གཞིས་རྩེ་དང་། ཆབ་མདོ། ཉིང་ཁྲི། ལྷོ་ཁ་བཅས་གཅིག་རྗེས་གཉིས་མཐུད་ངང་ས་ཁུལ་གྲོང་ཁྱེར་དུ་བསྒྱུར་བ་དང་ཆབས་ཅིག་རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་གོམ་སྟབས་རྒྱུན་ཆད་མེད་པར་མགྱོགས་སུ་ཕྱིན་ཡོད། ས་ཁུལ་རིམ་པའི་གྲོང་ཁྱེར་5བར་མང་དུ་ཕྱིན་པ་དང་། ནག་ཆུ་དང་མངའ་རིས་ཀྱི་ས་ཁུལ་གྲོང་ཁྱེར་དུ་བསྒྱུར་བའི་ལས་དོན་ཡང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།
“ལོ་ལྔ་ཚན་བཅུ་གཉིས་པའི”རིང་རང་ལྗོངས་ཀྱིས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་ཧུར་ཐག་བསྐྲུན་རྒྱུ་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་དེ་གྲོང་ཁྱེར་དང་གྲོང་རྡལ་གྱི་གཞི་ཁྱོན་དང་རྨང་གཞིའི་འཛུགས་སྐྲུན་གྱི་ལས་དོན་དང་མཉམ་དུ་སྤེལ་ཏེ་གྲོང་ཁྱེར་དང་གྲོང་རྡལ་མཐུན་སྦྱོར་འཕེལ་རྒྱས་ཡོང་བ་བྱས་པས“སྐོར་གཅིག་ཁྲིད་གསུམ་གནད་གཉིས་རྒྱུད་གཅིག”གི་གྲོང་ཁྱེར་དང་གྲོང་རྡལ་ཅན་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཐོན་པ་དང“སྐོར་གཅིག་ཁུལ་གཉིས་གནས་གསུམ་རྒྱུད་གཉིས”ཀྱི་ཕྱོགས་སུ་འགྱུར་ལྡོག་བྱུང་ཡོད། གནམ་དང་ཐག་ཉེ་ཤོས་ཀྱི་ས་གཞི་དེའི་ཐོག་གྲོང་ཁྱེར་དང་གྲོང་རྡལ་ཅན་་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།
ཚན་རིག་དང་མཐུན་པའི་སྒོ་ནས་འཆར་གཞི་བཀོད་པ།
རྣམ་པ་གསར་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་ནང་དོན་གལ་ཆེན་ཞིག་རེད་ལ་རང་ལྗོངས་ཀྱི་དུས་སྐབས་ཤིག་གི་འཐབ་ཇུས་ལས་འགན་གལ་ཆེན་ཞིག་ཀྱང་རེད།
རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་ལམ་བུ་ནི་2020ལོར་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུར་དམིགས་པ་དང་། རྨང་གཞི་ཡག་པོ་འདིང་རྒྱུར་གཞིགས་པ། མི་རྩ་བར་འཛིན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གཏོད་རྒྱུ་སྲོག་ཤིང་དུ་བྱེད་པ་བཅས་ཀྱི་ཐོག་མི་རྩ་བར་འཛིན་པ་དང་། གཅིག་སྡུད་འོས་འཚམ་བྱེད་པ། འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་མཉམ་སྒུལ་བྱེད་པ། སྣོད་བཅུད་ཤེས་དཔལ་གཏོད་པ། རིག་གནས་རྒྱུན་འཛིན་བྱེད་པ་བཅས་ཀྱི་ཐོག་ནས་མི་རིགས་ཀྱི་ཁྱད་ཆོས་དང་། ས་ཁོངས་ཀྱི་རིག་གནས་ཁྱད་ཆོས། སྣ་མང་རང་བཞིན་གྱི་ཁྱད་ཆོས་བཅས་ལྡན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་སྐྲུན་གྱི་ལམ་དུ་བསྐྱོད་རྒྱུ་དེ་རེད།
འཛུགས་སྐྲུན་ལ་བརྟན་པོའི་སྒོ་ནས་སྐུལ་འདེད་བཏང་བ།
ལྷ་ས་གྲོང་ཁྱེར་གྱི་ལྟེ་བའི་ཁུལ་ནས་ཤར་ཕྱོགས་ཀྱི་རྔ་ཆེན་ཟམ་ཆེན་བརྒྱུད་ཧ་ལམ་སྐར་མ་15ཙམ་བསྐྱོད་ན་སྐྲུན་བཞིན་པའི་གྲོང་གསར་དེ་མཐོང་ཐུབ། འདི་ནི་2012ལོ་ནས་བསྐྲུན་འགོ་ཚུགས་པའི་ལྷ་སའི་སློབ་གསོ་གྲོང་རེད་ལ་མིག་སྔའི་རང་ལྗོངས་ཀྱི་དེང་རབས་སློབ་གསོ་གཅིག་སྡུད་ཁུལ་དང་སློབ་གསོའི་རྟེན་གཞི་ཞིག་ཀྱང་རེད།
འཆར་གཞི་ལྟར་ན། ལྷ་སའི་སློབ་གསོ་གྲོང་གི་དུས་ཐེངས་དང་པོའི་རྣམ་གྲངས་ཀྱིས་ས་ཁྱོན་མུའུ་4284བཟུང་བ་དང་། དེར་ཞུགས་རྣམ་གྲངས་17ཡོད་པ། མ་དངུལ་སྒོར་དུང་ཕྱུར་37ཙམ་བཏང་ཡོད། བསྐྲུན་ཟིན་པའི་ལྷ་སའི་སློབ་གསོ་གྲོང་ནི་སློབ་ཞུགས་གོང་གི་སློབ་གསོ་དང་། འོས་འགན་སློབ་གསོ། མཐོ་རིམ་སློབ་འབྲིང་གི་སློབ་གསོ། ལས་རིགས་སློབ་གསོ། སློབ་ཆེན་གྱི་ཚན་ཞིབ། དམིགས་བསལ་སློབ་གསོ། དགེ་རྒན་གསོ་སྦྱོང་། དགེ་རྒན་གྱི་ཉལ་ཁང་ཁུལ་ཆུང་བཅས་གཞི་གཅིག་ཏུ་འདུས་པའི་སློབ་གསོ་དང་། སྡོད་ཁང་། སྨན་བཅོས། གྲོང་ཁྱེར་དོ་དམ། ཚོང་ལས་སོགས་ལེ་ལག་ཚང་བའི་སྒྲིག་ཆས་ཀུན་ཚང་གི་ནུས་པ་མང་བའི་དེང་རབས་ཅན་གྱི་སློབ་གསོའི་གྲོང་ཁུལ་ཞིག་རེད། གྲོང་ཁུལ་དེའི་ལྟེ་བའི་ཁུལ་དུ་ད་དུང་བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རང་བྱུང་གྲོང་ཚོ་ཞིག་སོར་འཇོག་བྱས་ཡོད། སྐབས་འདིར་ས་ཁོངས་དེའི་གྲོང་ཁུལ་གྱི་མི་འབོར་ཁྲི་5ཟིན་རྒྱུ་ཡིན་པ་རེད།
ལྷ་སའི་སློབ་གསོ་གྲོང་བསྐྲུན་པ་དེ་ནི་རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གཉིས་པའི”རིང་གི་གྲོང་ཁྱེར་དང་གྲོང་རྡལ་ཅན་འཕེལ་རྒྱས་ཀྱི་བསྡུས་རིས་ཤིག་རེད།
2012ལོར་རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཁུལ་དུ་འཛུགས་སྐྲུན་བྱས་པའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་205ཟིན་པ་དང་། ལྗོངས་ཡོངས་སུ་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲངས་འབོར་140ཟིན་པ་དང་། 2013ལོར་རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི་74ཟིན་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་གྱུར་ཚད་23.7%ཟིན་པ། 2014ལོར་རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་གྱུར་ཚད་25.75%ཟིན་ནས་ལྷ་ས་གྲོང་ཁྱེར་ལྟེ་བར་བྱེད་པ་དང་། ས་ཁུལ་དང་གྲོང་ཁྱེར་གནས་སའི་ས་ཁུལ་འདེགས་གནས་སུ་བྱེད་པ། རྫོང་གྲོང་དང་། མཐའ་མཚམས་གྲོང་ཁྱེར་དང་གྲོང་རྡལ། ཁྱད་ལྡན་རིག་གནས་ཡུལ་སྐོར་གྲོང་ཁྱེར་དང་གྲོང་རྡལ་བཅས་དྲ་རྒྱར་བྱས་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་ལག་ཞིག་རགས་ཙམ་ཆགས་ཡོད་པ་རེད།
སྤྱི་ཚོགས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཐོན་པ།
ཉིང་ཁྲི་གྲོང་ཁུལ་གྱི་རྒྱུན་སྡོད་མི་འབོར་ཁྲི་4ཁོ་ན་ལས་ཟིན་གྱི་མེད་མོད། འོན་ཀྱང་ཡུལ་སྐོར་དུ་ཡོང་མཁན་མང་བའི་དུས་སུ་ཁྲི་8དང་ཐ་ན་ཁྲི་10ཟིན་གྱི་ཡོད་པ་རེད།
དགུན་དུས་བོད་ཀྱི་ཡུལ་སྐོར་དང་ལྷག་དོན་དུ་བོད་དུ་ཡུལ་སྐོར་བྱེད་པར་སྐྱོད་སྐབས་སྔོན་ལ“ཉིང་ཁྲི”ནས་འགོ་འཛུགས་དགོས་པའི་དྲིལ་བསྒྲགས་བྱས་པ་དང་སྦྲགས་ད་ཆ་ཉིང་ཁྲིའི་དགུན་དུས་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་རྒྱུར་མི་མངོན་པའི་ནུས་པ་ཆེན་པོ་ལྡན་ཡོད། ཡུལ་སྐོར་ལས་རིགས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་བྲག་ཡིབ་ཆུས་དེ་ཉིད་ལྟེ་བའི་གྲོང་ཁྱེར་དང་གྲོང་རྡལ་དུ་བརྩིས་ཡོད། ཉིང་ཁྲི་གྲོང་ཁྱེར་ལ་གྲོང་ཁྱེར་དང་གྲོང་རྡལ་ཅན་ལ་སྐུལ་འདེད་གཏོང་བའི་ཆ་རྐྱེན་དང་རྨང་གཞི་ལྡན་ཡོད་པ་རེད།
“བོད་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ”ཞེས་འབོད་པའི་ཉིང་ཁྲིར་མི་འབོར་གཤོངས་ཚད་མཐོ་པོ་ལྡན་ཡོད། མིག་སྔར་ཉིང་ཁྲི་གྲོང་ཁྱེར་གྱིས་ཁྲོམ་རའི་བྱེད་ཐབས་སྤྱད་ནས་མི་མང་འདུ་བའི་ཆ་རྐྱེན་ཧུར་ཐག་སྐྲུན་བཞིན་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་ལོ་རེ་བཞིན་མཐོ་རུ་ཕྱིན་པ་དང་སྦྲགས་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འགྲིམ་འགྲུལ་དང་། ནུས་རྒྱུ། འཕྲིན་གཏོང་། ཁོར་ཡུག ཆུ་མཁོ་སྤྲོད་དང་ཆུ་འབུད་སོགས་རྨང་གཞིའི་སྒྲིག་ཆས་ཉིན་བཞིན་འཐུས་ཚང་དུ་ཕྱིན་པ་དང་། ས་ཁུལ(གྲོང་ཁྱེར)གནས་སའི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལམ་དྲའི་སྒྲོམ་གཞི་ཉིན་བཞིན་འཐུས་ཚང་དུ་ཕྱིན་པ། རྫོང་གྲོང་དུ་ཆུ་མཁོ་སྤྲོད་ཁྱབ་ཚད་75%ཟིན་པ། རྫོང་ཡན་གྱི་གྲོང་ཁྱེར་དང་གྲོང་རྡལ་དུ་3Gའཕྲིན་གཏོང་ལག་རྩལ་སྤྱིར་ན་ཡོངས་སུ་ཁྱབ་པ། སློབ་གསོ་དང་། སྨན་བཅོས། རིག་གནས། སྤྱི་ཚོགས་འགན་སྲུང་སོགས་སྤྱི་པའི་ཞབས་ཞུའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་པ་རེད།
གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་ནས་འཕེལ་རྒྱས་ཀྱི་འདུ་ཤེས་རིམ་གྱིས་འགྱུར་ལྡོག་བྱུང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། ཕྱོགས་བསྡུས་ཐེག་ནུས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་རང་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོར་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཕེལ་རྒྱས་ལས་ཐོབ་པའི་དེང་རབས་ཀྱི་ཤེས་དཔལ་གྲུབ་འབྲས་ལོངས་སུ་གང་ལེགས་སྤྱོད་རྒྱུ་བྱུང་ཡོད་པ་རེད།