དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་རང་ལྗོངས་ཀྱི་གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཚོད་ལྟའི་ལས་དོན་སྤེལ་ཚུལ་ལ་གཟིགས་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  罗布玉珍   |     སྤེལ་དུས།  2016-05-03

    111.jpg

    འདི་ནི་བློ་བཟང་རྒྱལ་མཚན་གྱིས་ལྷ་ས་གྲོང་ཁྱེར་རྒྱལ་ཁྲལ་ཅུས་གྲོང་ནུབ་ཡན་ལག་ཅུས་ཁྲལ་གཉེར་ཞབས་ཞུའི་ཚོམས་ཆེན་དུ་གནས་ཚུལ་མཁྱེན་རྟོགས་གནང་བཞིན་པ།

    ཟླ་5ཚེས་1ཉིན་བོད་ཀྱིས་རྒྱལ་ཡོངས་དང་མཉམ་དུ་ལས་གཉེར་དཔྱ་ཁྲལ་དེ་རིན་ཐང་འཕར་ཁྲལ་དུ་བསྒྱུར་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཚོད་ལྟའི་ལས་དོན་སྤེལ་བ་རེད། ཚེས་1ཉིན་གྱི་ཕྱི་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་ཁྲལ་གཉེར་ཞབས་ཞུའི་ཚོམས་ཆེན་དང་། རྒྱལ་ཁྲལ་ཅུས། ནོར་སྲིད་ཐིང་བཅས་སུ་ཕེབས་ཏེ་ས་གནས་ས་ཐོག་ཏུ་རང་ལྗོངས་ཀྱི་གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཚོད་ལྟའི་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་གནང་བ་དང་། གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་བའི་འཐབ་ཕྱོགས་དང་པོར་འབད་འཐབ་བྱེད་མཁན་ཁྲལ་དོན་དང་ནོར་སྲིད་ལས་དོན་པར་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་དང་འབྲེལ་བྱམས་བརྩེའི་འཚམས་འདྲིའང་གནང་སྟེ་ཁོང་ཚོར་དཀའ་ལས་ཁག་སོང་ཞེས་གསུངས་པ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཏིང་ཡེ་ཤན་བརྟག་ཞིབ་གནང་སྐབས་མཉམ་དུ་ཕེབས་ཡོད།

    ལྷ་ས་གྲོང་ཁྱེར་རྒྱལ་ཁྲལ་ཅུས་གྲོང་ནུབ་ཡན་ལག་ཅུས་ཁྲལ་གཉེར་ཞབས་ཞུའི་ཚོམས་ཆེན་ནང་གནས་ཐང་འཕར་ཁྲལ་གྱི་ལས་སྒོ་གཉེར་བའི་ལས་དོན་བྲེལ་འཚུབ་དང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད། བློ་བཟང་རྒྱལ་མཚན་གྱིས་དྲིལ་བསྒྲགས་ཀྱི་འགྲེམས་པང་ལ་ཞིབ་ཕྲ་གཟིགས་པ་དང་ཁྲལ་གཉེར་གྱི་བཀོལ་སྤྱོད་བརྒྱུད་རིམ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།

    “གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་རྗེས་རང་ལྗོངས་ཀྱི་ཞིང་འབྲོག་པའི་གཉེར་སྐྱོང་བྱེད་ཚུལ་ཐད་ལ་ཤུགས་རྐྱེན་ཐེབས་སྲིད་དམ”ཞེས་བློ་བཟང་རྒྱལ་མཚན་གྱིས་ཐུགས་ཁུར་ཆེན་པོའི་ངང་བཀའ་འདྲི་གནང་བ་རེད།

    འབྲེལ་ཡོད་འགན་འཁུར་བས་གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་རྒྱུའི་ཚོད་ལྟའི་ལས་དོན་སྤེལ་རྗེས་རང་ལྗོངས་ཀྱི་ཞིང་འབྲོག་ཁུལ་དུ་ཞིང་འབྲོག་པར་ཕྱིར་ཚོང་ཡོང་འབབ་ཀྱི་གནས་ཐང་འཕར་ཁྲལ་མེད་པ་བཟོ་རྒྱུ་རེད་ཅེས་བཤད། བློ་བཟང་རྒྱལ་མཚན་གྱིས་སྐད་ཆ་དེ་གསན་རྗེས་གདེང་འཇོག་གང་ལེགས་གནང་ནས་ཞིང་འབྲོག་ཁུལ་དུ་ཞིང་འབྲོག་པས་གཉེར་སྐྱོང་དང་འབྲེལ་བ་ཡོད་པའི་བྱེད་སྒོ་གཉེར་སྐབས་གནས་ཐང་འཕར་ཁྲལ་མེད་པ་བཟོ་བའི་བརྡ་ཐོ་ཉིན་དེ་རང་དུ་གཤམ་འགྲེམས་བྱས་ནས་ལག་བསྟར་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    རང་སྐྱོང་ལྗོངས་རྒྱལ་ཁྲལ་ཅུས་སུ་ཕེབས་སྐབས་བློ་བཟང་རྒྱལ་མཚན་གྱིས་ལས་དོན་སྙན་ཞུ་གསན་པ་རེད། རང་སྐྱོང་ལྗོངས་རྒྱལ་ཁྲལ་ཅུས་ཀྱི་འགན་འཁུར་བས་ཟླ་5ཚེས་1ཉིན་གྱི་དགོང་མོའི་ཆུ་ཚོད་བཅུ་གཉིས་ནས་ཆུ་ཚོད་ལྔ་པ་བར་རང་ལྗོངས་ཀྱིས་གནས་ཐང་འཕར་ཁྲལ་གྱི་འཛིན་ཤོག་ཁྱོན་875བཟོས་པ་དེ་དག་རང་ལྗོངས་ཀྱི་ས་ཁོངས་ཚང་མར་ཁྱབ་པ་དང་། ཨར་སྐྲུན་དང་། ས་ཁང་བདག་ཁོངས། དངུལ་རྩ། འཚོ་བའི་ཞབས་ཞུ་བཅས་ལས་རིགས་ཆེ་གྲས་ཆེན་པོ་བཞི་ཚང་མར་ཁྱབ་ཡོད། ཁྲལ་འཇལ་ཁེ་ལས་ཁྲི་4.3ལྷག་ཙམ་ཚང་མ་དེའི་ནང་བཅུག་ཡོད་པས་རང་ལྗོངས་ཀྱི་གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་རྒྱུའི་ཐོག་མའི་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་བློ་བཟང་རྒྱལ་མཚན་གྱིས་གསན་རྗེས་གདེང་འཇོག་གང་ལེགས་གནང་ནས་རང་ལྗོངས་ཀྱིས་གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཚོད་ལྟའི་ལས་དོན་སྤེལ་བའི་བརྒྱུད་རིམ་ནང་རང་ལྗོངས་ཀྱི་རིམ་ཁག་ཁྲལ་འཇལ་ལས་ཁུངས་ཀྱིས་དངུལ་རྩའི་ཁྲལ་བསྡུའི་དུས་ཐེངས་གསུམ་པའི་ཁྲལ་གྱི་ལེགས་སྒྲིག་པར་གཞི་དང་། རྒྱལ་ཁབ་དང་ས་གནས་གཅིག་སྒྲིལ་གྱི་ལེགས་ཆར་གཞིགས་ཏེ་རྒྱལ་ཡོངས་སུ་གཉེར་ཁྲལ་འཕར་ཁྲལ་དུ་སྔོན་ལ་བསྒྱུར་བའི་རྒྱལ་ཁབ་དང་ས་གནས་ཀྱི་ཁྲལ་དོན་ལས་སྒོའི“ཚོམས་ཆེན་གཅིག་དང་། དྲ་བ་གཅིག གློག་ཀླད་གཅིག་ཐོག་ལས་སྒོ་ཚང་མ་མཉམ་དུ་གཉེར་བའི”རྣམ་པ་མངོན་འགྱུར་བྱུང་སྟེ། གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་བའི་དུས་མཚམས་དང་པོའི་ལས་འགན་ལེགས་གྲུབ་ཟིན་པའི་ཁྲོད་ལྗོངས་ཡོངས་ཀྱི་རིམ་ཁག་རྒྱལ་ཁྲལ་ལས་བྱེད་ལས་བཟོ་ཚོའི་དཀའ་སྤྱད་འབད་བརྩོན་དང་གཟེངས་སུ་ཐོབ་པའི་གྲུབ་འབྲས་ཀྱི་ལས་དོན་གཅིག་ཏུ་བསྡུས་ཡོད།

    རང་སྐྱོང་ལྗོངས་ནོར་སྲིད་ཐིང་དུ་བློ་བཟང་རྒྱལ་མཚན་གྱིས་གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་བ་དེས་རང་ལྗོངས་ཀྱི་ནོར་སྲིད་ལས་དོན་ལ་ཤུགས་རྐྱེན་ཐེབས་མིན་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་ནོར་སྲིད་སྡེ་ཚན་གྱིས་ནོར་ཁྲལ་གྱི་སྒྱུར་བཅོས་སྙིང་སྟོབས་ཁག་སློབ་སྦྱོང་གཏིང་ཟབ་བྱས་ཏེ་ཀྲུང་དབྱང་གི་དགོངས་དོན་ཁོང་དུ་ཆུད་པ་དང་བོད་ཀྱི་དོན་དངོས་མཐིལ་རྟོགས་ཀྱིས་ནོར་སྲིད་ཀྱི་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་པ་དང་ཆགས་ཅིག་ཁྲལ་དོན་སྡེ་ཚན་གྱིས་གཞོགས་འདེགས་དམ་ཟབ་བྱས་ཏེ་དབྱེ་ཞིབ་དང་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་ནས་གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་བའི་སྲིད་ཇུས་ཀྱི་ཁེ་སྤོགས་ཀྱིས་རང་ལྗོངས་ལ་ཕན་པ་དེ་བས་ཆེ་བ་ཐོབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    གཟིགས་ཞིབ་གནང་རིང་བློ་བཟང་རྒྱལ་མཚན་གྱིས་གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཚོད་ལྟ་ནི་རྒྱལ་ཁབ་ཀྱིས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུར་སྐུལ་མ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས་འཕར་རྒྱུ་བརྟན་པོ་དང་། གྲུབ་ཆ་ལེགས་སྒྲིག དམངས་ཚོར་ཕན་འདོགས་པ་བཅས་ལ་ཕན་པ་ཡོད་པ་དང་ཁྲོམ་རའི་གཙོ་གཟུགས་ཀྱི་གསོན་ཤུགས་འཕེལ་རྒྱུར་ཕན་པ་ཡོད། ང་ཚོས་གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཚོད་ལྟའི་ལས་དོན་གྱི་དོན་སྙིང་གལ་ཆེན་ཤེས་རྟོགས་གང་ལེགས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།