ཟླ་4ཚེས་7ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་2016ལོའི་རྒྱུན་ལས་ཚོགས་འདུ་ཐེངས་གསུམ་པ་འཚོགས་ནས་མིག་སྔའི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ཙུང་ལི་ལི་ཁེ་ཆང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་མ་ཟད། དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་གྲོན་དངུལ་འགན་ལེན་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་དང་དབང་པོ་སྐྱོན་ཅན་ཚབས་ཆེན་གྱི་ནད་སྐྱོང་ཁ་གསབ་ལམ་ལུགས་འཛུགས་པ་སོགས་ཀྱི་དོན་ཚན་ཐད་ཞིབ་འཇུག་ཀྱང་གནང་བ་རེད།
ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཡིན་པའི་ཏེང་ཞའོ་ཀང་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཏིང་ཡེ་ཤན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་བཅས་ཡིན་པའི་ཅང་ཅེ་ཚོགས་འདུར་ཕེབས་ཡོད་པ་རེད།
ཚོགས་འདུའི་ཐོག་ཙུང་ལི་ལི་ཁེ་ཆང་གི་གསུང་བཤད་གལ་ཆེན་ནང་མིག་སྔའི་སྤྱི་ཁོག་དཔལ་འབྱོར་གྱི་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ་ཀྱིས་མིག་སྔའི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུར་བླང་བྱ་ཁ་གསལ་བཏོན་གནང་ཡོད་པས་དེར་དམིགས་སའི་རང་བཞིན་དང་མཛུབ་ཁྲིད་རང་བཞིན་ཆེན་པོ་ལྡན་ཡོད། ཙུང་ལི་ལི་ཁེ་ཆང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པར་གཅིག་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་བརྡར་ཤ་གཅོད་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ་འཕེལ་རྒྱས་ཀྱི་ཆོད་སེམས་བརྟན་དུ་གཏོང་བ་དང་། ཧུར་བརྩོན་དང་རང་འགུལ་ངང་བྱས་རྗེས་འཇོག་པ། འཕེལ་རྒྱས་ལ་དམ་འཛིན་ལྷོད་མེད་བཅས་བྱས་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་གཏན་ལ་ཕབ་པའི་དམིགས་བསལ་སྲིད་ཇུས་ཁག་ཡག་པོ་སྤྱད་དེ། “ལོ་ལྔ་ཚན་བཅུ་གསུམ་པའི”འགོ་ཡག་པོ་ཞིག་འཛུགས་པ་དང་། གཉིས་ནས་གཙོ་གནད་ལས་འགན་གྱི་ལྟ་སྐུལ་ཞིབ་བཤེར་དང་དོན་འཁྱོལ་དམ་འཛིན་ཡག་པོ་བྱས་ཏེ་དུས་ཚོད་སྐར་ཆ་ཙམ་ཡང་དམ་འཛིན་ལྷོད་མེད་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་ཐོག་ནས་བྱ་རིམ་ལྡོག་བཤེར་དང་གཏན་འཁེལ་ཇུས་གཞི་གཞིར་བཟུང་ལས་སྒྲུབ་ཀྱིས་གཙོ་གནད་ལས་འགན་དང་གཙོ་གནད་རྣམ་གྲངས་ཁག་དོན་ཐོག་ཏུ་འཁྱོལ་བ་དང་སྲིད་ཇུས་བྱ་ཐབས་ཁག་གཞི་རིམ་གྱི་འཐབ་ས་དང་པོར་དོན་འཁྱོལ་ཐུབ་རྒྱུར་སྐུལ་འདེད་གཏོང་བ། གསུམ་ནས་སྲིད་གཞུང་གི་འགན་ནུས་བསྒྱུར་རྒྱུར་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང“སྐུལ་འདེད་དྲུག”ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་སྟེ་ཁྱད་ལྡན་ལེགས་ཆའི་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་བའི་ཐད་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ཀྱི་སྒྱུར་བཅོས་ཐད་གཙོ་གནད་ཚད་བརྒལ་ཡོང་རྒྱུར་སྐུལ་འདེད་གཏོང་བ། ཞི་མཐུན་བརྟན་ལྷིང་དང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་། བདེ་འཇགས་ཐོན་སྐྱེད་བཅས་ཀྱི“མཐའ་ཚད་གསུམ”བརྟན་སྲུང་ལ་རྒྱུན་སྲིང་ལྷོད་མེད་བཅས་བྱས་ནས་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་མྱུར་པོ་ཡོང་བ་བྱེད་དགོས་ལུགས་བཏོན་ཡོད་པ་རེད།
ཚོགས་འདུའི་ཐོག་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་བྱ་རྒྱུ་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་མིན་དང་འབྲེལ་བ་དམ་ཟབ་ཡོད། དེས་ན་རིམ་པ་ཁག་དང་སྡེ་ཚན་ཁག་གིས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་གཞི་རྩའི་ཇུས་ཆེན་མཐའ་འཁྱོངས་ཀྱིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། བྱེད་ཐབས་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་པ། རྒྱུན་སྲོལ་ལས་བརྒལ་བའི་བྱེད་ཐབས་སྤྱོད་པ། ཐབས་ཤེས་ནུས་ལྡན་སྤྱོད་པ། དབུལ་སྒྲོལ་འགག་སྒྲོལ་གྱི་མངོན་གསལ་དོད་པའི་ཞན་ཆ་གང་མགྱོགས་གསབ་པ་བཅས་བྱས་ཏེ་མི་འབོར་དབུལ་པོའི་ཟས་གོས་སྡོད་གསུམ་ལ་སེམས་ཁྲལ་མེད་པ་དང་འོས་འགན་སློབ་གསོ་དང་། གཞི་རྩའི་སྨན་བཅོས། སྤྱི་ཚོགས་འགན་སྲུང་བཅས་འགན་ལེན་བྱས་ནས་རྩལ་ནུས་ལྡན་པ་དང་། ལས་ཞུགས་ཐུབ་པ། ཡོང་འབབ་ཡོད་པ། ཕྱུག་པོ་ཆགས་པ་བཅས་ཀྱི་ཚད་གཞིར་སླེབས་པ་བྱེད་དགོས་ལུགས་བཏོན་ཡོད་པ་རེད།
ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་གནས་བབ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་སློབ་གསོའི་དམངས་འཚོའི་འདུ་འགོད་ཨང་དང་པོ་ལག་བསྟར་ཤུགས་ཆེན་བྱས་ཏེ་སློབ་གསོའི་དམངས་ཕན་སྲིད་ཇུས་ཁག་ཁྱོན་ཡོངས་ནས་དོན་ཐོག་ཏུ་འཁྱོལ་བ་བྱས་ཡོད། རང་ལྗོངས་ཀྱི“ལོ་བཅོ་ལྔ”སློབ་ཡོན་མི་དགོས་པའི་སློབ་གསོ་དང“འགན་ལེན་གསུམ”དང་སློབ་མའི་སློབ་རོགས་སྲིད་ཇུས་མ་ལག་འཛུགས་སྐྱོང་སོགས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དེ་ཐོག་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་དང་སློབ་གསོའི་བྱ་གཞག་ལ་དམིགས་བསལ་ཐུགས་ཁུར་གནང་བ་མཚོན་པས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སེམས་དང་བདེ་སྐྱིད་ཚོར་སེམས་ཆེ་རུ་ཏན་ཏིག་ཕྱིན་ཡོད་ལུགས་བཏོན་ཡོད། ཚོགས་འདུའི་ཐོག་གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་དང་ཞིང་འབྲོག་ཁུལ་གཙོ་བོར་བྱས་པའི་འོས་འགན་སློབ་གསོའི་གྲོན་དངུལ་འགན་ལེན་ལམ་སྲོལ་བཙུགས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོ་དེ་རིམ་པ་དེ་བས་མཐོ་བའི་ཐོག་དོ་སྙོམས་འཕེལ་རྒྱས་འགྲོ་རྒྱུར་ཕན་ཐོགས་ཡོད་པ་བྱེད་དགོས། མ་དངུལ་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་ཚན་རིག་དང་ལུགས་དང་མཐུན་པའི་སྒོ་ནས་སློབ་གསོའི་གྲོན་དངུལ་བཀོད་སྒྲིག་བྱས་ཏེ་གཞི་རིམ་དང་། ཞིང་འབྲོག་ཁུལ། ཐག་རིང་ས་ཁུལ་བཅས་ལ་གཟིགས་སྐྱོང་བྱ་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་ཞིང་འབྲོག་པའི་བུ་ཕྲུག་ཚོས་གྲོང་ཁྱེར་གྱི་ཕྲུ་གུ་དང་འདྲ་བར་སློབ་གསོའི་སྤུས་ལེགས་ཐོན་ཁུངས་ལོངས་སུ་སྤྱོད་ཐུབ་པ་བྱས་ཏེ་ཀྲུང་དབྱང་གི་ཐུགས་ཁུར་དང་དྲོ་སྐྱིད་ཁྱིམ་ཚང་ཁྲི་སྟོང་མང་པོས་ཚོར་བ་བྱེད་དགོས་པའི་ནན་བཤད་བྱས་ཡོད་པ་རེད།
ཚོགས་འདུའི་ཐོག་དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་དང་དབང་པོ་སྐྱོན་ཅན་ཚབས་ཆེན་གྱི་ནད་སྐྱོང་ཁ་གསབ་ལམ་སྲོལ་འཛུགས་རྒྱུ་དེ་ནི་རང་ལྗོངས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ནས་དམངས་འཚོ་འགན་ལེན་ལ་ཤུགས་སྣོན་རྒྱག་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། རང་ལྗོངས་ཀྱི་དབང་པོ་སྐྱོན་ཅན་གྱི་འཚོ་སྡོད་དང་འཕེལ་རྒྱས་ཀྱི་ཁེ་དབང་འགན་ལེན་བྱེད་པའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད་ལུགས་བཏོན་ཡོད། ཚོགས་འདུའི་ཐོག་དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་ཚད་གཞི་མི་རེར་ཟླ་རེར་སྒོར་50དང་། དབང་པོ་སྐྱོན་ཅན་ཚབས་ཆེན་གྱི་ནད་སྐྱོང་ཁ་གསབ་ཚད་གཞི་མི་རེར་ཟླ་རེར་སྒོར་100གཏན་འཁེལ་བྱས་ཡོད། ས་ཁུལ་དང་གྲོང་ཁྱེར་ཁག་གིས་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་ལ་གཞིགས་ནས་ཚད་གཞི་མཐོ་རུ་འོས་འཚམ་གཏོང་ཆོག དབང་པོ་སྐྱོན་ཅན་གྱི་ཁ་གསབ་སྲིད་ཇུས་གཉིས་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་དང་གྲོང་གསེབ་ཀྱི་འགན་ལེན་ལྔའི་སྲིད་ཇུས་འགལ་བ་མེད་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་ཁྱིམ་ཚང་གི་ཡོང་འབབ་ནང་བཅུག་མེད།
ཚོགས་འདུའི་ཐོག་ད་དུང་དོན་དག་གཞན་ལའང་ཞིབ་འཇུག་བྱས་པ་རེད།