ཟླ་4ཚེས་14ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་སྒྲུབ་ཀྱིས་རང་སྐྱོང་ལྗོངས་ནོར་སྲིད་ཐིང་དང་། དམངས་སྲིད་ཐིང་། དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས། ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་བཅས་ཀྱི་སྣེ་ཁྲིད་དེ་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་ལས་ཞུགས་ཞབས་ཞུ་ལྟེ་གནས་དང་། ལྷ་ས་པད་མ་ནོར་བུ་མི་རིགས་ཐོན་ཟོག་ཀུང་སི། བོད་ལྗོངས་ཕན་བདེ་ཁེ་ལས་སྤྱི་ཁྱབ་ཀུང་སི་བཅས་སུ་ཕེབས་ནས་རང་ལྗོངས་ཀྱི་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ཞབས་ཞུ་དང་། ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད།
བརྟག་ཞིབ་ཚོགས་ཆུང་གིས་རིམ་ཁག་སྡེ་ཚན་ཁག་གིས་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ཞབས་ཞུའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་དབང་པོ་སྐྱོན་ཅན་གྱི་ཐོན་སྐྱེད་དང་འཚོ་བར་སེམས་ཁུར་དང་དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་གི་ཡོང་འབབ་མང་དུ་གཏོང་རོགས་བྱ་རྒྱུ་དེ་དམངས་འཚོའི་ལས་དོན་གལ་ཆེན་ཞིག་ལ་བརྩིས་ནས་དབུལ་སྐྱོར་གསར་སྤེལ་ལས་ཀའི་སྤྱི་ཡོངས་དང་མཉམ་འདྲེས་ཐུབ་པ་བྱེད་དགོས། སྤྱི་ཚོགས་ལས་རིགས་ཁག་གིས་དབང་པོ་སྐྱོན་ཅན་གྱི་བྱ་གཞག་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་ཏེ་དབང་པོ་སྐྱོན་ཅན་ལ་འཇོན་ཐང་ངོམས་པའི་ལས་སྟེགས་བཏོད་ནས་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ལ་སྐུལ་འདེད་བཏང་ཐོག་དབང་པོ་སྐྱོན་ཅན་ལ་བརྩི་འཇོག་དང་། སེམས་ཁུར། རྒྱབ་སྐྱོར་བཅས་བྱེད་པའི་སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོ་ཞིག་ཆགས་པ་བྱེད་དགོས། རྒྱ་ཆེའི་དབང་པོ་སྐྱོན་ཅན་གྱིས་རང་བཀུར་དང་། རང་གིས་རང་ལ་ཡིད་ཆེས། རང་སྟོབས་རང་སྤེལ། རང་རྐྱ་འཕེར་བ་བཅས་བྱས་ཏེ་ཏང་ཨུད་དང་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་ཁག་གི་ཐུན་མོང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་ལས་ཀར་ཧུར་ཐག་ཞུགས་པ་དང་འཚོ་བར་འགྱུར་ལྡོག་ཧུར་ཐག་བཏང་ནས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས་པའི་ནན་བཤད་གནང་བ་རེད།