དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་ལྷ་ཉིང་རིམ་མཐོའི་གཞུང་ལམ་གྱི་དུས་ཐེངས་གཉིས་པའི་ལས་གྲྭ་འཛུགས་སྐྲུན་ཐད་ས་གནས་ས་ཐོག་ཏུ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次仁曲珍   |     སྤེལ་དུས།  2016-04-19

    272687_yis_1460955777756.jpg

    འདི་ནི་བློ་བཟང་རྒྱལ་མཚན་གྱིས་བར་ལ་ཕུག་ལམ་གྱི་ལས་ཡུལ་དངོས་སུ་ལས་གྲྭའི་འཕེལ་རིམ་མཁྱེན་རྟོགས་གནང་བའི་གནས་ཚུལ་ཡིན་པ།

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་ལྷ་ཉིང་རིམ་མཐོའི་གཞུང་ལམ་གྱི་དུས་ཐེངས་གཉིས་པའི་ལས་གྲྭ་འཛུགས་སྐྲུན་གྱི་ལས་ཡུལ་དངོས་སུ་ཕེབས་ནས་རྒྱ་ཤིང་ཟམ་ཆེན་གཉིས་པ་དང་། སུམ་མདོ་ཕུག་ལམ། བར་ལ་ཕུག་ལམ་བཅས་ཀྱི་འཛུལ་ས་དང་དོན་ས་དང་། ནུ་མ་རི་གྲོང་ཚོའི་ཟམ་ཆེན་སོགས་ཀྱི་ཨར་སྐྲུན་བྱ་ཡུལ་དུ་ཕེབས་ནས་ལས་གྲྭ་འཛུགས་སྐྲུན་བྱེད་མཁན་ལ་བྱམས་བརྩེའི་ངང་གཟིགས་པ་དང་འཚམས་འདྲི་གནང་བ་དང་། ལས་གྲྭའི་ལམ་དུམ་ཁག་ལས་འགོ་ཚུགས་པ་དང་ལས་འགོ་བསྐྱར་ཚུགས་དང་། ཨར་སྐྲུན་འཕེལ་རིམ། སྒྲིག་འཛུགས་བཀོད་གཏོང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བའི་ཁར་ལས་གྲྭ་འཛུགས་སྐྲུན་ཁྲོད་གནས་པའི་གནད་དོན་ས་གནས་ས་ཐོག་ཏུ་ཐག་གཅོད་གནང་བ་དང་ལས་ཡུལ་དངོས་སུ་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་བ་རེད།

    བར་ལ་ཕུག་ལམ་གྱི་གན་རྒྱའི་ལམ་ཐུང་དང་པོའི་རྣམ་གྲངས་པུའུ་དང་བར་ལ་ནས་མལ་གྲོ་གུང་དཀར་བར་གྱི་བཀོད་འདོམས་པུའུ་རུ་བློ་བཟང་རྒྱལ་མཚན་གྱིས་ས་གནས་ས་ཐོག་གི་ཚོགས་འདུ་འཚོགས་ནས་ཉིང་ཁྲི་གྲོང་ཁྱེར་དང་། ཀོང་པོ་རྒྱ་མདའ་རྫོང་། ཀོང་པོ་ནས་བར་ལའི་བར་གྱི་བཀོད་འདོམས་པུའུ། ལྷ་ས་གྲོང་ཁྱེར། མལ་གྲོ་གུང་དཀར་རྫོང་། བར་ལ་ནས་མལ་གྲོ་གུང་དཀར་བར་གྱི་ལམ་དུམ་བཀོད་འདོམས་པུའུ་བཅས་ཀྱི་ལས་ཀའི་སྙན་སེང་གསན་ཞིང་། ཁོང་གིས་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་། ལམ་རྒྱུད་རིམ་ཁག་སྲིད་གཞུང་།  ལས་གྲྭའི་རྣམ་གྲངས་ཁག་གི་ཚན་པ་བཅས་ཀྱིས་ལྷ་ཉིང་རིམ་མཐོའི་གཞུང་ལམ་འཛུགས་སྐྲུན་གྱི་དོན་སྙིང་གལ་ཆེན་གསལ་ཤེས་གང་ལེགས་ཐུབ་པ་བྱས་ནས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བླང་བྱ་གཞིར་བཟུང་། ཧུར་ཐག་འབད་ཐག་དང་དུས་ཚོད་ཀྱིས་མི་མི་སྒུག་པའི་རྣམ་འགྱུར་གྱི་ཐོག་ནས་ཨར་ལས་ཀྱི་དུས་ཚོད་ཡག་ཤོས་དམ་བཟུང་བྱེད་པ་ཚན་རིག་དང་མཐུན་ལ་ནུས་ཆེའི་བྱ་ཐབས་ལ་བརྟེན་ནས་ལས་དོན་སྤེལ་ཐོག་བདེ་འཇགས་དང་སྤུས་ཚད་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ལས་གྲྭ་འཛུགས་སྐྲུན་གྱི་འཕེལ་རིམ་མགྱོགས་སུ་བཏང་སྟེ་འདི་ལོའི་ནང་ཚུན་དུ་ལས་གྲྭ་གཙོ་བོ་ལེགས་སྒྲུབ་བྱེད་དགོས་པ་སྟེ།

    གཅིག་ནས་སྔར་ལས་ལྷག་པའི་སྒོ་ནས་བསམ་བློའི་ངོས་འཛིན་ཆེ་རུ་གཏོང་དགོས། ལྷ་ཉིང་རིམ་མཐོའི་གཞུང་ལམ་ནི་རང་ལྗོངས་ཀྱི་རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་དམངས་འཚོའི་ལས་གྲྭ་གལ་ཆེན་དང་འཕེལ་རྒྱས་ཀྱི་ལས་གྲྭ་ཞིག་ཡིན་པས་ལས་སླ་པོ་ཞིག་མིན་ལ་དོན་སྙིང་གལ་ཆེན་ལྡན་ཡོད། དེར་བརྟེན་སྔར་ལས་ལྷག་པའི་སྒོ་ནས་ཁྱོན་ཡོངས་ཀྱི་འདུ་ཤེས་དང་། འགན་འཁྲིའི་འདུ་ཤེས། ཞབས་ཞུའི་འདུ་ཤེས་བཅས་དང་དེ་བཞིན་ལས་ཀའི་རང་འགུལ་རང་བཞིན་དང་རང་རྟོགས་རང་བཞིན་ཆེ་རུ་བཏང་ནས། གོང་འོག་རིམ་ཁག་དང་ཕྱོགས་ཁག་གིས་ཕྱར་བ་གྲུ་འདེགས་དང་མཉམ་ཤུགས་སྐུལ་སྤེལ་གྱི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱས་ཏེ་དེ་བས་ཏན་ཏིག་གི་བྱ་ཐབས་དང་། དེ་བས་ནུས་ལྡན་གྱི་བྱ་སྤྱོད། དེ་བས་ཆེ་བའི་ལས་དོན་སྤེལ་ཤུགས་བཅས་ཀྱི་ཐོག་ནས་ལས་གྲྭ་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས་པ་དང་།

    གཉིས་ནས་སྔར་ལས་ལྷག་པའི་སྒོ་ནས་འཛུགས་སྐྲུན་ཁོར་ཡུག་ལེགས་སུ་གཏོང་དགོས། 《གཞུང་ལམ་བཅའ་ཁྲིམས》སོགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་བླང་བྱ་ལག་བསྟར་གཏིང་ཟབ་ཀྱིས་ཁྲིམས་བཞིན་སྲིད་འཛིན་དང་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱས་ནས་ཁྲིམས་བཞིན་གཞུང་ལམ་སྐྲུན་པའི་ཁྲིམས་སྐྱོང་གི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས། ལས་གྲྭའི་ལམ་རྒྱུད་ཀྱི་རིམ་ཁག་ས་གནས་སྲིད་གཞུང་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་ལས་ཡུལ་དངོས་སུ་ཞབས་འདེགས་ཞུ་བ་དང་ལས་ཡུལ་དངོས་སུ་བསྐྱོད་དེ་དམིགས་བསལ་བྱ་བ་དམིགས་བསལ་ངང་སྒྲུབ་པ་དང་། འཕྲལ་དུ་ཐག་གཅོད་བྱེད་དགོས་རིགས་འཕྲལ་མར་ཐག་གཅོད་བྱེད་པ། བྱ་བ་འཕྲད་ཚེ་ངེས་པར་དུ་ཐག་གཅོད་བྱེད་པ། རང་འགུལ་ངང་དཀའ་གནད་སེལ་བ་བཅས་བྱས་ནས་ཨར་ལས་འཛུགས་སྐྲུན་ཐད་ཁོར་ཡུག་བཟང་པོ་ཡོང་བའི་འགན་ལེན་བྱེད་དགོས་པ་དང་། འཛུགས་སྐྲུན་ཚན་པས་མང་ཚོགས་ཀྱི་ལུགས་མཐུན་རེ་ཞུར་བསམ་གཞིག་གང་ལེགས་བྱས་ནས་ས་གནས་སྲིད་གཞུང་དང་མི་དམངས་མང་ཚོགས་ལ་དམ་པོར་བརྟེན་ཏེ་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་ས་གནས་ཀྱི་ཞིང་འབྲོག་པར་འབབ་འཕར་ཡོང་ཆེད་ཞབས་འདེགས་ཞུ་དགོས་པ།

    གསུམ་ནས་སྔར་ལས་ལྷག་པའི་ངང་ཨར་ལས་སྒྲིག་འཛུགས་བྱེད་ལེགས་སུ་གཏོང་དགོས། སྔོན་གཏན་འཁེལ་བའི་དམིགས་ཚད་དང་བླང་བྱ་གཞིར་བཟུང་། ལས་ཡུན་དམ་འཛིན་བྱེད་པ་དང་ས་བཀྲ་གཞིར་བཟུང་ལས་དོན་སྤེལ་ནས་ལག་རྩལ་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཨར་ལས་སྒྲིག་འཛུགས་རྒྱུན་ཆད་མེད་པར་བྱེད་ལེགས་སུ་གཏོང་བ། སྔར་ལས་ལྷག་པའི་སྒོ་ནས་མི་ཤུགས་དང་འཕྲུལ་ཆས་སོགས་ཀྱི་ཐོན་ཁུངས་བཀོད་སྒྲིག་ལ་ཤུགས་སྣོན་རྒྱག་པ། ཨར་ལས་ཀྱི་ཚད་གཞི་ལག་ལེན་ནན་པོ་བསྟར་བ། འགག་རྩའི་ལྷུ་ཚིགས་ལ་དམ་འཛིན་ནན་པོ་བྱེད་པ། ཨར་སྐྲུན་གྱི་དཀའ་གནད་སེལ་བ། ལས་ཡུན་ཁག་གི་དུས་ཚོད་དམིགས་ཚད་ཀྱི་སྤུས་ཚད་འགན་ལེན་ངང་ལེགས་གྲུབ་དང་དུས་བཀག་བཞིན་ལས་མཇུག་འགྲིལ་བ། ལས་གྲྭ་འཛུགས་སྐྲུན་གྱི་ལས་འགན་གང་མགྱོགས་ལེགས་གྲུབ་ཟིན་པའི་བརྩོན་ལེན་བྱེད་པ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ལ་བདེ་སྐྱིད་གང་མགྱོགས་སྐྲུན་དགོས་པ།

    བཞི་ནས་སྔར་ལས་ལྷག་པའི་སྒོ་ནས་མཐའ་ཚད་གསུམ་བརྟན་པོ་སྲུང་དགོས། བདེ་འཇགས་ཨར་སྐྲུན་གྱི་བྱ་ཐབས་ཁག་དོན་འཁྱོལ་ནན་པོ་བྱས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་མཐའ་ཚད་བརྟན་པོ་སྲུང་བ་དང་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་སྣོད་བཅུད་སྲུང་སྐྱོང་གི་མཐའ་ཚད་བརྟན་པོ་སྲུང་བ། སྔོན་འགོག་ནུས་ལྡན་དང་འགལ་ཟླ་སྣ་ཚོགས་དུས་ཐོག་ཏུ་ཐག་གཅོད་འོས་འཚམ་བྱས་ནས་ཞི་མཐུན་བརྟན་ལྷིང་གི་མཐའ་ཚད་བརྟན་པོ་སྲུང་དགོས་པ།

    ལྔ་ནས་སྔར་ལས་ལྷག་པའི་སྒོ་ནས་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱ་ཤུགས་ཆེ་རུ་གཏོང་དགོས། “མི་ཆོག་པ་བཞི་དང་ཐད་ཀ་གཉིས”དང་མངོན་ཞིབ་ལྐོག་འདྲི་སོགས་ཀྱི་བྱ་ཐབས་སྤྱད་ནས་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱ་ཤུགས་ཆེ་རུ་བཏང་ནས་འཕེལ་རིམ་འགོར་བ་དང་། ལས་དོན་ཡག་པོ་སྤེལ་མི་ཐུབ་པ། དོན་འཁྱོལ་མི་ཐུབ་པ་བཅས་ཀྱི་གནད་དོན་ཐད་འབྲེལ་ཡོད་འགན་ཁུར་མི་སྣར་ཁ་ཆད་གྲོས་མོལ་བྱས་ཏེ་ལས་འཛོལ་འགན་འཛོལ་ཐོན་རིགས་ལ་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས་པའི་མཛུབ་སྟོན་གནང་བ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།