དབུ་ཤོག>སྲིད་དོན།
  • བོད་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོང་ལས་དོན་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  索朗旺堆   |     སྤེལ་དུས།  2016-03-02

    ཟླ་2ཚེས་29ཉིན་ལྗོངས་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོང་ལས་དོན་ཚོགས་འདུ་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་མཆན་འགོད་མཛུབ་སྟོན་གལ་ཆེན་གནང་བ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་སྤེན་པ་བཀྲ་ཤིས་ཚོགས་འདུར་ཞུཌ་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་2015ལོར་ལྗོངས་ཡོངས་ཀྱི་རིམ་ཁག་ཁོར་ཡུག་སྲུང་སྐྱོང་སྡེ་ཚན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོང་སྡེ་ཚན་གྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱེད་པ་དང་། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། སྣོད་བཅུད་སྲུང་སྐྱོང་གི་མཐའ་ཚད་བརྟན་པོར་སྲུང་བ། རླུང་ཁམས་ཆེ་མོ་དང་། ཆུ། ས་རྒྱུའི་སྦགས་བཙོག་འགོག་བཅོས་བཅས་ཀྱི་བྱ་སྤྱོད་འཆར་གཞི་ལག་བསྟར་གཏིང་ཟབ་བྱེད་པ། ཁོར་ཡུག་སྲུང་སྐྱོང་དང་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་པས་ལྗོངས་ཡོངས་ཀྱི་སྣོད་བཅུད་ཁོར་ཡུག་རྒྱུན་མཐུད་ལེགས་སུ་འགྲོ་རྒྱུ་འགན་ལེན་ཐུབ་ཡོད་ཅེས་བསྟན་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་2016ལོ་ནི“ལོ་ལྔ་ཚན་བཅུ་གསུམ་པའི”འགོ་ཚུགས་ཀྱི་ལོ་གཅིག་ཡིན་ལ་རང་ལྗོངས་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་ཀྱི་ལོ་དང་པོ་དེ་ཡང་ཡིན། ལྗོངས་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོང་ཁོངས་གཏོགས་ཀྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་མཐའ་ཚད་མུ་མཐུད་བརྟན་པོར་སྲུང་ནས་བོད་ཀྱི་རྩྭ་རྩི་ཤིང་དང་རི་ཆུ་སྲུང་སྐྱོང་ཡག་པོ་དང་། འཛམ་གླིང་ཐོག་གི་དག་ཞིང་མཐའ་མ་དེ་སྲུང་སྐྱོང་ལེགས་པར་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་ཕ་ཚ་བུ་རྒྱུད་ཚོར་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་འཇོག་ཆེད་དང་།  རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་བཏང་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱེད་མགྱོགས་སུ་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།

    སྤེན་པ་བཀྲ་ཤིས་ཀྱིས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་གྱི་འདུ་ཤེས་ཟབ་ཏུ་བཏང་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱ་རྒྱུ་དེ་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་སྤྱིའི་བླང་བྱ་དང་། རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་རྒྱུ་དེ་ལྟེ་བའི་འགན་འཁྲི་ཡིན་པས་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་ཟབ་ཏུ་གཏོང་བ་དང་། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་གྱི་རང་རྟོགས་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཁོར་ཡུག་སྲུང་སྐྱོང་གི་དམིགས་ཚད་དོ་དམ་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་དམིགས་ཚད་མ་ལག་གི་ཁྱབ་ཁོངས་ལ་ཞིབ་འཇུག་བྱེད་མགྱོགས་སུ་གཏོང་བ་དང་། དམིགས་ཚད་མ་ལག་དོན་འཁྱོལ་བྱེད་མགྱོགས་སུ་གཏོང་བ། སྣོད་བཅུད་དམར་ཐིག་གི་དབྱེ་མཚམས་འབྱེད་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་ཁོར་ཡུག་སྲུང་སྐྱོང་གི་དམིགས་ཚད་མ་ལག་བརྒྱུད་ཐོན་ཁུངས་ཟད་གྲོན་དང་། ཁོར་ཡུག་སྤུས་ཚད་ཀྱི་མ་མཐའི་མཚམས་ཐིག སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་བཅས་བརྟན་པོར་སྲུང་དགོས། ཁོར་ཡུག་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་མངོན་གསལ་དོད་པོ་ཡོང་བ་བྱས་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཁྲོད་ཀྱི་ཁོར་ཡུག་ལ་ལྟ་སྐུལ་དོ་དམ་བྱེད་པའི་ཁོར་ཡུག་སྲུང་སྐྱོང་སྡེ་ཚན་གྱི་ཁྲིམས་གཏན་འཁེལ་བའི་འགན་འཁྲི་སྔར་བས་ཁ་གསལ་བཟོས་ཏེ་གནད་དོན་སྟོན་ཕྱོགས་སུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་མངོན་གསལ་དོད་པའི་གནད་དོན་ལ་ཆེད་དོན་བཅོས་སྒྲིག་བྱེད་པ་དང་། ཁོར་ཡུག་གི་ཁྲིམས་འགལ་སྒྲིག་འགལ་གྱི་གྱོད་གཞིར་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས། ཁོར་ཡུག་ཤུགས་རྐྱེན་ལ་གདེང་འཇོག་བྱེད་པའི་འགག་སྒོ་ནན་པོ་སྲུང་ནས་འཆར་འགོད་དང་ཐོན་ཁུངས་གསར་སྤེལ་ཁྱབ་ཁོངས་ཀྱི་ཁོར་ཡུག་ཤུགས་རྐྱེན་ལ་གདེང་འཇོག་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ་ཁོར་ཡུག་གདེང་འཇོག་ཁྱབ་ཁོངས་ཀྱི་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་ལ་ཤུགས་སྣོན་རྒྱག་དགོས། ཁོར་ཡུག་གི་ལྟ་སྐུལ་ཚད་ལེན་གྱི་ནུས་པ་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་རིག་སྟོབས་ལྡན་པའི་ངང་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་ཧུར་ཐག་གཏོང་བ། ལྟ་སྐུལ་ཚད་ལེན་མི་སྣའི་ལས་གནས་གསོ་སྦྱོང་ཧུར་ཐག་བྱེད་པ། ལྟ་སྐུལ་ཚད་ལེན་དང་ལྟ་ཞིབ་ཀྱི་ཁྲིམས་འཛིན་ཐད་གཏུག་དོ་དམ་ལམ་ལུགས་སྒྱུར་བཅོས་ལག་བསྟར་ནན་པོ་བཅས་བྱེད་དགོས། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་མ་མཐའི་མཚམས་ཐིག་ནན་པོ་སྲུང་སྟེ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་པོ་སྐྲུན་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།