དབུ་ཤོག>སྲིད་དོན།
  • ​ ཅང་ཅེས་ལྷོ་ཁ་ས་ཁུལ་དུ་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次仁曲珍   |     སྤེལ་དུས།  2016-03-23

    ཚེས་20ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་བཅས་ཡིན་པའི་ཅང་ཅེས་ལྷོ་ཁ་ས་ཁུལ་སྣེ་གདོང་རྫོང་ཁྲ་འབྲུག་གྲོང་རྡལ་ཁེ་གསུམ་གྲོང་ཚོ་དང་ཁྲ་འབྲུག་དགོན་པར་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་ནས་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཁྲེན་ཆོན་གོ ཀྲུའུ་ཞི་བློ་བཟང་རྒྱལ་མཚན་བཅས་ཀྱི་ཚབ་ཞུས་ཏེ་གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་ལས་བྱེད་པ་དང་གཞི་རིམ་གྱི་ལས་བྱེད་མང་ཚོགས་སོགས་འཐབ་ཕྱོགས་དང་པོའི་བརྟན་ལྷིང་སྲུང་སྐྱོང་དཔུང་ཁག་ལ་འཚམས་འདྲི་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ། ལྗོངས་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་ཏང་ཙུའི་ཧྲུའུ་ཅི་བཅས་ཡིན་པའི་སྐལ་བཟང་ཚེ་རིང་ལྟ་སྐུལ་མཛུབ་ཁྲིད་གནང་སྐབས་ལྷན་དུ་ཕེབས་ཡོད་པ་རེད།

    ཁེ་གསུམ་ཡུལ་མི་ཨུ་ལྷན་གྱི་བཤམས་སྟོན་ཁང་ནི་རང་སྐྱོང་ལྗོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་ཞིག་ཡིན་པ་དང་། ཅང་ཅེས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་འཛུགས་སྐྲུན་དང་། དོ་དམ། བེད་སྤྱོད་བཅས་ཡག་པོ་བྱས་ནས་གཞོན་ནུ་ལོ་ཆུང་སློབ་མ་སློབ་སྦྱོང་ལྟ་སྐོར་དུ་ཡོང་རྒྱུ་སྒྲིག་འཛུགས་མང་ཙམ་བྱས་ཏེ་ཚང་མར་བོད་གསར་རྙིང་བསྡུར་བའི་སློབ་གསོ་དང་གསར་བརྗེའི་སྲོལ་རྒྱུན་གྱི་སློབ་གསོ་མང་ཙམ་ཐོབ་པ་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་བ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་ཀྱི་བཤམས་སྟོན་ཁང་གི་དམིགས་བསལ་ནུས་པ་འདོན་སྤེལ་གང་ལེགས་ཀྱིས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་པའི་ནན་བཤད་གནང་བ་རེད།

    ཁྲ་འབྲུག་དགོན་དུ་ཅང་ཅེས་དགོན་སྡེའི་བརྟན་ལྷིང་སྲུང་སྐྱོང་ལས་དོན་དང་རིག་དངོས་སྲུང་སྐྱོབ་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བའི་ཁར་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་དང་། དགོན་སྡེར་བཅའ་སྡོད་མི་དམངས་ཉེན་རྟོག་པ། དགོན་སྡེའི་དགེ་འདུན་པ་བཅས་ལ་བྱམས་བརྩེའི་འཚམས་འདྲི་གནང་ཞིང་། ཁོང་གིས་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་དོན་མི་སྣས་ཞབས་ཞུ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ལ་ཤུགས་སྣོན་རྒྱག་པ། ཏང་གི་ཆོས་ལུགས་སྲིད་ཇུས་དང་དགོན་ཕན་གྲྭ་ཕན་གྱི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པ། དགོན་སྡེར་བཅའ་ཁྲིམས་ཤེས་བྱ་དྲིལ་བསྒྲགས་བྱེད་པ། ཁྲིམས་བཞིན་དགོན་སྡེ་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱེད་པ། དགོན་སྡེའི་དགེ་འདུན་པར་དཀའ་ངལ་དང་གནད་དོན་དངོས་ཐག་གཅོད་ཏན་ཏིག་བྱེད་རོགས་བྱེད་པ། རྒྱ་ཆེའི་དགེ་འདུན་པ་ཚོས་ཞི་བདེའི་དཔེ་བཟང་གི་དགོན་སྡེ་ཧུར་ཐག་གཏོད་པ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་དགེ་འདུན་པ་ཞིག་བྱ་རྒྱུར་སྣེ་ཁྲིད་བཅས་ཀྱི་ཐོག་ནས་རང་ལྗོངས་སུ་ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་ཡོང་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།