དབུ་ཤོག>སྲིད་དོན།
  • ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུའི་ས་གནས་ས་ཐོག་གི་གཞུང་ལས་ཚོགས་འདུ་ཉིང་ཁྲིར་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次仁曲珍   |     སྤེལ་དུས།  2016-04-18

    ཟླ་4ཚེས་14ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་ཉིང་ཁྲིར་ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུའི་ས་གནས་ས་ཐོག་གི་གཞུང་ལས་ཚོཌ་འདུ་འཚོགས་ནས་ཚོད་ལྟའི་གཉེར་སྐྱོང་གི་ཞིབ་ཕྲའི་ལས་དོན་གསེད་བཀྲོལ་དང་། ལས་འགན་བཀོད་སྒྲིག་ཞིབ་ཚགས། འགན་འཁྲི་ཁག་བགོས་ཁ་གསལ་བཅས་བཟོས་གནང་བ་རེད།

    ཚོགས་འདུའི་ཐོག་ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུ་ཚོད་ལྟའི་གཉེར་སྐྱོང་གི་གྲ་སྒྲིག་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ཉིང་ཁྲི་གྲོང་ཁྱེར་གྱི་སྙན་ཞུ་གསན་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་བྱ་རྒྱུ་དེ་མཐའ་མའི་གདོང་མཆོང་གི་དུས་མཚམས་སུ་སླེབས་པས་མིག་སྔར་གཙོ་གནད་ལས་དོན་ཁག་ལྔ་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ནན་པོ་བྱེད་དགོས་པ་སྟེ། གཅིག་ནས་དབང་གྲགས་ལྡན་པའི་ཡུལ་སྐོར་དོ་དམ་སྒྲིག་སྲོལ་འཛུགས་དགོས། ཉིང་ཁྲི་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གང་མགྱོགས་འཛུགས་པ་དང་སྦྲགས་ཨུ་ཡོན་ལྷན་ཁང་གི་ལམ་ལུགས་དང་དེ་མཚུངས་ཀྱི་མཐུན་སྦྱོར་ལམ་ལུགས་བཙུགས་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་འགན་ནུས་གཏན་འཁེལ་བྱེད་པ། ཉིང་ཁྲིའི་རྒྱལ་སྤྱིའི་སྣོད་བཅུད་ཡུལ་སྐོར་ཁུལ་གྱི་འཐབ་ཇུས་ལ་སྤྱི་འདོམས་སྐུལ་འདེད་བཅས་གཏོང་དགོས་པ་དང་། གཉིས་ནས་ཀླུ་ནང་མཛེས་ལྗོངས་ཁུལ་གྱི་དོ་དམ་སྒྲིག་སྲོལ་ཁ་གསལ་བཟོ་དགོས། བློ་ཁོག་ཆེན་པོས་འཚོལ་ཞིབ་དང་། གསར་གཏོད། ཚོད་ལྟ་བཅས་བྱས་ཏེ་སྒྲིག་སྲོལ་དང་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་གཉེར་སྐྱོང་དོ་དམ་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུ་འཕེལ་རྒྱས་ཀྱི་དགོས་མཁོ་དང་དེ་བས་འཚམ་པ་བྱེད་དགོས་པ།གསུམ་ནས་ཡུལ་སྐོར་འཕེལ་རྒྱས་འཆར་འགོད་ལ་ཁྲིད་སྟོན་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། ཀླུ་ནང་མཛེས་ལྗོངས་ཁུལ་ཆེ་མོ་སོགས་ཀྱི་འཆར་འགོད་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཉིང་ཁྲི་གྲོང་ཁྱེར་དེ་ཉིད་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་དཔེ་སྟོན་གྲོང་ཁྱེར་ལ་གཏོད་པའི་འཆར་འགོད་དང་འཛུགས་སྐྲུན་ཚད་གཞི་དུས་ཚོད་དམ་འཛིན་གྱིས་བཟོ་བ། ཉིང་ཁྲིའི་རྒྱལ་སྤྱིའི་སྣོད་བཅུད་ཡུལ་སྐོར་ཁུལ་གྱི་འཆར་འགོད་བཟོ་སྒྲིག་བྱེད་མགྱོགས་སུ་གཏོང་བ། ཉིང་ཁྲི་གྲོང་ཁྱེར་གྱི“ལོ་ལྔ་ཚན་བཅུ་གསུམ་པའི”ཡུལ་སྐོར་འཕེལ་རྒྱས་ཀྱི་འཆར་འགོད་ཡག་པོ་བཟོ་བ་བཅས་བྱས་ཏེ་འཆར་འགོད་ཀྱི་གཟབ་ནན་རང་བཞིན་དང་དབང་གྲགས་རང་བཞིན་འགན་ལེན་བྱེད་དགོས་པ། བཞི་ནས་ཚོད་ལྟའི་གཉེར་སྐྱོང་གི་གྲ་སྒྲིག་ལས་དོན་ཁག་ཡག་པོ་བསྒྲུབ་དགོས། ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུའི་ཚོད་ལྟའི་གཉེར་སྐྱོང་ཇུས་གཞི་དུས་ཚོད་དམ་འཛིན་གྱིས་བཟོས་ཏེ་གཙོ་གནད་ཐོག་དྲིལ་བསྒྲགས་འོས་སྦྱོར་བྱེད་པ་དང་། ཉེ་འཁོར་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ། གྲོང་རྡལ་ཆུང་ངུའི་དེ་སྔའི་ཚོང་དུད་གནས་སྤོ་བཀོད་སྒྲིག་ཡག་པོ་བྱེད་པ། འགྲིམ་འགྲུལ་དང་། རིག་གནས། མི་སྣ་གསོ་སྦྱོང་སོགས་འབྲེལ་ཡོད་ཀྱི་ལེ་ལག་ཚང་བའི་འཛུགས་སྐྱོང་ལ་སྐུལ་འདེད་ཧུར་ཐག་གཏོང་བ། ཉེ་འཁོར་གྲོང་སྡེའི་ཁྱིམ་ཚང་མགྲོན་ཁང་གི་མཉམ་འགུལ་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པ། ཡུལ་སྐོར་སྤུས་རྟགས་ལམ་ཐིག་ཇུས་འགོད་ཞིབ་ཚགས་བཅས་བྱེད་དགོས་པ། ལྔ་ནས་མཛེས་ལྗོངས་ཁུལ་གྱི་འཕྲིན་གཏོང་དང་གློག་ཤུགས་སོགས་གློག་སྐུད་མདོང་ལམ་འདིང་རྒྱུ་ཚན་རིག་དང་མཐུན་པའི་ངང་འཆར་འགོད་བྱེད་པ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་མཛེས་ལྗོངས་ཁུལ་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས་མཛེས་ལྗོངས་ཁུལ་ལ་ཤུགས་རྐྱེན་མི་ཕོག་པ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་ཉིང་ཁྲི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་ལ་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་དང་འཕེལ་རྒྱས་གཏོང་རྒྱུ་དེ་གཙོ་གནད་ལས་དོན་ལ་བརྩིས་ནས་དམ་འཛིན་བྱས་ཏེ་རང་འགུལ་ངང་ནུས་པ་ཐོན་པ་དང་། འགན་འཁྲི་འཁུར་ཕོད་པ། གཞོགས་འདེགས་དམ་ཟབ། མཉམ་ཤུགས་ཆགས་པ་བཅས་བྱས་ནས“ཟླ་5པའི་ཚོད་ལྟའི་གཉེར་སྐྱོང་དང་ཟླ་10པར་དངོས་སུ་གཉེར་སྐྱོང་བྱེད་པའི”སྔོན་དཔག་གི་དམིགས་ཚད་ལ་ནན་པོར་གཞིགས་ཏེ་ལས་ཡུན་ལྡོག་བཤེར་དང་དུས་བཀག་ཁ་གསལ་བཟོ་བ་དང་ཏན་ཏན་ཏིག་ཏིག་དང་ཞིབ་ཅིང་ཕྲ་བའི་སྒོ་ནས་ལས་དོན་སྒྲུབ་པ་དང་། ནུས་ཤུགས་ཡོད་རྒུས་ཚོད་ལྟའི་གཉེར་སྐྱོང་དང་དངོས་སུ་གཉེར་སྐྱོང་གི་གྲ་སྒྲིག་ལས་དོན་ཁག་ཡག་པོ་བསྒྲུབས་ཏེ་ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་ཐད་གོམ་སྟབས་བརྟན་པོ་ཞིག་སྤོ་ཐུབ་པ་བྱས་ནས་ཐོག་མའི་བག་ཆགས་ཡག་པོ་འཇོག་པ་དང་ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུ་དེ་ཉིད་བོད་ཀྱི་རིག་གནས་དང་། རང་བྱུང་སྣོད་བཅུད། དྭངས་གཙང་ལྷིང་འཇགས་བཅས་གཞི་གཅིག་ཏུ་འདུས་པའི་རྒྱལ་སྤྱིའི་གྲགས་ཅན་ཡུལ་སྐོར་གྲོང་རྡལ་ཆུང་ངུ་ཞིག་ཏུ་ཧུར་ཐག་གཏོད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།