་བོད་ལྗོངས་སློབ་ཆེན་དེ་ཉིད་གཙོ་གནད་འབུར་དུ་ཐོན་པ་དང་། རྒྱལ་ནང་དུ་ཤུགས་རྐྱེན་ཆེ་བ། རྒྱལ་སྤྱིར་སྐད་གྲགས་ཆེ་བ་བཅས་ཀྱི་ཆུ་ཚད་མཐོ་བའི་ཕྱོགས་བསྡུས་རང་བཞིན་གྱི་སློབ་ཆེན་ཞིག་ཏུ་འགྱུར་བ་བྱེད་དགོས་ཞེས་གསུངས་པ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།