ཉིན་ཤས་གོང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་པེ་ཅིང་དུ་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་རུ་ཕེབས་ནས་འགྲིམ་འགྲུལ་སྐྱེལ་འདྲེན་པུའི་ཏང་ཙུའི་ཧྲུའུ་ཅི་པུའུ་ཀྲང་དབྱང་ཁྲོན་ཐང་དང་བཞུགས་མོལ་གནང་ནས། བོད་རང་སྐྱོང་ལྗོངས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཕེལ་རྒྱས་འཆར་འགོད་ཀྱི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་སོགས་ལས་དོན་སྤེལ་མགྱོགས་སུ་གཏོང་རྒྱུའི་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་བ་རེད།
བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཁྲེན་ཆོན་གོ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཁྲི་ཚོ་300ལྷག་ཙམ་གྱི་ཚབ་ཞུས་ནས་པུའུ་ཀྲང་དབྱང་ཁྲོན་ཐང་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་དང་། དུས་ཡུན་རིང་པོའི་ནང་འགྲིམ་འགྲུལ་སྐྱེལ་འདྲེན་པུས་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ལྷག་པར་དུ་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་དང་ཤུགས་ཆེའི་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།
བློ་བཟང་རྒྱལ་མཚན་གྱིས་འགྲིམ་འགྲུལ་ནི་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྲོག་རྩ་ལྟ་བུ་དང་། ཆབ་སྲིད་བརྟན་ལྷིང་གི་འགན་ལེན། རྒྱལ་སྲུང་བདེ་འཇགས་ཀྱི་རྨང་གཞི། འགྲོ་འོང་སྤེལ་རེས་ཀྱི་འབྲེལ་ཐག མི་རིགས་མཐུན་སྒྲིལ་གྱི་འབྲེལ་ཟམ།
ཕྱོགས་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་འགག་རྩ་བཅས་རེད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ནི་རང་ལྗོངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་། དུས་བཀག་ཐོག་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་ཤིག་དང་། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཕྱོགས་བསྡུས་མ་ལག་བཙུགས་པ་དང་སྐྱེལ་འདྲེན་གྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བའི་གལ་ཆེའི་དུས་མཚམས་ཤིག་ཡིན་པ་མ་ཟད། འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་དང་འགྲིམ་འགྲུལ་གྱི་འཇུར་མིག་ཚོད་འཛིན་མེད་པ་བཟོ་བའི་འགག་རྩའི་དུས་མཚམས་ཤིག་ཀྱང་ཡིན་པས། འགྲིམ་འགྲུལ་སྐྱེལ་འདྲེན་པུས་མཛུབ་ཁྲིད་དང་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ་དེ་ཁ་ཚ་དགོས་གཏུགས་ཆེ་བས་བོད་ལ་འཇུར་མིག་གི་ཚོད་འཛིན་མེད་པ་བཟོ་བ་དང་། འཕེལ་རྒྱས་ཀྱི་ཞན་ཆ་གསབ་པ། འགྲིམ་འགྲུལ་གྱི་རྨང་གཞི་བརྟན་དུ་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལེགས་པར་སྒྲུབ་པ། འབྱོར་འབྲིང་གི་གོམ་སྟབས་སྙེགས་ཐུབ་པ་བཅས་བྱེད་རོགས་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
དབྱང་ཁྲོན་ཐང་གིས་ཉེ་བའི་ལོ་ཤས་རིང་བོད་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་འཕེལ་རྒྱས་ཐད་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པར་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་འགྲིམ་འགྲུལ་སྐྱེལ་འདྲེན་པུས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་རྩ་གནད་དང་། བོད་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཚན་རིག་དང་མཐུན་པའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་བསམ་འཆར་འགའ་ཞིག་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། བོད་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱེད་པ། བོད་ནས་ཕྱིར་ཐོན་པའི་གཞུང་ལམ་ཤར་བགྲོད་ཆ་རྐྱེན་ལེགས་སུ་གཏོང་བ། གཙོ་གནད་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞུང་ལམ་ཤར་བགྲོད་ཆུ་ཚད་མཐོ་རུ་གཏོང་བ། ཉེན་ཟམ་སྒྱུར་བཀོད་དང་མཐའ་སྲུང་གཞུང་ལམ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པ། བོད་ཀྱི་འགྲིམ་འགྲུལ་རྣམ་གྲངས་ལ་ཞིབ་མཆན་འགོད་མགྱོགས་སུ་གཏོང་བ། བོད་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བའི་འགན་ལེན་ནུས་ལྡན་བྱེད་དགོས་ཞེས་མཛུབ་སྟོན་གནང་བ་རེད།