《བོད་ལྗོངས་ཉིན་རེའི་ཚགས་པར》བཏོན་ནས་ལོ་60འཁོར་བའི་ཉིན་མོ་འཆར་ཉེར་ཡོད་པའི་དུས་སུ་ཏང་གི་གསར་འགྱུར་གླེང་ཕྱོགས་ལས་དོན་བཞུགས་མོལ་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྔར་བས་སློབ་སྦྱོང་དང་ལག་བསྟར་བྱེད་ཆེད། ཚེས་16ཉིན་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་བཅས་ཡིན་པའི་ཅང་ཅེ་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་གསར་འགྱུར་གླེང་ཕྱོགས་ལས་དོན་སྤེལ་ཚུལ་དང་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་གཏོང་ཚུལ་ལ་བརྟག་ཞིབ་གནང་བར་ཕེབས་པ་དང་སྦྲགས་འཐབ་ཕྱོགས་དང་པོའི་གསར་འགྱུར་ལས་དོན་པར་བྱམས་བརྩེའི་འཚམས་འདྲི་ཡང་གནང་བ་རེད།
ཅང་ཅེ་བོད་ལྗོངས་སྨྱན་སྦྱོར་ཚོགས་པ་དང་། བོད་ཡིག་རྩོམ་སྒྲིག་ཁང་། རྒྱ་ཡིག་རྩོམ་སྒྲིག་ཁང་། གསར་འགོད་ཁང་། ཀྲུང་གོ་བོད་ལྗོངས་གསར་འགྱུར་དྲ་བ་བཅས་སུ་བརྟག་ཞིབ་གནང་བར་ཕེབས་ཏེ་ཚགས་པར་གྱི་པར་ངོས་སྒྲིག་རིམ་དང་། དྲ་རྒྱ་མཉམ་འདྲེས། ཀུན་འདུས་སྨྱན་སྦྱོར་ལས་སྟེགས་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ཤེས་རྟོགས་གནང་བ་མ་ཟད། ད་དུང་སྨྱན་སྦྱོར་མཉམ་འདྲེས་ཀྱི་ལག་ལེན་གྲུབ་འབྲས་འགྲེམས་སྟོན་དང《བོད་ལྗོངས་ཉིན་རེའི་ཚགས་པར》བཏོན་ནས་ལོ་དྲུག་བཅུ་འཁོར་བའི་བརྙན་ལམ་སྟོན་པར་དགྱེས་ཚོར་ཆེན་པོས་གཟིགས་པ་རེད། ཅང་ཅེས་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གིས་གསར་འགྱུར་སྨྱན་སྦྱོར་དྲིལ་བསྒྲགས་ཀྱི་གདོང་ལེན་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། བོད་རྒྱ་ཡིག་རིགས་གཉིས་ཀྱི་ཐོག་ནས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བ། དྲིལ་བསྒྲགས་ཐབས་ལམ་ཆེ་རུ་བཏང་བ། སྨྱན་སྦྱོར་གསར་པའི་ཐོན་རྫས་འདུས་འཛོམས་འཛུགས་གཏོད་ལ་སྐུལ་འདེད་བཏང་བ་སོགས་ཀྱི་ལས་དོན་ཁག་ལ་ཁས་ལེན་གང་ལེགས་གནང་བ་རེད། ཁོང་གིས་གསར་འགྱུར་ལས་དོན་པ་ཚོར《བོད་ལྗོངས་ཉིན་རེའི་ཚགས་པར》བཏོན་ནས་ལོ་དྲུག་བཅུ་འཁོར་བ་དེ་འགོ་འཛུགས་ས་གསར་པ་ཞིག་ཏུ་བརྩིས་ཏེ་ཏང་གི་གསར་འགྱུར་གླེང་ཕྱོགས་ལས་དོན་བཞུགས་མོལ་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཧྲུའུ་ཅི་ཁྲེན་ཆོན་གོ་ཡིས་ལྗོངས་ཡོངས་ཀྱི་གསར་འགྱུར་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་བ་དག་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་དེ་མིག་སྔའི་ཆབ་སྲིད་ལས་འགན་ཨང་དང་པོར་བརྩིས་ཏེ་གསར་འགྱུར་གླེང་ཕྱོགས་ལས་དོན་ལ་སྐུལ་འདེད་གཏོང་བའི་ལག་ལེན་ལ་མཛུབ་ཁྲིད་བྱས་ནས་ཏང་གི་ཚགས་པར་གླེང་ཕྱོགས་ཀྱི་ཁྱབ་སྤེལ་གཏོང་ཤུགས་དང་། ཁྲིད་སྟོན་བྱེད་ཤུགས། ཤུགས་རྐྱེན་ཐེབས་ཤུགས་བཅས་ཆེ་རུ་གཏོང་རྒྱུར་ཤུགས་རྒྱག་དགོས་ཞེས་ལྕག་སྐུལ་གནང་བ་རེད།
བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་ཉེ་བའི་ལོ་ཤས་རིང་སྒྲུབ་པའི་ལས་དོན་སྐོར་གྱི་སྙན་སེང་གསན་རྗེས། ཅང་ཅེས་ལྗོངས་ཏང་ཨུད་ལས་ཁུངས་ཀྱི་ཚགས་པར་དང་། ཏང་དང་མི་དམངས་ཀྱི་མིག་སྣ་དང་མགྲིན་པ་ལྟ་བུ། རང་ལྗོངས་ཀྱི་གསར་འགྱུར་དྲིལ་བསྒྲགས་ལས་དོན་གྱི་གཡུལ་ས་གཙོ་བོ། གླེང་ཕྱོགས་འཐབ་རྩོད་ཀྱི་འཐབ་ས་གཙོ་བོ་བཅས་ཡིན་པའི《བོད་ལྗོངས་ཉིན་རེའི་ཚགས་པར》གྱིས་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་དང་གླེང་ཕྱོགས་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་བྱེད་དགོས་པ་དང་། ཆབ་སྲིད་ཀྱི་འདུ་ཤེས་དང་། ཁྱོན་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་བརྟན་པོར་འཛུགས་དགོས་པ། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་དང་ཚད་མཐོའི་གཅིག་མཐུན་ཡོང་བ་བྱེད་དགོས་པ་མ་ཟད། ད་དུང་ཏང་གི་ཚགས་པར་གྱི་མིང་ལ་ཏང་ཟེར་བ་དང་། ཏང་གི་ཚགས་པར་གྱིས་ཏང་ལ་དགའ་ཞེན་བྱེད་པ། ཏང་གི་ཚགས་པར་གྱིས་ཏང་ལ་སྲུང་སྐྱོང་བྱེད་པ་བཅས་བྱེད་དགོས། ལྟེ་བར་དམིགས་རྒྱུ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་། ཀྲུང་དབྱང་གི་བོད་སྐྱོང་མཛད་ཇུས་བོད་དུ་གྲུབ་འབྲས་ཐོན་པའི་སྒོ་ནས་ལག་ལེན་བསྟར་བ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འཐབ་ཇུས་བཀོད་སྒྲིག་བཅས་དྲིལ་བསྒྲགས་ཤུགས་ཆེན་བྱེད་དགོས། བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་ནས་དྲང་ནུས་ཀྱི་གོང་བུ་གཅིག་ཏུ་སྒྲིལ་དགོས། མི་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པའི་ཐོག་ལྗོངས་ཡོངས་ཀྱི་གསར་འགྱུར་འཐབ་ཕྱོགས་སུ་སྤེལ་བཞིན་པའི“གསུང་བཤད་སློབ་སྦྱོང་དང་། ཧེ་བག་འཚོལ་བ། སྤྱོད་ཚུལ་ལེགས་གཏོང་། དོན་འཁྱོལ་ལ་དམ་འཛིན”བཅས་ཀྱི་བྱེད་སྒོ་དང་ཟུང་འབྲེལ་གྱིས་གཞི་རིམ་དུ་སྐྱོད་པ་དང་། སྤྱོད་ཚུལ་ལེགས་སུ་གཏོང་བ། རྩོམ་སྲོལ་འགྱུར་ལྡོག་གཏོང་བ་བཅས་བྱས་ནས་དོན་དངོས་ལ་ཉེ་བཅར་དང་། འཚོ་བར་ཉེ་བཅར། མང་ཚོགས་ལ་ཉེ་བཅར། བསམ་བློ་ལྡན་པ། མི་སེམས་དྲོད་པ། སྤུས་ཀ་དག་པ་བཅས་ཀྱི་གསར་འགྱུར་བརྩམས་ཆོས་སྔར་བས་མང་པོ་འདོན་དགོས། སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ཀྱི་གོ་སྐབས་དམ་པོར་བཟུང་སྟེ་ཁྱབ་སྤེལ་གཏོང་སྟངས་གསར་གཏོད་བྱེད་པ་དང་། སྤུས་རྟགས་ལེ་ཚན་གཏོད་པ། གཡུལ་ས་གསར་པ་བཟུང་བ། ཁྱབ་རྒྱ་ཆེ་རུ་གཏོང་བ། སྲོལ་རྒྱུན་སྨྱན་སྦྱོར་སྲ་བརྟན་སྟོབས་ཆེར་གཏོང་བ། སྨྱན་སྦྱོར་གསར་པ་འཕེལ་རྒྱས་ཤུགས་ཆེན་གཏོང་བ་བཅས་ཀྱི་ཐོག་ནས་ཚགས་པར་དང་དྲ་བ་མཉམ་འགུལ་དང་མཉམ་འདྲེས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཆབས་ཅིག་ཤེས་ལྡན་པ་གསོ་སྦྱོང་དང་ནང་འདྲེན་བྱེད་ཤུགས་ཆེ་རུ་བཏང་ནས་ཆབ་སྲིད་ལངས་ཕྱོགས་བརྟན་པ་དང་། ལས་སྒོ་བྱང་ཆུབ་པ། སྤྱོད་ཚུལ་ལེགས་པ། མི་དམངས་ཀྱིས་བློས་འཁེལ་བ་བཅས་ཀྱི་གསར་འགྱུར་གླེང་ཕྱོགས་ལས་དོན་དཔུང་ཁག་གཅིག་སྐྱེད་སྲིང་ཧུར་ཐག་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།