དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་ཀྱིས་སྲིད་གཙང་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་ཐེངས་བཞི་པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2016-04-11

    ཚེས་7ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཀྱིས་སྲིད་གཙང་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་ཐེངས་བཞི་པ་འཚོགས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་གསུང་བཤད་གནང་ཞིང་། ཁོང་གིས་ལྗོངས་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཀྲུང་དབྱང་སྒྲིག་ཨུད་ཀྱི་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་ཏན་བྱས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཙང་ལས་དོན་ཚོགས་འདུ་ཐེངས་བཞི་པ་དང་རང་སྐྱོང་ལྗོངས་སྒྲིག་ཨུད་སྐབས་བརྒྱད་པའི་ཚང་འཛོམས་ཚོགས་འདུ་ཐེངས་བདུན་པའི་བཀོད་སྒྲིག་གཞིར་བཟུང་སྒྲིག་ཁྲིམས་ཁག་ནན་དུ་གཏོང་བ་དང་། སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ། ཁྲིམས་ལྟར་སྲིད་འཛིན་ནན་པོ་བྱེད་པ། འབྱུང་རྩ་ནས་རུལ་སུངས་ལ་ངོ་རྒོལ་བྱ་རྒྱུར་དོ་སྣང་བྱེད་པ། སྲིད་སྐྱོང་ཐད་ཀྱི་ལེ་ལོ་དང་། སྒྱིད་ལུག ཁྲལ་སེལ་བཅས་བཅོས་སྒྲིག་ནན་པོ་མཐའ་གཅིག་ཏུ་བྱེད་པ་བཅས་ཀྱི་ཐོག་ནས་སྲིད་གཞུང་ཁོངས་གཏོགས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་དེ་གཏིང་ཟབ་ཕྱོགས་སུ་རྒྱུན་ཆད་མེད་པར་སྤེལ་ཏེ“ལོ་ལྔ་ཚན་བཅུ་གསུམ་པའི”འགོ་ཡག་པོ་འཛུགས་ཆེད་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཡིན་པའི་ཏེང་ཞའོ་ཀང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཏིང་ཡེ་ཤན་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་བཅས་ཡིན་པའི་ཅང་ཅེ་ཚོགས་འདུར་ཕེབས་ཡོད་པ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཝང་གཡུང་ཅུན་གདན་ཞུས་ལྟར་ཚོགས་འདུར་ཕེབས་ཡོད་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་བླང་བྱ་ཁག་ལྔ་བཏོན་གནང་བ་སྟེ།

    གཅིག་ནས་སྒྲིག་ཁྲིམས་དང་སྒྲིག་ལམ་ནན་དུ་བཏང་ནས་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་ཤིང་། ཆབ་སྲིད་སྒྲིག་ལམ་གྱི་གཞི་རྩ་དེར་དམ་འཛིན་ནན་པོ་བྱས་ནས་རང་རྟོགས་ངང“དང་ལེན་བཞི”མཐའ་འཁྱོངས་དང“ཡོད་པ་བདུན”ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཏེ་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་བཀོད་པ་ལུང་དུ་འགྲོ་བའི་འགན་ལེན་བྱེད་དགོས་པ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སྒྲིག་ལམ་ནན་དུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས་པ། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ཕན་འབྲས་ཟམ་མི་ཆད་པར་སྲ་བརྟན་དང་གཏིང་ཟབ་ཏུ་བཏང་ནས“ནན་གསུམ་དྲང་གསུམ”གྱི་བླང་བྱ་ལག་ལེན་ནན་ཏན་བསྟར་ཏེ“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་ཏན་ཏིག་ངང་སྤེལ་ནས་ཆབ་སྲིད་ཀྱི་ངོ་བོ་བཟང་པོ་འགན་ལེན་བྱེད་དགོས་པ་དང་།

    གཉིས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ་འབྱུང་རྩ་ནས་རུལ་སུངས་ལ་ངོ་རྒོལ་བྱ་རྒྱུར་མུ་མཐུད་སྐུལ་སྤེལ་གཏོང་དགོས་ཤིང་། སྒྱུར་བཅོས་ཀྱི་བྱ་ཐབས་ཁག་དེ་རུལ་སུངས་ལ་ཆད་གཅོད་དང་སྔོན་འགོག་བྱེད་པའི་ལས་དོན་དང་མཉམ་འདྲེས་ཐུབ་པ་བྱེད་དགོས། སྔར་བས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱས་ནས་ཁྱབ་ཁུལ་དང་། ས་གནས་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་ཆ་འཕྲིན་མཉམ་སྤྱོད་དང་གཞུང་འཕྲེད་མཉམ་འགུལ་གྱི་མ་འཇོག་རྣམ་གྲངས་ལ་ཞིབ་མཆན་འགོད་པའི་ལྟ་སྡོམ་ལས་སྟེགས་ཤིག་གང་མགྱོགས་བསྐྲུན་དགོས། “བཤེར་ཐོ་གསུམ”གྱི་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་ནས་ཐོག་མའི་འགན་འཁྲི་བདའ་འདེད་དང་དུས་བཀག་ལས་སྒྲུབ་ལག་བསྟར་ནན་པོ་བྱེད་དགོས། གཞུང་ཁོངས་ཁེ་ལས་སྒྱུར་བཅོས་དང་སྒྲིག་གཞི་སྒྱུར་བཅོས་ལ་སྐུལ་འདེད་མགྱོགས་པོ་གཏོང་དགོས་པ།

    གསུམ་ནས་སྤྱི་པའི་མ་དངུལ་ལ་དོ་དམ་ནན་པོ་བྱས་ནས་བདེ་འཇགས་དང་ནུས་ཆེ་འགན་ལེན་བྱེད་དགོས་ཤིང་། སྤྱིར་བཏང་རང་བཞིན་གྱི་གཏོང་སྒོ་དང“གཞུང་གསུམ་གྲོན་དངུལ”གྱི་གཏོང་སྒོ་སྔར་བས་ཉུང་འཕྲི་བྱས་ནས་ཚད་གཞི་ཡོད་པའི་ནོར་ཤུགས་དེ་དབུལ་སྒྲོལ་འགག་སྒྲོལ་དང་། སློབ་གསོ་སྨན་བཅོས། སྤྱི་ཚོགས་འགན་བཅོལ་སོགས་དམངས་འཚོའི་ཁྱབ་ཁོངས་སུ་གཏོང་དགོས་པ། ལས་གྲྭའི་འཛུགས་སྐྲུན་དང་། སྤྱི་པའི་ཐོན་ཁུངས་ཉོ་ཚོང་། སྲིད་གཞུང་གི་ཉོ་སྒྲུབ་སོགས་ཀྱི་ལྟ་སྡོམ་ལ་ཤུགས་སྣོན་རྒྱག་དགོས། ནོར་སྲིད་ཀྱི་མ་དངུལ་དོ་དམ་སྒྱུར་བཅོས་ལ་སེམས་ཐག་གཙང་བཅད་ཀྱི་སྒོ་ནས་སྐུལ་འདེད་བཏང་ནས་དམངས་འཚོ་སོགས་ཀྱི་མ་དངུལ་གཏོང་སྤྲོད་ཀྱི“ལྗང་མདོག་ལམ་བུ”ཤར་བགྲོད་ཐུབ་པ་བྱེད་དགོས་པ་དང་། རྩིས་བཤེར་ལྟ་སྐུལ་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས།

    བཞི་ནས་སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་བདའ་འདེད་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་དགོས་ཤིང་། རྒྱུན་སྲིང་ལྷོད་མེད་ངང་སྤྱོད་བཟང་སྒྲིག་ནན་བྱས་ནས“སྤྱོད་ཚུལ་བཞི”དམ་འཛིན་བྱ་རྒྱུར་ལྷོད་གཡེང་མི་གཏོང་བ་དང་། རུལ་སུངས་ལ་ཆད་པ་ནན་པོ་བཅད་དེ“བོད་དུ་དམིགས་བསལ་རང་བཞིན་གང་ཡང་མེད་པའི”བསམ་བློ་བརྟན་པོ་ཆགས་པར་བྱེད་པ། མང་ཚོགས་ཀྱི་འགྲམ་དུ་ཐོན་པའི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ་བཅས་བྱས་ནས་སྤྱོད་ཚུལ་ལེགས་པ་དང་རུལ་སུངས་ལ་ངོ་རྒོལ་བྱ་རྒྱུ་ཁྱོན་ཡོངས་ལ་ཁྱབ་པ་དང་གྲིབ་ཆ་མེད་པའི་བརྡ་རྟགས་ཆེན་པོ་གཏོང་དགོས་པ།

    ལྔ་ནས་འགན་འཁྲི་འཁུར་ཕོད་པ་བྱས་ནས་སྲིད་བརྩོན་ལས་སྒྲུབ་ལ་སྐུལ་མ་གཏོང་དགོས་ཤིང་། ལས་སྒྲུབ་ལས་གཏོད་ཀྱིས་འཕེལ་རྒྱས་དོན་གཉེར་དང་། དམངས་འཚོར་ཕན་འདོགས་པ། བརྟན་ལྷིང་སྲུང་སྐྱོང་བཅས་གཞི་རྩའི་འགན་འཁྲིར་བརྩིས་ནས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བཀོད་སྒྲིག་བྱས་ཟིན་པའི་ལས་འགན་དང་བྱ་ཐབས་ཀྱི་ལམ་ཐིག་ས་བཀྲ་འབྲི་བ་དང་། དུས་ཚོད་རེའུ་མིག་བཟོ་བ། འགན་འཁུར་བ་གསལ་བཟོ་བཅས་བྱས་ཏེ“དམག་བཀའ་ཁུར་ལེན་ཞུ་ཡིག”འབྲི་དགོས། སྲིད་གཞུང་ཁོངས་གཏོགས་ཀྱི་གཙོ་གནད་ལས་དོན་དེ་ཟླ་རེར་བཀོད་སྒྲིག་ཐེངས་རེ་དང་། དུས་ཚིགས་རེར་རྩིས་རེ་རྒྱག་པ། ལོ་ཕྱེད་ཐོག་ཕྱོགས་སྡོམ་ཆུང་གྲས་རྒྱག་པ། ལོ་ཧྲིལ་པོར་སྡེབ་རྩིས་རྒྱག་པ་བཅས་ཀྱི་ཐོག་ནས་འཆར་འགོད་སྔ་ཙམ་དང་དུས་བཀག་བཞིན་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས་པ་བཅས་རེད།

    ཏེང་ཞའོ་ཀང་གིས་གཙོ་སྐྱོང་གནང་སྐབས། ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གཞུང་དང་སྡེ་ཚན་ལ་བརྒྱུད་བསྒྲགས་སློབ་སྦྱོང་དམ་འཛིན་ཡག་པོ་བྱེད་པ་དང་། འགན་འཁྲི་དོན་འཁྱོལ་དམ་འཛིན་ཡག་པོ་བྱེད་པ། རྩ་ལག་མཉམ་བཅོས་དམ་འཛིན་ཡག་པོ་བྱེད་པ། ལྟ་སྐུལ་ཞིབ་བཤེར་ལ་དམ་འཛིན་ཡག་པོ་བྱེད་པ་བཅས་བྱེད་དགོས། སྒྲིག་བཤེར་སྡེ་ཚན་ལ་ལྟ་སྐུལ་འགན་འཁྲི་ལག་ལེན་བསྟར་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་འགྱུར་མེད་རྣམ་འགྱུར་ཐོག་ནས་སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་བདའ་འདེད་གཏོང་རྒྱུར་རྒྱབ་སྐྱོར་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།