ཚེས་25ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་བོད་ཀྱི་གཞུང་ལམ་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་དབུལ་སྐྱོར་ལས་དོན་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བླང་བྱ་བརྒྱུད་བསྒྲགས་གནང་བ་དང་། རྒྱལ་ནང་འགྲིམ་འགྲུལ་ལས་རིགས་ཀྱི་རིགས་གཅིག་མཁས་ཅན་གྱིས་བོད་ཀྱི་གཞུང་ལམ་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་འཕེལ་རྒྱས་ཐད་བཏོན་པའི་བསམ་འཆར་དང་གྲོས་འགོ་གསན་པ་རེད།
བཞུགས་མོལ་ཚོགས་འདུའི་ཐོག་ཀྲུང་གོ་འགྲིམ་འགྲུལ་གཞུང་ལམ་རྩད་ཞིབ་ཇུས་འགོད་ཞིབ་འཇུག་ཁང་དང་པོ་དང་། ཀྲུང་གོ་འགྲིམ་འགྲུལ་གཞུང་ལམ་རྩད་ཞིབ་ཇུས་འགོད་ཞིབ་འཇུག་ཁང་གཉིས་པ། ཀྲུང་གོ་འགྲིམ་འགྲུལ་གཞུང་ལམ་འཆར་འགོད་ཇུས་འགོད་ཁང་། འགྲིམ་འགྲུལ་སྐྱེལ་འདྲེན་པུའི་འཆར་འགོད་ཞིབ་འཇུག་ཁང་། ཅང་སུའུ་ཞིང་ཆེན་འགྲིམ་འགྲུལ་འཆར་འགོད་ཇུས་འགོད་ཁང་། ཁྲུང་ཆིང་གྲོང་ཁྱེར་འགྲིམ་འགྲུལ་འཆར་འགོད་རྩད་ཞིབ་ཇུས་འགོད་ཁང་བཅས་ཀྱི་རིགས་གཅིག་མཁས་ཅན་དབང་ཧྲོང་ཅེ་དང་། དབྱང་ཀྲུང་ཧྲེང་། ཡུས་པོ་སོགས་ཀྱིས་བོད་ཀྱི་གཞུང་ལམ་འཛུགས་སྐྲུན་མགྱོགས་སུ་གཏོང་རྒྱུའི་དགོས་གཏུགས་རང་བཞིན་དང་གལ་ཆེའི་རང་བཞིན་ལ་ཤུགས་སྣོན་དང་། འགྲིམ་འགྲུལ་འཕེལ་རྒྱས་ཀྱི་ངེས་གནས་ལ་ཤུགས་སྣོན། གཞུང་ལམ་གྱི་རིམ་པ་མཐོར་གཏོང་། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་མ་ལག་འཐུས་ཚང་དུ་གཏོང་རྒྱུ། འཛུགས་སྐྲུན་བྱེད་སྟངས་གསར་གཏོད་དང་། མ་འཇོག་དང་མ་དངུལ་བསྡུ་སྒྲིལ་བྱ་ཐབས་གསར་གཏོད། སྲིད་ཇུས་ཀྱི་འདེགས་སྐྱོར་གང་ལེགས་སྤྱོད་པ། ས་གཤིས་ཁོར་ཡུག་ཞིབ་འཇུག་ལ་ཤུགས་སྣོན་སོགས་ཀྱི་ཐད་རང་གི་ལྟ་སྟངས་གླེང་ཞིང་། རིགས་གཅིག་མཁས་ཅན་ཚོས་ཉེ་ལམ་ལོ་ཤས་རིང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མིག་སྔར་གཞི་ཚུགས་པ་དང་ཕུགས་ལ་དམིགས་ནས་གཞུང་ལམ་འགྲིམ་འགྲུལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་ཐབས་ཇུས་བཀོད་སྒྲིག་བྱས་ཏེ་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསར་གཏོད་བྱེད་པ་དང་། མ་དངུལ་བསྡུ་སྒྲིལ་གྱི་ཐབས་ལམ་རྒྱ་ཆེར་གཏོང་བ། གཞུང་ལམ་འགྲིམ་འགྲུལ་འཕེལ་རྒྱས་ལ་སྐུལ་སྤེལ་ཤུགས་ཆེན་གཏོང་བ་བཅས་བྱས་ཡོད་ཅིང་། དེ་ནི་རྨང་གཞི་འདིང་བ་དང་། ཕུགས་ལ་ཕན་པ། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱ་ཐབས་གལ་ཆེན་ཞིག་ཡིན་པ་དང་། དེས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་འཇུར་མིག་ཚོད་འཛིན་གྱི་གནད་དོན་ཐག་གཅོད་ཐུབ་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད་པའི་ངོས་འཛིན་བྱས་པ་རེད།
བློ་བཟང་རྒྱལ་མཚན་གྱིས་རིགས་གཅིག་མཁས་ཅན་ཚོའི་གཏམ་བཤད་གཟབ་ནན་ངང་གསན་ནས་ཟིན་བྲིས་ཞིབ་ཕྲ་བསྐྱོན་པ་དང་འབྲེལ་ཁོང་ཚོ་དང་གྲོས་བསྡུར་སྤེལ་རེས་གནང་ཞིང་། ཁོང་གིས་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་ཀྱི་དབུལ་སྐྱོར་ལས་དོན་སྤེལ་རྒྱུ་བཀོད་སྒྲིག་གནང་སྟེ་གསར་བརྗེའི་རྟེན་གཞི་ཁུལ་རྙིང་པ་དང་། མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ། ས་ཁུལ་དབུལ་པོ་བཅས་གཙོ་གནད་དུ་བཟུང་སྟེ“བརྒྱ་གཉིས”ལས་གྲྭ་ལག་ལེན་བསྟར་རྒྱུའི་གཏན་འཁེལ་གནང་ཡོད། དེ་ནི་དབུལ་སྒྲོལ་འགག་སྒྲོལ་ཐུབ་པ་དང་། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བ། མང་ཚོགས་དུང་ཕྱུར་མང་པོར་བདེ་སྐྱིད་སྐྲུན་པ་བཅས་ཀྱི་བྱ་ཐབས་གལ་ཆེན་ཞིག་ཡིན་པ་དང་། རང་ལྗོངས་ཀྱིས་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་འཕེལ་རྒྱས་མགྱོགས་མྱུར་གཏོང་ཆེད་གོ་སྐབས་གལ་ཆེན་མཁོ་འདོན་བྱས་ཡོད། བོད་ལྗོངས་ནི་མི་རིགས་ས་ཁུལ་དང་། མཐའ་མཚམས་ས་ཁུལ། གཅིག་སྡུད་ཡུག་སྦྲེལ་གྱི་ས་ཁུལ་དབུལ་པོ་བཅས་ཡིན་ལ་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་དབུལ་སྐྱོར་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེ་ཞིག་ཀྱང་ཡིན་ལ་ཕན་ཡོད་སྲིད་ཇུས་གལ་ཆེན་བཏོན་པ་དེས་གཞུང་ལམ་འགྲིམ་འགྲུལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་བ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པ། རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བཅས་ཀྱི་ང་ཚོའི་ཆོད་སེམས་དང་ཡིད་ཆེས་ཆེ་རུ་ཤུགས་ཆེན་ཕྱིན་ཡོད་ཅེས་མཛུབ་སྟོན་གནང་བ་རེད།
བློ་བཟང་རྒྱལ་མཚན་གྱིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པར་གཞུང་ལམ་འགྲིམ་འགྲུལ་ནི་རྨང་གཞི་གལ་ཆེན་དང་སྔོན་འགྲོའི་ཆ་རྐྱེན་ཞིག་ཡིན་ལ་ཞན་ཆ་ཆེན་པོ་དང་འཇུར་མིག་ཚོད་འཛིན་ཞིག་ཀྱང་ཡིན་པས་ངེས་པར་དུ་སེམས་ཐག་གཙང་བཅད་དང་། ནུས་ཤུགས་ཡོད་རྒུ། ཐབས་ཇུས་མཉམ་འདོན་བཅས་ཀྱི་ཐོག་ནས་དཀའ་ངལ་མཐའ་དག་བསལ་ཏེ་ལེགས་ལ་མྱུར་བའི་ངང་འཕེལ་རྒྱས་ཡོང་ཆེད་རྨང་གཞི་བརྟན་པོ་འདིང་དགོས་པའི་ནན་བཤད་གནང་བ་རེད།
རྒྱལ་ནང་གི་འགྲིམ་འགྲུལ་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་ཚོས་བོད་ཀྱི་འཕེལ་རྒྱས་དང་ལྷག་དོན་དུ་འགྲིམ་འགྲུལ་བྱ་གཞག་འཕེལ་རྒྱས་ཐད་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་བློ་བཟང་རྒྱལ་མཚན་གྱིས་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐབས་ཇུས་བློ་འདྲིར་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། དེ་རིང་གི་བཞུགས་མོལ་ཚོགས་འདུའི་ཐོག་རིགས་གཅིག་མཁས་ཅན་རྣམ་པས་བཏོན་པའི་རྩ་ཆེའི་བསམ་འཆར་དང་གྲོས་འགོ་དེར་བོད་ཀྱིས་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུའི་ཐད་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། སྔར་ལས་ལྷག་པའི་ངང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ་བོད་ཀྱི་འགྲིམ་འགྲུལ་འཕེལ་རྒྱས་ཆེད་བློ་གྲོས་དང་ཇུས་བཏོན་ནས་བོད་ཀྱི་འགྲིམ་འགྲུལ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་ཆེད་འདེགས་སྐྱོར་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།