ཚེས་19ཉིན་གྱི་ཕྱི་དྲོ་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་བཅས་ཡིན་པའི་ཅང་ཅེས་ལྷོ་ཁ་ས་ཁུལ་ཟངས་རི་རྫོང་ཧྭ་ཤིན་ཨར་འདམ་བོད་ལྗོངས་ཚད་ཡོད་ཀུང་སི་དང་། སྣེ་གདོང་རྫོང་ལྷོ་ཁ་ཀུན་བཟང་བྱ་རིགས་གསོ་ཚགས་འཕེལ་རྒྱས་ཚད་ཡོད་ཀུང་སི། འཕྱོངས་རྒྱས་རྫོང་ཡར་ལྷ་ཤམ་པོ་གཏེར་ཆུ་བཟོ་གྲྭ་སོགས་སུ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་ཚུལ་ལ་བརྟག་ཞིབ་གནང་བ་རེད།
ཅང་ཅེས་ཧྭ་ཤིན་ཨར་འདམ་བཟོ་གྲྭ་བོད་ལྗོངས་ཡན་ལག་ཀུང་སིའི་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་དང་། ཁྲལ་འབབ་འཇལ་བ། ལས་ཞུགས་སོགས་ཐད་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་འབྲེལ་ལྟེ་བའི་ཚོད་འཛིན་ཁང་དུ་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་བྱ་ཚུལ་ལ་གཟིགས་པ་རེད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡེ་ཤེས་སྒྲོལ་དཀར་གྱིས་སྣེ་གདོང་རྫོང་ཀུན་བཟང་བྱ་རིགས་གསོ་ཚགས་ཆེད་ལས་མཉམ་ལས་ཁང་དུ་ཅང་ཅེར་ཀུང་སི་འཕེལ་རྒྱས་འགྲོ་ཚུལ་ངོ་སྤྲོད་ཞིབ་ཕྲ་གནང་ཞིང་། ཅང་ཅེས་ཡེ་ཤེས་སྒྲོལ་དཀར་གྱིས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་འཕེལ་རྒྱས་བཏང་བ་དང་མང་ཚོགས་འབབ་འཕར་ཕྱུག་གྱུར་ཡོང་རྒྱུར་སྣེ་ཁྲིད་བྱས་པར་བསྔགས་བརྗོད་གནང་བ་རེད། དེ་དང་ཆབས་ཅིག་ཁོང་གིས་ཀུང་སི་སྔར་བས་རྒྱ་བསྐྱེད་དང་ཁྱད་ལྡན་ལེགས་ཆའི་ཞིང་འབྲོག་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་ཡུལ་དེ་གའི་མང་ཚོགས་དེ་བས་མང་བ་ཕྱུག་གྱུར་ཡོང་རྒྱུར་སྐུལ་ཁྲིད་ཀྱིས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་མཐོ་རུ་འགྲོ་བ་དང་ཕྱུག་གྱུར་ཐབས་ལམ་ཡངས་སུ་གཏོང་རྒྱུའི་ཐུགས་རེའང་གནང་བ་རེད།
ཅང་ཅེས་ཡར་ལྷ་ཤམ་པོ་ཁེ་ལས་ཚད་ཡོད་ཀུང་སིར་གཏེར་ཆུའི་ཁེ་ལས་ཀྱི་ཐོན་སྐྱེད་བྱ་ཡུལ་དུ་རྟོག་ཞིབ་གནང་བ་དང་ཐོན་སྐྱེད་གཉེར་སྐྱོང་དང་ཁྲོམ་ར་གསར་འབྱེད་སོགས་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཅང་ཅེས་ཀུང་སིའི་གཞི་ཁྱོན་རྒྱ་ཆེར་དང་ཐོན་སྐྱེད་བྱེད་འབོར་མང་དུ་བཏང་སྟེ་ཁེ་ལས་ཀྱི་སྤུས་རྟགས་གཏོད་དགོས་པ་དང་། སྲིད་ཇུས་ཀྱི་ལེགས་ཆར་བརྟེན་ནས་ཁྲོམ་ར་ཡངས་སུ་ཧུར་ཐག་བཏང་སྟེ་ཁེ་ལས་རང་ངོས་ཀྱི་འཕེལ་རྒྱས་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་བླང་བྱ་བཏོན་གནང་བ་རེད།
དེ་རྗེས་ཅང་ཅེས་དཔལ་འབྱོར་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས་ནས་ཟངས་རི་རྫོང་དང་། འཕྱོགས་རྒྱས་རྫོང་། སྣེ་གདོང་རྫོང་དང་དེ་བཞིན་ལྷོ་ཁ་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་ཚུལ་གྱི་སྙན་ཞུ་གསན་པ་དང་མཉམ་དུ་འཕེལ་རྒྱས་ཀྱི་ཐབས་ཇུས་བཟང་པོ་གྲོས་བསྡུར་གནང་བ་རེད། ཁོང་གིས་ལྷ་ས་ནས་ལྷོ་ཁ་བར་གྱི་གཞི་གཅིག་ཅན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ནི་བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བྱ་ཐབས་གལ་ཆེན་ཞིག་དང་བོད་ཀྱི་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བའི་འཐབ་ཇུས་བཀོད་སྒྲིག་ཅིག་རེད། དེར་བརྟེན་ལྷོ་ཁ་ས་ཁུལ་དེ་ཉིད་ལེགས་ཆ་ཕྲན་བུ་དང་མྱུར་ཚད་ལེགས་ཆ་ལྡན་པའི“ལྷོ་ཁའི་ལྟེ་བའི་དཔལ་འབྱོར་ཁུལ”ཞིག་ཏུ་ཧུར་ཐག་བསྐྲུན་དགོས་ཞེས་གསུངས་པ་རེད།