སྨན་བཅོས་བྱེད་པ་དང་སྨན་སྐྱེལ་བ། རིག་རྩལ་སྐོང་འཁྲབ་བཅས་བྱས་ཏེ་དམངས་ལ་ཕན་བདེ་བསྐྲུན་ཐོག་ཁྲེང་ཀོན་ཆུས་ཀྱིས་ཡུལ་མི་མང་ཚོགས་ཀྱི་ཁྱིམ་གྱི་སྒོ་ཁར་ཞབས་ཞུ་སྤེལ་བ་རེད། ཁྲེང་ཀོན་ཆུས་ཀྱིས“མཛེས་སྡུག་ལྡན་པའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད། ཞི་མཐུན་ཁྲེང་ཀོན་གསར་པ་མཉམ་སྐྲུན་བྱེད”ཅེས་པ་བརྗོད་བྱ་གཙོ་བོར་བྱས་པའི་2016ལོའི“གཤམ་སྤེལ་ལྔ་དང་སྡེ་ཁུལ་དུ་ཁག་བཞི་སྤེལ་བའི”གཅིག་སྡུད་བྱེད་སྒོ་སྤེལ་ཚུན་ཡུལ་མིའི་དགའ་བསུ་ཆེན་པོ་ཐོབ་པ་རེད།
རྣམ་པ་གསར་གཏོད་ཀྱིས་བྱེད་སྒོ་སྤེལ་བ།
ཁྲེང་ཀོན་ཆུས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཉི་མ་ཡོན་ཏན་གྱིས“ང་ཚོས་ད་ཐེངས་ཀྱི་བྱེད་སྒོ་གོ་སྐབས་སུ་བྱས་ཏེ‘གཤམ་སྤེལ་ལྔ་དང་སྡེ་ཁུལ་དུ་ཁག་བཞི་སྤེལ་བའི’བྱེད་སྒོའི་བཀོད་སྒྲིག་ལ་ནན་པོ་གཞིགས་ནས། ‘གཤམ་སྤེལ་ལྔ་དང་སྡེ་ཁུལ་དུ་ཁག་བཞི་སྤེལ་བའི’བྱེད་སྒོ་དེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེད་ཐབས་གལ་ཆེན་ལ་བརྩིས་ཏེ། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་དང་སྡེ་ཁུལ་གྱི་ཡུལ་མི་མང་ཚོགས་སྐུལ་སློང་གིས‘གཤམ་སྤེལ་ལྔ་དང་སྡེ་ཁུལ་དུ་ཁག་བཞི་སྤེལ་བའི’བྱེད་སྒོའི་ཁྲོད་ཧུར་ཐག་ཞུགས་པ་དང་། ལས་ཀའི་གཙོ་གནད་མངོན་གསལ་དོད་པོ་བྱེད་པ། རྣམ་པ་དང་བྱ་ཐབས་གསར་གཏོད་བཅས་བྱས་ཏེ་བྱེད་སྒོར་ཕན་འབྲས་དངོས་ཐོབ་པའི་འགན་ལེན་བྱས་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་མགྱོགས་མྱུར་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན”ཞེས་བཤད་པ་རེད།
བྱེད་སྒོ་སྤེལ་རིང་ཁྲེང་ཀོན་ཆུས་ཨུད་དྲིལ་བསྒྲགས་པུའུ་དང་། ཆུས་མི་དམངས་ཁྲིམས་ཁང་། ཆུས་རིག་གནས་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས། ཆུས་སློབ་གསོ་ལུས་རྩལ་ཅུས། ཆུས་ཁྲིམས་འཛིན་ཅུས། ཆུས་བདེ་འཇགས་ལྟ་སྐུལ་ཅུས་སོགས་འབྲེལ་ཡོད་སྡེ་ཚན་13གྱིས་ད་ཐེངས་ཀྱི་བྱེད་སྒོའི་ནང་ཧུར་ཐག་ཞུགས་ཏེ་རིག་གནས་དང་། ཚན་རྩལ། འཕྲོད་བསྟེན། བཅའ་ཁྲིམས། རྒྱལ་གཅེས་ཆོས་་གཅེས་བཅས་ཀྱི་ཞབས་ཞུའི“གཤམ་སྤེལ་ལྔ”དང་། ཚན་སློབ་དང་། རིག་གནས་ལུས་རྩལ། བཅའ་ཁྲིམས། འཕྲོད་བསྟེན་བཅས“སྡེ་ཁུལ་དུ་ཁག་བཞི་སྤེལ་བའི”བྱེད་སྒོ་ཧུར་ཐག་སྤེལ་བ་དང་དུས་མཚུངས། ད་དུང་དམངས་ཕན་སྲིད་ཇུས་དང་། བདེ་འཇགས་ཐོན་སྐྱེད། ངལ་རྩོལ་ལས་ཞུགས། ཁོར་ཡུག་སྲུང་སྐྱོང་སོགས་ཐད་ཀྱི་དྲིལ་བསྒྲགས་བྱས་ཏེ། ཞབས་ཞུ་ཏན་ཏིག་དང་སྣ་མང་ཕུན་སུམ་ཚོགས་པའི་བྱེད་ཐབས་ཐོག་ནས་སྔོན་ཐོན་གྱི་རིག་གནས་དང་། ཚན་རྩལ། འཕྲོད་བསྟེན། བཅའ་ཁྲིམས། རྒྱལ་གཅེས་ཆོས་གཅེས་བཅས་ཀྱི་དྲིལ་བསྒྲགས་ཞབས་ཞུ་གཞི་རིམ་དང་མང་ཚོགས་ཚོའི་ཁྲོད་དུ་དོན་འཁྱོལ་བྱས་ཏེ་ཏང་དང་མང་ཚོགས་དབར་དྲོ་སྐྱིད་སྦྱིན་པའི་འབྲེལ་ཟམ་ཞིག་བཙུགས་པ་རེད།
མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བ།
བྱེད་སྒོ་སྤེལ་ཡུལ་ས་ཚིགས་གསུམ་པ་སྟེ། ཁྲེང་ཀོན་ཆུས་གླིང་ཕྲན་གཉིས་ཀྱི་ཁྲོམ་གཞུང་དོན་གཅོད་ཁྲུའུ་རུ་འགོ་འཛུགས་ཞབས་བྲོ《བཀྲ་ཤིས་ཞོལ་པ》འཁྲབ་ནས་བྱེད་སྒོ་སྤེལ་འགོ་ཚུགས་པ་དང་། པེ་ཅིང་སློབ་འབྲིང་གི་ལུས་རྩལ་ཐང་ནང་དུ་ཁོངས་གཏོགས་ཁུལ་གྱི་སྡེ་ཁུལ་མང་ཚོགས་དང་སློབ་མ་500ལྷག་ཙམ་འཁྲབ་སྟོན་ལ་ལྟ་བར་སླེབས་ཤིང་། ད་ཐེངས་ཀྱི་རིག་རྩལ་འཁྲབ་སྟོན་གྱིས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བ་དང་དུས་མཚུངས་ཁོང་ཚོས་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ལྡན་པའི་མི་རིགས་ཀྱི་སྲོལ་རྒྱུན་གླུ་གར་ལའང་བསྐྱར་དུ་ངོས་འཛིན་ཐུབ་པ་བྱུང་ཡོད།
ད་ཐེངས་ཀྱི་བྱེད་སྒོའི་ཁྲོད་འཁྲབ་སྟོན་པ་300ལྷག་ཙམ་དང་ལས་དོན་པ་25ཞུགས་པ་དེའི་ནང་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་དང་སྡེ་ཁུལ་གྱི་རིག་རྩལ་རུ་ཁག་འཁྲབ་སྟོན་ནང་ཞུགས་པ་ཕུད། ད་དུང་རང་སྐྱོང་ལྗོངས་གླུ་གར་ཚོགས་པ་དང་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པའི་གྲགས་ཅན་སྒྱུ་རྩལ་པ་དང་ཆེད་ལས་འཁྲབ་སྟོན་པའང་གདན་དྲངས་ཤིང་། རིམ་རྩིས་བརྒྱབ་ན་རྣམ་པ་སྣ་ཚོགས་ཀྱི་ལེ་ཚན་100ལྷག་ཙམ་འཁྲབ་སྟོན་བྱས་པར་ལྟད་མོ་བ་མི་ཐེངས་ཁྲི་1.2ལྷག་ཙམ་ཟིན་པ་རེད།
མི་དམངས་དང་ཉེ་བཅར་གྱིས་ཞབས་འདེགས་ཞུས་པ།
ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་བྱས་པ་ཕུད་ཁྲེང་ཀོན་ཆུས་ཀྱི་ཚན་པ་13གྱིས་མང་ཚོགས་ལ་རིག་གནས་དང་། འཕྲོད་བསྟེན། ཚན་རྩལ། བཅའ་ཁྲིམས། མེ་ཟོན་སོགས་ཁྱབ་ཁོངས་སྣ་མང་གི་རིག་གནས་བྱེད་སྒོ་ཕུན་སུམ་ཚོགས་པོ་སྤེལ་ཞིང་། བྱེད་སྒོ་སྤེལ་རིང་ཁྲེང་ཀོན་ཆུས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་ལས་དོན་མི་སྣས་མང་ཚོགས་ལ《གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་སྨན་བཅོས་འགན་བཅོལ་སྲིད་ཇུས་ཀྱི་དྲི་བ་དྲི་ལན》ལ་ངང་རྒྱུད་རིང་པོས་འགྲེལ་བཤད་བརྒྱབ་པ་དང་། ད་དུང་ལྗོངས་ཐད་གཏོགས་ཚན་པ་13གྱིས་ས་གནས་ས་ཐོག་ཏུ་ཡུལ་མི་མང་ཚོགས་ལ་རིག་གནས་དང་། འཕྲོད་བསྟེན། ཚན་རྩལ། བཅའ་ཁྲིམས། མེ་ཟོན་སོགས་བོད་རྒྱ་ཤན་སྦྱར་གྱི་དྲིལ་བསྒྲགས་དཔྱད་ཡིག་དང་དེ་བཞིན་རིགས་ཁག་གི་དཔེ་དེབ་ཁྱོན་ཁྲི་9.5ལྷག་ཙམ་དང་། སྒོར་ཁྲི་6ལྷག་ཙམ་ཟིན་པའི་རྒྱུན་མཁོའི་སྨན་རྫས། རས་ཁུག་3500ལྷག་ཙམ། པང་རས་2300ལྷག་ཙམ། ཡིག་ཆས་ཁུག་མ1500ལྷག་ཙམ་བཅས་སྤྲད་པ་རེད།
ད་ཐེངས་ཀྱི“གཤམ་སྤེལ་ལྔ་དང་སྡེ་ཁུལ་དུ་ཁག་བཞི་སྤེལ་བའི”བྱེད་སྒོས་གཞི་རིམ་ཡུལ་མི་མང་ཚོགས་དང་ཞིང་འབྲོག་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་སྔར་བས་ཕུན་སུམ་ཚོགས་སུ་བཏང་བ་མ་ཟད། ད་དུང་ཚང་མའི་སྨན་བཅོས་འཕྲོད་བསྟེན་གྱི་རྒྱུན་ཤེས་ཕུན་སུམ་ཚོགས་སུ་ཕྱིན་པ་དང་། མང་ཚོགས་ཀྱི་བཅའ་ཁྲིམས་འདུ་ཤེས་ཟབ་སོང་བ། དམངས་ཕན་སྲིད་ཇུས་ཁག་ཁོང་དུ་ཆུད་ཐུབ་པ་བཅས་བྱུང་ཐོག གཞི་རིམ་གྱི་ཞི་མཐུན་བརྟན་ལྷིང་གི་རྣམ་པ་སྔར་ངལ་བས་སྲ་བརྟན་དུ་གཏོང་བ་དང་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཞི་མཐུན་དང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་བ་རེད།