དབུ་ཤོག>སྲིད་དོན།
  • དུས་ཚིགས་དང་པོའི་བོད་ཀྱི་དཔལ་འབྱོར་འཁོར་རྒྱུག་སྐོར་བརྡ་ཁྱབ་གཏོང་བ་དང་དཔལ་འབྱོར་ལས་དོན་བཀོད་སྒྲིག་གི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-04-22

    ཚེས་20ཉིན་གྱི་ཕྱི་དྲོ་2016ལོའི་དུས་ཚིགས་དང་པོའི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་སྐོར་བརྡ་ཁྱབ་གཏོང་བ་དང་དཔལ་འབྱོར་ལས་དོན་བཀོད་སྒྲིག་གི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཡིན་པའི་ཏེང་ཞའོ་ཀང་གིས་ཚོགས་འདུ་གཙོ་སྐྱོང་གནང་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དུས་ཚིགས་དང་པོའི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་དབྱེ་ཞིབ་སྙན་ཞུ་གསན་སྐབས་དང་མིག་སྔའི་དཔལ་འབྱོར་ལས་དོན་བཀོད་སྒྲིག་བྱེད་སྐབས་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོའི་གསུང་བཤད་དགོངས་དོན་བརྒྱུད་བསྒྲགས་གནང་བ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཅིས་གོ་ཀང་གིས་2016ལོའི་དུས་ཚིགས་དང་པོའི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་སྐོར་གྱི་བརྡ་ཁྱབ་བཏང་གནང་བ་རེད།

    ཚོགས་འདུའི་ཐོག་བརྡ་ཁྱབ་བཏང་དོན། དུས་ཚིགས་དང་པོར་ལྗོངས་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་238.54ཟིན་ནས་དུས་མཚུངས་ལས་10.7%འཕར་བ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་4མཐོ་བ་དང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར་81.23ཟིན་ནས་22.3%འཕར་བ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་2.3འཕར་བ། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་འཚོང་བསྡོམས་འབོར་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་103.64ཟིན་ནས་12.5%འཕར་བ། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་12%འཕར་བ་བཅས་དམིགས་ཚད་ཁག་ལེགས་སྒྲུབ་བྱས་ཚུལ་དེ་སྔོན་དཔག་ལས་ལེགས་པ་བྱུང་ཐོག་བརྟན་ཐོག་ཡར་འཕེལ་དང་བརྟན་པོའི་ཁྲོད་འཕར་མགྱོགས་པོ་མངོན་འགྱུར་ཐུབ་ནས“ལོ་ལྔ་ཚན་བཅུ་གསུམ་པའི”འགོ་ཚུགས་ལོའི་འགོ་ཡག་པོ་ཞིག་བཙུགས་ཐུབ་ཡོད། སྤྱི་ཡོངས་ཀྱི་དུས་བབ་ནས་བལྟས་ན། ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་ཐད“མ་འཇོག་འཕར་མགྱོགས་པ་དང་། ནོར་སྲིད་ནས་གྲོན་དངུལ་གཏོང་མགྱོགས་པ། ཁྲལ་འབབ་འཕར་མགྱོགས་པ། དམངས་འཚོའི་སྲིད་ཇུས་ལེགས་པ། ཁྲོམ་རའི་རིན་གོང་བརྟན་པ། ལས་ཞུགས་དུས་བབ་བརྟན་པ། སྤྱི་ཚོགས་ཀྱི་དུས་བབ་བརྟན་པ་བཅས”ཀྱི་ཁྱད་ཆོས་གསར་པ་མངོན་ཐོག་དགོས་མཁོའི་སྐུལ་སྤེལ་བྱེད་ནུས་ཆེ་རུ་ཕྱིན་པ་དང་།འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་གྲུབ་བཞིན་པ། སྲིད་ཇུས་འབྲེལ་མཐུད་ནུས་ལྡན་སོགས་ཀྱི་བཀྲག་མདངས་འཚེར་ས་གསར་པ་མངོན་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་འབྲེལ་ཡོད་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་། རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ཐད་ནུས་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ། ཁྲོམ་རའི་སྐུལ་གཏོང་དང་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ཡར་སྐུལ་ལས་དོན་གཏིང་ཟབ་སྤེལ་བ། སྲོལ་རྒྱུན་ལས་རྣམ་དང་དྲ་སྦྲེལ་མགྱོགས་མྱུར་མཉམ་བསྲེས་བྱེད་པ་སོགས་ཀྱི་གོ་སྐབས་གསར་པ་འཕྲད་པས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེ་བ་དང་འཕེལ་རྒྱས་ཀྱི་བར་མཐོངས་ཆེན་པོ་ཡོད་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་བསྟན་གནང་དོན། ཧྲུའུ་ཅི་ཁྲེན་ཆོན་གོས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་བཏོན་གནང་བའི་འཕེལ་རྒྱས་ལ་དམ་འཛིན་གྱིས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་གནས་བབ་ལེགས་པ་དང་། གཙོ་གནད་དཔལ་འབྱོར་ལས་དོན་གྱི་ཕན་འབྲས་ལེགས་པ། ཐོན་ལས་འཕེལ་རྒྱས་ཀྱི་དུས་བབ་ལེགས་པ། ནོར་སྲིད་དངུལ་རྩའི་འདེགས་སྐྱོར་ལེགས་པ། མང་ཚོགས་ཀྱི་འཚོ་བའི་འཕེལ་ཕྱོགས་ལེགས་པ། སྒྱུར་བཅོས་སྒོ་དབྱེའི་གསོན་ཤུགས་ལེགས་པ། རྒྱ་ཆེའི་ལས་བྱེད་ཀྱིས་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་དཔལ་འབྱོར་འཕེལ་རྒྱས་གཏོང་ནུས་ལེགས་པ་བཅས“ལེགས་པ་བདུན”གྱིས་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོར་ཁས་ལེན་གང་ལེགས་གནང་བ་དང་། འཕེལ་རྒྱས་དམ་འཛིན་གྱི་འདུ་ཤེས་དང་། གོ་སྐབས་དམ་འཛིན་གྱི་འདུ་ཤེས། གཙོ་གནད་དམ་འཛིན་གྱི་འདུ་ཤེས། གསོན་ཤུགས་དམ་འཛིན་གྱི་འདུ་ཤེས། ལེགས་ཆ་དམ་འཛིན་གྱི་འདུ་ཤེས། དོན་འཁྱོལ་དམ་འཛིན་གྱི་འདུ་ཤེས་བཅས་ཟབ་ཏུ་གཏོང་དགོས་པའི“ཟབ་ཏུ་གཏོང་དགོས་པ་དྲུག”གིས་གོམ་སྟབས་རྗེས་མའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་རྒྱུའི་ཐད་ཁྲིད་སྟོན་རང་བཞིན་དང་། དམིགས་སའི་རང་བཞིན། བཀོལ་སྤྱོད་ཆོག་པའི་རང་བཞིན་བཅས་ཤུགས་ཆེན་ལྡན་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཧྲུའུ་ཅི་ཁྲེན་ཆོན་གོའི་བླང་བྱ་གལ་ཆེན་ལ་གཞིགས་ཏེ་དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་བྱ་རྒྱུ་མཐའ་འཁྱོངས་བྱས་ཐོག་རང་སྐྱོང་ལྗོངས་སྲིད་གཞུང་གི་ལོ་འགོའི“ཁག་157”ལས་ཀའི་ལས་འགན་ཁག་བགོས་དོན་འཁྱོལ་ཡག་པོ་བྱེད་པ་དང་། འགན་ཁུར་ཕོད་པ་དང་བྱ་སྤྱོད་སྤེལ་ཐུབ་པ་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་ཤུགས་ཆེན་གཏོང་ཐུབ་པ་དང་། ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་ཐུབ་པ། དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་ངང་འཕེལ་རྒྱས་འགྲོ་ཐུབ་པ་བཅས་ཀྱི་འགན་ལེན་བྱེད་དགོས།

    བློ་བཟང་རྒྱལ་མཚན་གྱིས“མཐའ་ཚད་གསུམ”བརྟན་སྲུང་གིས་བརྟན་ལྷིང་སྲུང་སྐྱོང་བྱེད་ཐབས་ཁག་བཅུ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཁོར་ཡུག་སྲུང་སྐྱོང་དང་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། བདེ་འཇགས་ལས་འཛོལ་ཚབས་ཆེན་ཐོན་རྒྱུ་ནན་འགོག་བཅས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་རྒྱུར་ཁོར་ཡུག་བཟང་པོ་སྐྲུན་དགོས་པའི་ནན་བཤད་གནང་བ་རེད།

    ཏེང་ཞའོ་ཀང་གིས་གཙོ་སྐྱོང་གནང་སྐབས་བསམ་བློ་གཅིག་གྱུར་དང་ངོས་འཛིན་མཐོ་རུ་བཏང་སྟེ་འཕེལ་རྒྱས་ཀྱི་ཡིད་ཆེས་སྔར་བས་ཆེ་རུ་གཏོང་བ་དང་། ལྗོངས་ཡོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བའི་རང་རྟོགས་རང་བཞིན་དང་སྲ་བརྟན་འགྱུར་མེད་རང་བཞིན་སྔར་བས་ཤུགས་ཆེར་གཏོང་དགོས། གཙོ་གནད་ལ་དམ་པོར་དམིགས་པ་དང་། འགག་སྒྲོལ་དཀའ་སེལ། འཐབ་ཕྱོགས་དང་པོར་སྐྱོད་པ། དཀའ་ངལ་ཆེ་བའི་གནད་དོན་ཁ་གསལ་རྟོགས་པ། འབད་བརྩོན་ཁ་ཕྱོགས་ཡང་དག་འཚོལ་བ། ཁ་གཏད་འཇལ་ཐབས་ཏན་ཏིག་བཟོ་བ་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་རྣམ་གྲངས་ལས་འགན་ཁག་དོན་འཁྱོལ་ཐུབ་པ་དང་དུས་ཐོག་ཏུ་ལེགས་སྒྲུབ་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།