དབུ་ཤོག>སྲིད་དོན།
  • “གཤམ་སྤེལ་ལྔའི”བྱ་ཐབས་དེ་ནི་ཡུན་རིང་དགེ་མཚན་ལྡན་པ་ཞིག་ཡིན།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  米玛   |     སྤེལ་དུས།  2016-03-23

    ལོ་17གོང་རང་ལྗོངས་ཀྱི་གཞི་རིམ་དུ་མི་དམངས་ཉེན་རྟོག་པ་བྱེད་མྱོང་བའི་སྨྱུག་འཛིན་པར། རྟག་ཏུ་ཁ་རྩོད་ཤོར་བའི་བཟའ་ཟླས་སྤྱི་བདེ་མི་དམངས་ཉེན་རྟོག་པར་ཁོང་གཉིས་ལ་བཟའ་ཚང་ཁ་བྲལ་བའི་འགྲོ་ལུགས་གཉེར་རྒྱུའི་རེ་བ་འདོན་པ་དང་འཕྲད་ཀྱི་ཡོད།

    ཕྱི་ཚུལ་ནས་བལྟས་ན་ངུ་མ་དགོད་ཀྱི་བྱ་བ་ཞིག་ཡིན་རུང་དོན་དུ་སྐབས་དེའི་རང་ལྗོངས་ཀྱི་གཞི་རིམ་མང་ཚོགས་ཀྱི་བཅའ་ཁྲིམས་ཤེས་བྱ་ཧ་ཅང་དམའ་བ་མཚོན་གྱི་ཡོད། དེང་སྐབས་གཞི་རིམ་དུ་ལས་དོན་སྒྲུབ་བཞིན་པའི་དེ་སྔའི་ལས་རོགས་ཉེན་རྟོག་པས་གནས་ཚུལ་དེ་རིགས་ད་ཆ་གཏན་ནས་ཐོན་གྱི་མེད་ཅེས་བཤད་བྱུང་།

    ལོ་བཅུ་ལྷག་ཙམ་རིང་གི་འགྱུར་ལྡོག་ལས་རང་ལྗོངས་ཀྱི་མི་དམངས་མང་ཚོགས་ཀྱི་སྤྱི་དམངས་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་བདེན་དཔང་ཐུབ་ཡོད་ལ། སྤྱི་དམངས་ཀྱི་བྱང་ཚད་མཐོ་རུ་ཕྱིན་པ་དེ་སློབ་གྲྭའི་སློབ་གསོའི་བྱས་རྗེས་ཆེན་པོ་ཞིག་ཡིན་པ་ཕུད། སྤྱི་ཚོགས་ཀྱི་སློབ་གསོ་ཡང་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད།

    དཔེ་དེབ་དང་། ཚགས་པར། རླུང་འཕྲིན། བརྙན་འཕྲིན། དྲ་རྒྱ་བཅས་ནས་ད་ཆའི་ལག་ཐོགས་ཁ་པར་གྱི་དྲ་རྒྱའི་བར་སོགས་སྟབས་བདེའི་རང་བཞིན་གྱི་བརྒྱུད་སྤེལ་བྱེད་ཐབས་ཐོན་པས། མི་རྣམས་ཤེས་བྱ་དང་ཆ་འཕྲིན་ཀློང་དུ་བརྡོལ་བའི་དུས་སྐབས་སུ་སླེབས་ཡོད་ཅིང་། མི་རྣམས་ཀྱིས་སྤྱི་ཚོགས་སློབ་གསོ་དང་ལེན་དང་ཆ་འཕྲིན་སྣ་ཚོགས་རྟོགས་པའི་ཐབས་ལམ་དེ་བས་མང་དུ་འགྲོ་བཞིན་ཡོད། དུས་རབས་གོང་མའི་ལོ་རབས་དགུ་བཅུ་པར་དར་བའི“གཤམ་སྤེལ་གསུམ”གྱིས་སྤྱི་དམངས་ཀྱི་བྱང་ཚད་མཐོ་རུ་འགྲོ་རྒྱུར་ལེགས་སྐྱེས་ཕུལ་ཡོད་ལ། ལས་གཞི་དེ་དུས་ད་ཆའི་བར་དུ་རྒྱུན་བསྐྱངས་པ་མ་ཟད། ད་ཆ་དེའི་ནང་དོན་མང་དུ་ཕྱིན་ཏེ“གཤམ་སྤེལ་ལྔའི”བྱེད་སྒོར་གྱུར་ཡོད་པ་རེད།

    ལ་ལས་རོལ་དབྱངས་གཏོང་ཙམ་བྱེད་པ་དང་ཞབས་བྲོ་འཁྲབ་ཙམ་བྱས་ནས་ལྟད་མོ་བ་ཚུར་བཀུག་རྗེས་ཚན་རྩལ་དང་། རིག་གནས། སློབ་གསོ། འཕྲོད་བསྟེན། བཅའ་ཁྲིམས་བཅས་དྲིལ་བསྒྲགས་བྱེད་པའི་རྣམ་པ་དེ་རྗེས་སུ་ལུས་པ་ཞིག་མ་ཡིན་ནམ་ཞེས་བརྗོད་ཀྱི་ཡོད། དོན་དངོས་སུ་དེ་ལྟར་མ་ཡིན་ཏེ། ད་ཆའི་ཆ་འཕྲིན་གྱི་བརྒྱུད་སྤེལ་བྱ་ཐབས་སྣ་མང་དང་བསྡུར་ཚེ“གཤམ་སྤེལ་ལྔར”གཞན་དང་བསྡུར་ཐབས་མེད་པའི་ལེགས་ཆ་ལྡན་ཡོད།

    དེའི་ལེགས་ཆ་ཆེ་ཤོས་ནི“མྱུར་འགྲུབ”ཡིན་པ་དང་། དེང་དུས་ཀྱི་བརྒྱུད་སྤེལ་བྱེད་ཐབས་མང་བ་དང་། ཆ་འཕྲིན་མང་བ། རྣམ་པ་དེ་བས་ཡིད་དབང་འཕྲོག་པ་བཅས་ཡོད་མོད། འོན་ཀྱང་མི་དམངས་མང་ཚོགས་ལ་དགོས་མཁོ་ཆེ་ཤོས་ཀྱི་ཆ་འཕྲིན་དེ་རྟག་ཏུ“ཆ་འཕྲིན་གྱི་རྒྱ་མཚོའི”ནང་ནུབ་ཡོད། “གཤམ་སྤེལ་ལྔས”ཆེས་ཐད་ཀར་དུ་དགོས་མཁོ་ཆེ་ཤོས་ཀྱི་ཆ་འཕྲིན་མང་ཚོགས་ཀྱི་མཐོང་ལམ་དུ་སྐྱེལ་ཐུབ་ཀྱི་ཡོད་པས་ཅི་འདྲའི་བྱེད་ཐབས་ཡག་པོ་ཞིག་མིན་ནམ།

    “གཤམ་སྤེལ་ལྔའི”རྣམ་པ་དེ་ཙམ་གསར་པ་མིན་རུང་། བྱ་ཐབས་དེས་སྤྱི་ཚོགས་བྱ་འཕུར་བ་ལྟར་འཕེལ་རྒྱས་འགྲོ་བའི་ཁྲོད་ནུས་པ་ཆེན་པོ་ཐོན་བཞིན་ཡོད་ཅིང་། སྤྱི་དམངས་ཀྱི་བྱང་ཚད་སློབ་གསོ་དེའང་ནམ་ཡང་ཚར་དུས་མེད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།