དབུ་ཤོག>སྲིད་དོན།
  • ​ བོད་རང་སྐྱོང་ལྗོངས་ཀྱིས“4·25”ས་ཡོམ་གྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次仁曲珍   |     སྤེལ་དུས།  2016-05-02

    ཟླ་4ཚེས་29ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས“4·25”ས་ཡོམ་གྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གེགས་རྗེས་སླར་གསོ་བསྐྱར་སྐྲུན་དང་ལྷག་པར་དུ་གནོད་འཚེ་ཚབས་ཆེན་ཕོག་པའི་འགྲམ་གྲོང་རྡལ་གྱི་སླར་གསོ་བསྐྱར་སྐྲུན་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། དུས་འགོའི་ལས་དོན་ཁག་ཡག་པོ་སྒྲུབ་ནས་འགྲམ་གྲོང་རྡལ་གྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་སྟེ་གནོད་འཚེ་ཕོག་པའི་མང་ཚོགས་ལ་དེ་བས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཤིག་སྐྲུན་དགོས་ཞེས་ནན་བཤད་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཏིང་ཡེ་ཤན་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་བསྟན་འཛིན་རྣམ་རྒྱལ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཅི་གོ་ཀང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་སྤེན་པ་བཀྲ་ཤིས་བཅས་དང་དེ་བཞིན་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཕེབས་ཡོད་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་ས་གཤིས་ཀྱི་ཆ་རྐྱེན་ནི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་སྤེལ་བའི་ཐོག་མའི་རྨང་གཞི་ཡིན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་གཞིར་བཟུང་། རང་སྐྱོང་ལྗོངས་རྒྱལ་ཁབ་ས་ཆ་ཐོན་ཁུངས་ཐིང་དང་གནོད་འཚེ་ཕོག་པའི་ས་ཁུལ་གྲོང་ཁྱེར་གྱིས་རྒྱལ་ཁབ་ས་ཆ་ཐོན་ཁུངས་པུའུ་དང་། ཀྲུང་གོ་ས་གཤིས་རྟོག་ཞིབ་ཅུས། ཀྲུང་གོ་ཚན་རིག་ཁང་། ཀྲུང་གོ་བཟོ་བཀོད་ཁང་དང་དེ་བཞིན་རང་སྐྱོང་ལྗོངས་ཀྱི་ས་གཤིས་རིགས་གཅིག་མཁས་ཅན་བཅས་དང་ལྷན་དུ་གེགས་ཁུལ་གྱི་ས་གཤིས་གྲུབ་ཆ་དང་ས་བབ་ཁོར་ཡུག་ལ་རྩད་ཞིབ་དང་རྟོག་ཞིབ་གཏིང་ཟབ་བྱས་པའི་རྨང་གཞིའི་ཐོག་བགྲོ་གླེང་དང་། དབྱེ་ཞིབ། རིགས་པས་ཁུངས་སྐྱེལ་བཅས་ཐེངས་མང་བྱས་ནས《“4·25”ནེ་པ་ལའི་ས་ཡོམ་བོད་ལྗོངས་གེགས་ཁུལ་གྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ས་གཤིས་གནོད་འཚེའི་འགོག་བཅོས་ཆེད་དོན་འཆར་འགོད》དང《“4·25”ནེ་པ་ལའི་ས་ཡོམ་བོད་ལྗོངས་གེགས་ཁུལ་གྱི་ཐོན་ཁུངས་ཁོར་ཡུག་གི་ཐེག་ནུས་དཔྱད་དཔོག་སྙན་ཞུ》རྩོམ་བཟོ་བྱས་ཡོད། 《འཆར་འགོད》དང《སྙན་ཞུ》དེ་ཉིན་ཤས་གོང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཡོད།

    འགྲམ་གྲོང་རྡལ་གྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་ཁྲོད་ས་གཤིས་ཀྱི་རྩད་ཞིབ་ལ་བརྩི་འཇོག་གང་ལེགས་བྱེད་པ་དང་བདེ་འཇགས་ཆེ་ཤོས་འགན་ལེན་བྱེད་པའི་རྨང་གཞིའི་འོག་གཅིག་འདོམས་ཐོག་བསམ་བློ་གཏོང་བ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ས་ཆ་འདེམས་པ། ཆེད་དོན་འཆར་འགོད་བྱེད་པ་བཅས་བྱས་ནས་གེགས་རྗེས་སླར་གསོ་བསྐྱར་སྐྲུན་བདེ་བླག་ངང་སྤེལ་རྒྱུར་ཁྲིད་སྟོན་ནུས་ལྡན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་ཁྱིམ་གཞིས་གསར་པ་བསྐྱར་སྐྲུན་བྱ་རྒྱུ་ནི་གེགས་ཁུལ་མང་ཚོགས་ཀྱི་རེ་སྒུག་ཆེ་ཤོས་ཡིན་པས་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་བྱེད་པ་དང་མགྱོགས་མྱུར་སྐུལ་འདེད་བཏང་སྟེ་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་རེ་བ་ཟབ་མོ་དེ་མཛེས་སྡུག་ལྡན་པའི་བསྐྱར་སྐྲུན་གྱི་འཆར་འགོད་ལ་སྔ་ཙམ་འགྱུར་བ་བྱེད་པ་དང་བསྐྱར་སྐྲུན་གྱི་འཆར་འགོད་དེ་མཛེས་སྡུག་ལྡན་པའི་དོན་དངོས་སུ་སྔ་ཙམ་འགྱུར་བ་བྱེད་དགོས། བདེ་སྡོད་ལས་བརྩོན་དང་། གཅིག་གྱུར་འཆར་འགོད། ཚད་གཞི་མཐོ་བའི་འཛུགས་སྐྲུན་བཅས་མངོན་པ་བྱས་ཏེ་ལོ་གསུམ་འབད་བརྩོན་བྱས་པ་བརྒྱུད། གནོད་འཚེ་ཕོག་པའི་མང་ཚོགས་རྣམས་བདེ་འཇགས་དང་། བློས་འགེལ་ཆོག་པ། ནུས་པ་ཆ་ཚང་བ། སྒྲིག་ཆས་ཆ་ཚང་བ། ཁོར་ཡུག་མཛེས་སྡུག་ལྡན་པ་བཅས་ཀྱི་ཡུན་རིང་གནས་ཐུབ་པའི་སྡོད་ཁང་ནང་སྡོད་ཐུབ་པ་བྱེད་དགོས། དུས་མཚུངས་སྡོད་ཁང་ཁྲོམ་ར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་རིམ་པ་མང་བའི་སྡོད་ཁང་གི་དགོས་མཁོ་སྐོང་ཐུབ་པ་བྱེད་དགོས། དམངས་འཚོའི་སྲོག་ཤིང་མངོན་པ་བྱས་ཏེ་སློབ་གྲྭ་དང་། སྨན་བཅོས་འཕྲོད་བསྟེན། རིག་གནས་ཞབས་ཞུ་སོགས་སྔོན་ལ་འཛུགས་སྐྲུན་བྱེད་པ་དང་། གཞུང་ལམ་འགྲིམ་འགྲུལ་དང་། ཆུ་འདྲེན་དང་ཆུ་འབུད། ཚོང་ལས་དྲ་ཚིགས། རླུང་འཕྲིན་དང་བརྙན་འཕྲིན་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་ལ་ཤུགས་སྣོན་རྒྱག་པ། སྔོ་འགྱུར་མཛེས་བཟོ་དང་དམངས་ཕན་སྒྲིག་ཆས་སྒྲིག་སྦྱོར་བཅས་བྱས་ཏེ་དེ་བས་བག་ཕེབས་དང་མཛེས་སྡུག་ལྡན་པའི་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་མཁོ་འདོན་བྱེད་དགོས། ཐོན་ལས་ཀྱི་འདེགས་སྐྱོར་མངོན་པ་བྱས་ཏེ་འགྲམ་མང་ཚོགས་ཀྱི་ཚོང་གཉེར་བྱེད་མཁས་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་ཁྱད་ལྡན་ཚོང་ལས་དང་ཁྱད་ལྡན་ཡུལ་སྐོར་གཏོད་རྒྱུར་ཤུགས་རྒྱག་དགོས། འཆར་འགོད་ཞིབ་ཚགས་བྱས་ཏེ་མང་ཚོགས་ཀྱིས་ནམ་ཡང་ཡིད་ལ་དྲན་པའི་མཚོན་བྱེད་རང་བཞིན་གྱི་ཡུལ་ལྗོངས་བསྐྱར་དུ་བསྐྲུན་པ་དང་རིག་གནས་རྣམ་པ་སླར་ཡང་གཏོད་ནས་མང་ཚོགས་ཀྱིས་དེ་སྔའི་ཕ་ཡུལ་གྱི་མཛེས་ལྗོངས་དྲན་འཆར་ཐུབ་པ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཚོགས་འདུ་མ་འཚོག་གོང་། བློ་བཟང་རྒྱལ་མཚན་གྱིས་འགྲམ་གྲོང་རྡལ་གྱི་བསྐྱར་སྐྲུན་འཆར་འགོད་ཇུས་གཞིར་ནན་ཏན་ངང་གཟིགས་པ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།