དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་སྲིད་གཞུང་གིས་པེ་ཅིང་དུ་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་དང་བཞུགས་མོལ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-03-25
            ཚེས་22ཉིན་རང་སྐྱོང་ལྗོངས་སྲིད་གཞུང་གིས་པེ་ཅིང་དུ་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་དང་བཞུགས་མོལ་གནང་ནས་ཕྱོགས་གཉིས་པོས་བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་བྱ་གཞག་འཕེལ་རྒྱས་དང་ལྷག་པར་དུ་དམངས་སྤྱོད་མཁའ་འགྲུལ་གྱིས་བོད་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འགོ་ཡག་པོ་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད་བསམ་འཆར་བརྗེ་རེས་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་དང་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱི་ཅུས་ཀྲང་ཕེང་ཀྲེང་ལིན་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཏིང་ཡེ་ཤན་གྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་དང་། དམངས་སྤྱོད་མཁའ་འགྲུལ་འཕེལ་རྒྱས་འགྲོ་ཚུལ་སྙན་སེང་ཞུས་གནང་བ། ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཏུང་ཀྲི་དབྱི་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཅིས་གོ་ཀང་ཚོགས་འདུར་ཞུགས་ཡོད་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་དེ་བཞིན་ཧྲུའུ་ཅི་ཁྲེན་ཆོན་གོའི་ཚབ་ཞུས་ཏེ་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་དུས་ཡུན་རིང་པོའི་ནང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། ལྷག་དོན་དུ་དམངས་སྤྱོད་མཁའ་འགྲུལ་བྱ་གཞག་ལ་ཚད་མཐོའི་མཐོང་ཆེན་དང་རྒྱབ་སྐྱོར་ཤུགས་ཆེན་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་དམངས་སྤྱོད་མཁའ་འགྲུལ་ལས་རིགས་ནི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ལྟ་བུ་ཞིག་ཡིན། བོད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་འགག་རྩའི་དུས་སྐབས་དང་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་དང་། “ལོ་ལྔ་ཚན་བཅུ་གསུམ་པར”སྐུལ་འདེད་ཧུར་ཐག་གཏོང་བ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པའི་འགོ་འཛུགས་ལོར་དུས་བབ་དང་ལས་འགན་གསར་པ་དང་། བཀོད་སྒྲིག་དང་བྱ་ཐབས་བཏོན་པས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་མཁའ་འགྲུལ་སྐྱེལ་འདྲེན་གྱི་སྐུལ་འདེད་ནུས་པ་གལ་ཆེན་སྔར་བས་འདོན་སྤེལ་བྱ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཤིག་རེད། དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་དམངས་སྤྱོད་མཁའ་འགྲུལ་གྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་དང་། སྤྱི་སྤྱོད་མཁའ་འགྲུལ་འཕེལ་རྒྱས། མཁའ་འགྲུལ་དབང་ཆ་ཞིབ་མཆན། མཁའ་འགྲུལ་སྣུམ་མཁོ་སྤྲོད་འགན་ལེན་སོགས་ཀྱི་ཐད་རྒྱབ་སྐྱོར་དེ་བས་ཆེ་བ་བྱས་ཏེ་བོད་ཀྱི“ལོ་ལྔ་ཚན་བཅུ་གསུམ་པ”འགོ་ཡག་པོ་འཛུགས་ཐུབ་པ་དང་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་ཐད་སྲ་ཞིང་བརྟན་པའི་འགན་ལེན་གནང་རོགས་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

    ཕེང་ཀྲེང་ལིན་གྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཐོབ་པའི་གཟེངས་སུ་ཐོན་པའི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་གནང་ཞིང་། ཁོང་གིས་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་འཕེལ་རྒྱས་གཏོང་རྒྱུ་དེ་རང་ཉིད་ཀྱི་ལས་འགན་ལ་བརྩིས་ནས་ནུས་ཤུགས་ཡོད་རྒུས་བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུ་དང་། གནམ་ཐང་འཛུགས་སྐྲུན་དང་གཉེར་སྐྱོང་ཁ་གསབ། སྤྱི་སྤྱོད་མཁའ་འགྲུལ་འཕེལ་རྒྱས། མཁའ་ལམ་གསར་གཏོད། དུས་གཏན་གནམ་གྲུའི་དུས་ཚོད་བཀོད་སྒྲིག མཁའ་འགྲུལ་སྣུམ་དང་སྒྲིག་ཆས་འཛུགས་སྐྱོང་། དམངས་སྤྱོད་མཁའ་འགྲུལ་ལས་བྱེད་ལས་བཟོའི་གླ་ཕོགས་མཐོར་གཏོང་སོགས་ཐད་རྒྱབ་སྐྱོར་ཤུགས་ཆེན་བྱས་ཐོག་བོད་ཀྱི་མཁའ་འགྲུལ་སྐྱེལ་འདྲེན་འཕེལ་རྒྱས་མྱུར་པོ་དང་། སྤྱི་སྤྱོད་མཁའ་འགྲུལ་སྔ་ཙམ་ཤར་གཏོང་། སྤྱི་པའི་ཞབས་འདེགས་ཞུ་ནུས་ཆེར་གཏོང་བཅས་ལ་སྐུལ་འདེད་བཏང་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།