བོད་རང་སྐྱོང་ལྗོངས་ཀྱི་2015ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2016ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན་སྙན་སྒྲོན།
འཐུས་མི་རྣམ་པ།
རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བཀའ་མངགས་ལྟར་ད་ལྟ་2015ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2016ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན་འདི་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་གྲོས་ཞིབ་གནང་རྒྱུར་འབུལ་རྒྱུ་ཡིན་པས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པ་དང་ཟུར་ཞུགས་འཐུས་མི་རྣམ་པས་ཀྱང་དགོངས་འཆར་འདོན་རོགས་གནང་།
གཅིག 2015ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ།
2015ལོ་ནི“ལོ་ལྔ་ཚན་བཅུ་གཉིས་པ”མཇུག་བསྡུ་བའི་ལོ་ཞིག་ཡིན་ཞིང་། དོན་ཆེན་མང་ལ་བཀྲ་ཤིས་པའི་བྱ་བའང་མང་པོ་བྱུང་ཡོད། སྣ་མང་རྙོག་འཛིང་ཆེ་བའི་གཞི་ཆེའི་དཔལ་འབྱོར་གྱི་ཁོར་ཡུག་མདུན་དུ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པ་ལྔ་པ། དེ་བཞིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་། ལྷག་པར་དུ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”གལ་ཆེའི་འཐབ་ཇུས་ཀྱི་དགོངས་པ། དེ་བཞིན“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་སྟེ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི”གལ་ཆེའི་མཛུབ་སྟོན་བཅས་ལག་བསྟར་དོན་འཁྱོལ། “ཁྲིམས་བཞིན་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང”བཅས་ཀྱི་གལ་ཆེའི་རྩ་དོན་ལག་བསྟར་དོན་འཁྱོལ་བྱས་ནས“ཕྱོགས་ཡོངས་བཞིའི”འཐབ་ཇུས་ཁྱབ་བཀོད་རྒྱུན་འཁྱོངས་དང་། སྲིད་གཞུང་གི“663”གྱི་ལས་ཀའི་བསམ་གཞི་ལག་བསྟར་དོན་འཁྱོལ་གཏིང་ཟབ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བཅས་བྱས་ཐོག དཔལ་འབྱོར་གོང་འཕེལ་གཏོང་བའི་རྒྱུན་རྣམ་གསར་པ་དང་འཚམ་མཐུན་ཡོང་བ་བྱས་ཤིང་། འཕར་སྣོན་བརྟན་པོ་དང་། གྲུབ་ཆ་ལེགས་སྒྲིག བསྒྱུར་བཅོས་ལ་སྐུལ་འདེད། དམངས་འཚོར་ཕན་སྦྱར། བརྟན་ལྷིང་འགན་སྲུང་བཅས་བྱེད་པའི་བྱ་ཐབས་ཁག་དམ་པོར་བཟུང་ཐོག དཔལ་འབྱོར་འཕར་སྣོན་གྱི་སྤུས་ཚད་མཐོ་རུ་གཏོང་བ་དང་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་བཏང་བ་དང་། དཔལ་འབྱོར་འཁོར་སྐྱོད་བརྟན་ཐོག་ཡར་འཕེལ་དང་བརྟན་ཐོག་ལེགས་འཕེལ་བྱུང་སྟེ“བརྟན་གསུམ་དང་། མྱུར་བཞི། ལེགས་གཉིས”ཀྱི་འཁོར་སྐྱོད་ཁྱད་ཆོས་མངོན་ཡོད་པས“ལོ་ལྔ་ཚན་བཅུ་གསུམ་པའི”འགོ་ཡག་པོ་འཛུགས་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།
དེ་ཡང“བརྟན་གསུམ”སྟེ། གཅིག་ནི་འཕར་ཚད་བརྟན་པོ་བྱུང་བ། རྒྱལ་ཡོངས་ཀྱི་དཔལ་འབྱོར་རྒྱུན་རྣམ་གསར་པའི་འོག་རང་ལྗོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་འཕར་བའི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད། ལྗོངས་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་1026.39ཟིན་ནས་11%འཕར་ཞིང་།“ལོ་ལྔ་ཚན་བཅུ་གཉིས་པའི”རིང་ལོ་ལྔ་བསྟུད་མར་གྲངས་གནས་གཉིས་ཀྱི་འཕར་ཚད་རྒྱུན་འཁྱོངས་ཐུབ་སྟེ་རྒྱལ་ཡོངས་ཀྱི་མདུན་གྲས་སུ་སླེབས་ཡོད། གཉིས་ནི་ཟོག་གོང་བརྟན་པོ་བྱུང་བ། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་2%ནང་ཚུན་དུ་ཚོད་འཛིན་ཐུབ་པ་དང་། གྲོང་མིའི་འཚོ་བའི་ཐད་ཀྱི་ངེས་མཁོའི་དངོས་རྫས་གཙོ་བོ་སྤྲོད་མཁོ་དོ་སྙོམས་བྱུང་ཡོད། གསུམ་ནི་ལས་ཞུགས་བརྟན་པོ་བྱུང་བ། གྲོང་ཁྱེར་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་ཁྲི་4.6མང་དུ་སོང་བ་དང་། གྲོང་ཁྱེར་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་2.5%ནང་ཚུན་དུ་ཚོད་འཛིན་ཐུབ་པ། ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་མི་ཐེངས་ཁྲི་111.99ལས་ཞུགས་ཁ་སྒྱུར་ཐུབ་པ། ལས་ཞུགས་པ་མེད་པའི་ཁྱིམ་ཚང་ལ་སྐབས་བསྟུན་ལས་ཞུགས་ཐུབ་པ་བཅས་བྱས་ཡོད།
“མྱུར་བཞི”སྟེ། གཅིག་ནི་མ་འཇོག་འཕར་ཚད་མྱུར་པོ་བྱུང་བ། ལོ་ཧྲིལ་པོར་ཀྲུང་དབྱང་གི་མ་འཇོག་སྒོར་དུང་ཕྱུར་500ལས་བརྒལ་བ་དང་། དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་2100ལས་བརྒལ་བ། ག་སྦྱར་བོད་སྐྱོར་ཐད་མ་འཇོག་སྒོར་དུང་ཕྱུར་37.9བཏང་བ། གཏན་འཇགས་རྒྱུ་ནོར་ཐད་མ་འཇོག་སྒོར་དུང་ཕྱུར་1342.16ལས་བརྒལ་ནས་19.9%འཕར་ཡོད། གཉིས་ནི་རྣམ་གྲངས་འཛུགས་སྐྲུན་མྱུར་པོ་བྱུང་བ། འགྲིམ་འགྲུལ་དང་། ནུས་རྒྱུ། ཆུ་བེད་སོགས་གཙོ་གནད་རྣམ་གྲངས་ལག་བསྟར་བྱ་རྒྱུ་མགྱོགས་སུ་བཏང་ཞིང་། “ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་ནང་གི་ཚབ་མཚོན་རང་བཞིན་གྱི་ལས་གྲྭ་སྟེ། ལྷ་ཉིང་ལྕགས་ལམ་དེ་ཉིད་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་འགོ་ཚུགས་པ་དང་། ལྷ་ཉིང་རིམ་མཐོའི་གཞུང་ལམ་གྱི་དུས་ཁག་དང་པོའི་ལས་གྲྭ་བསྐྲུན་ཟིན་ནས་འཁོར་རིགས་ཤར་གཏོང་ཐུབ་ཡོད་ལ། བསྐལ་ལ་རི་བོའི་ཕུག་ལམ་དང་ཡར་ཀླུང་གཙང་པོའི་ཟམ་ཆེན་བསྐྲུན་ཟིན་ནས་འཁོར་རིགས་ཤར་གཏོང་ཐུབ་ཡོད། རྫམ་ཆུ་ཤུགས་གློག་ཁང་བསྐྲུན་ཟིན་ནས་གློག་གཏོང་འགོ་ཚུགས་པ་དང་། ལ་ལྷོའི་ཆུ་བེད་ལྟེ་གནས་ཀྱི་ལས་གྲྭ་ཇེ་མགྱོགས་སུ་བཏང་ཡོད། གསུམ་ནི་ཁྱད་ལྡན་ཐོན་ལས་གོང་འཕེལ་མྱུར་པོ་བྱུང་བ། ཞིང་འབྲོག་ཐོན་ལས་ཅན་གྱི་གཉེར་སྐྱོང་བྱེད་ཚད་40%ཟིན་པ་དང་། འབྲུ་རིགས་ཐོན་འབོར་ཐོག་མར་ཀྲོན་ཁྲི་100ལས་བརྒལ་ཡོད། ནུས་རྒྱུ་གཙང་མ་གོང་འཕེལ་ཇེ་མགྱོགས་སུ་སོང་ནས་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་3.6ཟིན་པ་དང་། རང་བྱུང་འཐུང་ཆུའི་ཐོན་འབོར་ལྡབ་གཉིས་འཕར་ཡོད། བོད་སྨན་གྱི་སྤྱིའི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་13ཡན་ཟིན་པ་དང་། རྒྱལ་ཕྱི་རྒྱལ་ནང་གི་ཡུལ་སྐོར་བར་སྣེ་ལེན་བྱས་པའི་མི་གྲངས་དང་ཡུལ་སྐོར་ཡོང་འབབ་དེ་ཁག་སོ་སོར་30%དང་38%འཕར་ཡོད། བཞི་ནི་གྲོང་ཁྱེར་གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་འཕར་མྱུར་པོ་བྱུང་བ། གྲོང་ཁྱེར་གྲོང་གསེབ་ཀྱི་ཡུལ་མིའི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་ཁག་སོ་སོར་15.6%དང་12%འཕར་ཡོད། གཞི་ཁྱོན་ལྡན་པའི་བཟོ་ལས་འཕར་ཐང་དང་སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བྱས་འབོར་སོགས་དཔལ་འབྱོར་གྱི་དམིགས་ཚད་གཙོ་བོ་ཁག་གི་འཕར་ཚད་ཚང་མ་རྒྱལ་ཡོངས་ཀྱི་མདུན་གྲས་སུ་སླེབས་ཡོད། “ལེགས་གཉིས”སྟེ། གཅིག་ནི་སྲིད་ཇུས་ཀྱི་ཁོར་ཡུག་ལེགས་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་བོད་ཀྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བ་བྱ་རྒྱུའི་ལས་དོན་སྔར་ལས་ལྷག་པ་སྤེལ་རྒྱུའི་ཐད་ཞིབ་འཇུག་བཀོད་སྒྲིག་བྱས་ཡོད་ལ། དམིགས་བསལ་གྱི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཟོ་འབེབས་བྱས་པ་དང་། ག་སྦྱར་བོད་སྐྱོར་ལས་ཀའི་ལམ་སྲོལ་ཡང་འཐུས་སྒོ་ཚང་དུ་བཏང་བས་བོད་ལྗོངས་གོང་འཕེལ་དང་བརྟན་ལྷིང་ཡོང་བར་སྟོབས་ཆེའི་སྒུལ་ཤུགས་སྦྱིན་ཡོད། གཉིས་ནི་འདེགས་སྐྱོར་གྱི་གཙོ་རྒྱུ་ལེགས་པ། སྣུམ་གློག་རླངས་སྐྱེལ་བཅས་འགན་སྲུང་ནུས་ལྡན་ཐུབ་ཅིང་། སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་45ཟིན་ནས་10.6%འཕར་བ་དང་། བཟོ་ལས་ཐད་གློག་སྤྱོད་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་20.3ཟིན་ནས་26.2%འཕར་ཡོད། བཅོས་སྣུམ་ཀྲོན་ཁྲི་82.51ཕྱིར་ཚོང་བྱས་པས་9.5%འཕར་བ་དང་། རང་བྱུང་སོལ་རླངས་སྨི་ཤོ་གཟུགས་ཁྲི་1309.5ཕྱིར་ཚོང་བྱས་པས་207%འཕར་ཡོད། གཞུང་ལམ་ཐོག་འགྲུལ་པ་སྐྱེལ་འདྲེན་བྱས་འབོར་མི་ཐེངས་ཁྲི་1490ཟིན་ནས་5.8%འཕར་བ་དང་དངོས་ཟོག་སྐྱེལ་འདྲེན་བྱས་འབོར་ཀྲོན་ཁྲི་1973ཟིན་ནས་5.45%འཕར་ཡོད། ལྕགས་ལམ་ཐོག་འགྲུལ་ཟོག་སྐྱེལ་འདྲེན་བྱས་འབོར་མི་ཐེངས་ཁྲི་305.4དང་དངོས་ཟོག་ཀྲོན་ཁྲི་426ཟིན་ནས་ཁག་སོ་སོར་23%དང་7%འཕར་ཡོད། དམངས་སྤྱོད་མཁའ་འགྲུལ་ཐོག་འགྲུལ་ཟོག་སྐྱེལ་འདྲེན་བྱས་འབོར་མི་ཐེངས་ཁྲི་337.2དང་དངོས་ཟོག་ཀྲོན་ཁྲི་2.6ཟིན་ནས་ཁག་སོ་སོར་14.5%དང་15.2%འཕར་ཡོད་པས་དཔལ་འབྱོར་གོང་འཕེལ་ཇེ་མགྱོགས་སུ་འགྲོ་རྒྱུར་འདེགས་སྐྱོར་ནུས་ལྡན་བྱས་ཡོད།
(གཅིག) མ་འཇོག་གི་འགག་རྩའི་ནུས་པ་རྒྱུན་མཐུད་འདོན་སྤེལ་བྱས་པ། ལོ་ཧྲིལ་པོར“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་རྣམ་གྲངས་ཐད་མ་འཇོག་སྒོར་དུང་ཕྱུར་637དོན་འཁྱོལ་བྱས་ཤིང་། དེའི་ནང་ཀྲུང་དབྱང་ནས་མ་འཇོག་སྒོར་དུང་ཕྱུར་529བཏང་བས་ལོ་འཁོར་དམིགས་ཚད་ཀྱི་སྒོར་དུང་ཕྱུར་466ལས་བརྒལ་ཡོད། སྤྱི་ཚོགས་ཀྱི་མ་རྩ་དེ་འཛུགས་སྐྲུན་རྣམ་གྲངས་ཐད་གཏོང་རྒྱུར་སྐུལ་མ་དང་ཁྲིད་སྟོན་བྱས་ནས་ཆེད་དམིགས་བུན་འཛིན་རྣམ་གྲངས་ཁག་6དོན་འཁྱོལ་བྱས་པ་དང་བུན་འཛིན་མ་དངུལ་སྒོར་དུང་ཕྱུར་20.8བཀོད་སྒྲིག་བྱས་ཡོད། ལྕགས་ལམ་དང་། གཞུང་ལམ། དམངས་སྤྱོད་མཁའ་འགྲུལ་སོགས་གཙོ་གནད་ལས་གྲྭའི་རྣམ་གྲངས་ཇེ་མགྱོགས་སུ་སྤེལ་ཞིང་། ཤང(གྲོང་རྡལ)གི་གཞུང་ལམ་ཤར་གཏོང་ཐུབ་ཚད་དང་། ཤར་སླེབས་ཐུབ་ཚད། དེ་བཞིན་སྒྲིག་ཚུད་གྲོང་ཚོའི་གཞུང་ལམ་ཤར་སླེབས་ཐུབ་ཚད་བཅས་ཁག་སོ་སོར་72.3%དང་། 99.7% 99.2%ཟིན་ཡོད། རྫམ་ཆུ་ཤུགས་གློག་ཁང་གི་འཕྲུལ་ཚན་ཁག་6ཚང་མ་དྲ་སྦྲེལ་ཐུབ་ནས་གློག་གཏོང་བཞིན་ཡོད་པ་དང་། རྡོ་ཕུར་ཆུ་ཤུགས་གློག་ཁང་བསྐྲུན་ཟིན་ནས་གློག་གཏོང་འགོ་ཚུགས་པ། མགོན་མདོ་ཆུ་ཤུགས་གློག་ཁང་གི་ཐོག་མའི་འཕྲུལ་ཚན་དྲ་སྦྲེལ་ཐུབ་ནས་གློག་གཏོང་བཞིན་ཡོད། ཆབ་མདོའི་གློག་དྲ་དང་སི་ཁྲོན་གྱི་གློག་དྲ་གཉིས་དབར་གློག་འདོན་གསབ་རེས་ཐུབ་པ་དང་། བོད་དབུས་ཀྱི་གློག་དྲའི་གློག་འདོན་ལྷག་མ་རྣམས་མཚོ་བོད་ཐད་རྒྱུག་དྲ་སྦྲེལ་ལས་གཞི་བརྒྱུད་ནས་གཅིག་སྡུད་ཐོག་ནུབ་བྱང་གློག་དྲར་ཕྱིར་ཁྲིད་བྱས་ཡོད། གློག་ཤུགས་ཀྱི་གློག་འདོན་འཕྲུལ་ཤུགས་ཆན་ཝ་ཁྲི་230ཟིན་ཡོད། ལྗོངས་ཡོངས་སུ་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་42ཟིན་ནས་དུས་མཚུངས་དང་བསྡུར་ན་31.4%འཕར་ཡོད། དམངས་སྤྱོད་མཁའ་འགྲུལ་གྱི་འགྲུལ་པ་སྐྱེལ་ཚད་དང་། དངོས་ཟོག་དང་སྦྲག་དངོས་འདྲེན་ཚད། སྐྱེལ་འདྲེན་འཕུར་འབབ་འགན་སྲུང་བཅས་རྣམ་གྲངས་གསུམ་གྱི་དམིགས་ཚད་གཙོ་བོ་ལོ་དྲུག་བསྟུད་མར་གྲངས་གནས་གཉིས་ཀྱི་འཕར་ཚད་རྒྱུན་འཁྱོངས་ཐུབ་ཡོད། ཆ་འཕྲིན་དང་འཕྲིན་གཏོང་གོང་འཕེལ་འགྲོ་བའི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་སོང་ཞིང་། ཤང་(གྲོང་རྡལ)ལ་འོད་སྐུད་ཤར་ཁྲིད་བྱེད་ཚད་100%ཟིན་པ་དང་། དྲ་ཆེན་མཐུད་སྦྲེལ་གྱི་ནུས་པ་འཛོམས་པའི་སྒྲིག་ཚུད་གྲོང་ཚོ་80%ཟིན་ཡོད།
(གཉིས) གྲོང་མིའི་འཛད་སྤྱོད་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་སོང་བ། ལྗོངས་ཡོངས་ཀྱི་ལས་ཁུངས་དང་བྱ་གཞག་ཚན་པ་དང་ལས་བྲལ་རྒན་ཡོལ་ཞུས་པའི་མི་སྣའི་གླ་ཕོགས་ལེགས་སྒྲིག་བྱ་རྒྱུའི་སྲིད་ཇུས་དོན་འཁྱོལ་བྱས་པ་དང་། འབུད་གཏོང་ཆུང་བའི་མོ་ཊའི་དཔྱ་ཁྲལ་ཉུང་དུ་བཏང་བ། དངུལ་ཁང་གི་དངུལ་བཅོལ་གྲབས་འཇོག་བྱེད་ཚད་དང་སྐྱེད་ཚད་དམའ་རུ་བཏང་བ། ཞིང་འབྲོག་ཁུལ་གྱི་ཁ་གསབ་རོགས་དངུལ་དོན་འཁྱོལ་བཅས་བྱས་པར་བརྟེན། ལྗོངས་ཡོངས་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་འཛད་སྤྱོད་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་སོང་ཡོད། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བྱས་འབོར་སྒོར་དུང་ཕྱུར་408ཟིན་ནས་12%འཕར་ཡོད། ལས་རྣམ་གསར་པ་གོང་འཕེལ་མྱུར་པོ་བྱུང་བ་དང་། “གྲོང་ཁྲི་ཤང་སྟོང་གི་ཁྲོམ་རའི་ལས་གཞིའི”ཞིང་ཁྱིམ་ཚོང་ཁང་ཡོངས་སུ་ཁེབས་ཤིང་། ཤང(གྲོང་རྡལ)དུ་ཚོང་དོན་ལྟེ་གནས་ཁེབས་ཚད་30%ཟིན་པ་བྱ་རྒྱུའི་དམིགས་ཚད་ལས་འགན་མངོན་འགྱུར་བྱུང་ཡོད། མྱུར་སྐྱེལ་ཞབས་ཞུའི་དྲ་རྒྱ་ལྗོངས་ཡོངས་ཀྱི་ས་གནས་གྲོང་ཁྱེར་7དང་རྫོང(ཆུས)ཁག་27ལ་ཁྱབ་ཐུབ་ནས་གློག་རྡུལ་ཚོང་དོན་གོང་འཕེལ་གཏོང་རྒྱུར་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད། བོད་ལྗོངས་གསེར་གྱི་ཁ་བཏགས་ཁུ་ལུའི་ཐོན་རྫས་ཚད་ཡོད་ཀུང་སི་དེ་ཉིད་རྒྱལ་ཡོངས་ཀྱི་གློག་རྡུལ་ཚོང་དོན་གྱི་དཔེ་སྟོན་ཁེ་ལས་སུ་དཔྱད་འདེམས་བྱས་པ་དང་། གོང་དཀར་དང་། མཚོ་ཆེན། དཔལ་མགོན། དཔའ་ཤོད་བཅས་རྫོང་ཁག་བཞི་2015ལོའི་གློག་རྡུལ་ཚོང་དོན་གྲོང་གསེབ་ཏུ་སླེབས་པ་བྱ་རྒྱུའི་དཔེ་སྟོན་རྫོང་དུ་གཏན་འཁེལ་བྱས་ཡོད། དངུལ་འབྲེལ་གཱའི་འཛད་སྤྱོད་གཞི་གྲངས་ཐོག་ནས་མངོན་པར། “བཅུ་པའི་ཚེས་གཅིག”རྒྱལ་སྟོན་གུང་གསེང་སྐབས་སུ་རང་ལྗོངས་ཀྱི་བཟའ་བཏུང་རིགས་ཀྱི་འཛད་སྤྱོད་དེ་ན་ནིང་གི་དུས་མཚུངས་ལས་63%འཕར་ཡོད། ཐཱན་མའོ་དྲ་རྒྱའི་གཞི་གྲངས་ཐོག་ནས་མངོན་པར། “བཅུ་གཅིག་གཉིས”ཀྱི་དུས་སུ་རང་ལྗོངས་ཀྱི་དྲ་ཐོག་དངོས་ཟོག་ཉོ་ཚད་སྒོར་དུང་ཕྱུར་1ལྷག་ཙམ་ཟིན་ཡོད།
(གསུམ) ནོར་ཁྲལ་དང་དངུལ་རྩས་འདེགས་སྐྱོར་ནུས་ལྡན་བྱས་པ། ནོར་ཁྲལ་ཡོང་འབབ་མུ་མཐུད་འཕར་སྣོན་ཇེ་མགྱོགས་སུ་འགྲོ་རྒྱུ་རྒྱུན་འཁྱོངས་ཐུབ་པ་དང་། དངུལ་རྩས་དངོས་གཞིའི་དཔལ་འབྱོར་ལ་ཞབས་ཞུ་སྒྲུབ་པའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་སོང་ཡོད། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་137བྱུང་བ་དང་། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་1382ལེགས་སྒྲུབ་ཟིན་ནས་16.6%འཕར་ཡོད། ལོ་མཇུག་ཏུ་ལྗོངས་ཡོངས་ཀྱི་དངུལ་རྩའི་ཚན་པའི་བཅོལ་དངུལ་ལྷག་གྲངས་སྣ་ཚོགས་སྒོར་དུང་ཕྱུར་3600ཟིན་ནས་16.5%འཕར་བ་དང་། རིགས་འདྲ་མིན་གྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་2100ཟིན་ནས་27%འཕར་ཡོད། སྤྱི་ཡོངས་ནས་བལྟས་ཚེ། ནོར་ཁྲལ་དང་དངུལ་རྩ་གོ་རིམ་ལྡན་པའི་ངང་འཁོར་རྒྱུག་ཐུབ་ནས་དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་འཕར་སྣོན་མྱུར་པོ་བྱུང་ཡོད།
(བཞི) ཐོན་ལས་གྲུབ་ཆ་ལེགས་སྒྱུར་བྱས་ཚུལ་མངོན་གསལ་དོད་པ། ཐོན་ལས་གསུམ་གྱི་བསྡུར་ཚད་དེ་2010ལོའི་13.5:32.3:54.2ཡིན་པ་ནས་9.6:36.2:54.2ལ་ལེགས་སྒྲིག་བྱས་ཡོད། རིགས་འདྲ་མིན་གྱི་ལོ་ཏོག་སོན་བཟང་གི་འདེབས་གསོའི་རྟེན་གཞི་རྒྱ་ཁྱོན་མུའུ་ཁྲི་18.3འཛུགས་སྐྲུན་བྱས་པ་དང་། གཙོ་གནད་དུ་ཁྱབ་གདལ་གཏོང་རྒྱུའི་སོན་རིགས་5ཡི་རྒྱ་ཁྱོན་མུའུ་ཁྲི་183.7ཟིན་ཞིང་། དེའི་ནང་བོད་ནས་2000དང་། ཧི་ལ་ཨང་22 ལྷོ་དགུན་ཨང་7པ་བཅས་རྟགས་ཅན་གྱི་སོན་རིགས་གསུམ་ཁྱབ་གདལ་བཏང་བའི་རྒྱ་ཁྱོན་མུའུ་ཁྲི་121.4ཟིན་ཡོད། ཐོན་མཐོའི་དཔེ་མཚོན་གསར་སྐྲུན་བྱས་པ་རྒྱ་ཁྱོན་མུའུ་ཁྲི་130དང་། ས་དཔྱད་ལུད་སྦྱོར་བྱ་རྒྱུ་རྒྱ་ཁྱོན་མུའུ་ཁྲི་150ཁྱབ་གདལ་བཏང་ཡོད། ཞིང་འབྲོག་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་བྱེད་ནུས་ཤུགས་ཆེར་སོང་སྟེ། ལྗོངས་ཡོངས་སུ་འབྲུ་རིགས་ཐོན་འབོར་ཀྲོན་ཁྲི་101.78ཟིན་ཞིང་། དེའི་ནང་ནས་ཀྱི་ཐོན་འབོར་ཀྲོན་ཁྲི་72དང་། པད་ཁའི་ཐོན་འབོར་ཀྲོན་ཁྲི་6.9 སྔོ་ཚལ་གྱི་ཐོན་འབོར་ཀྲོན་ཁྲི་82.7བཅས་ཟིན་ནས་2014ལོ་ལས་ཁག་སོ་སོར་3.9%དང་8.8% 21.3%བཅས་འཕར་ཡོད། ནུས་རྒྱུ་གཙང་མའི་རྟེན་གཞི་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་ཟམ་མི་ཆད་པ་བརྒྱབ་ཅིང་། ནང་མཁོའི་ཆུ་ཤུགས་གློག་ཁང་གོ་རིམ་ལྡན་པའི་ངང་འཛུགས་སྐྲུན་བྱས་པ་མ་ཟད། ཐོག་མར་གློག་ཕྱིར་ཁྲིད་ཐུབ་ཡོད། རང་བྱུང་འཐུང་ཆུའི་ཐོན་ལས་གོང་འཕེལ་ཇེ་མགྱོགས་སུ་སོང་ཞིང་། ཐོན་སྐྱེད་བྱེད་གནས་ཁག་38བསྐྲུན་ཟིན་པ་དང་ཇུས་འགོད་ཐོན་འབོར་ཀྲོན་ཁྲི་300ལས་བརྒལ་ཡོད། སྡེ་གླིང་གི་རུབ་འདུས་ནུས་པ་ཐོག་མར་ཆགས་ཤིང་། བོད་མཚོ་བཟོ་ལས་སྡེ་གླིང་དུ་ཞུགས་མཁན་ཁེ་ལས་ཁྱོན་བསྡོམས་174ཟིན་པ་དང་། ལྷ་སའི་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ལ་ཁྲལ་འབབ་སྒོར་དུང་ཕྱུར་53བྱུང་ནས་14.5%འཕར་ཡོད། རང་ལྗོངས་ཀྱི་ཐོ་འགོད་བྱས་པའི་ཚོང་རྟགས་ཁྱོན་བསྡོམས་5930ཟིན་ནས་22%འཕར་ཡོད། བཟོ་ལས་ཐོན་སྐྱེད་དང་ཕྱིར་འཚོང་གཉིས་ཀ་ཡག་པོ་བྱུང་ཞིང་། ལྗོངས་ཡོངས་ཀྱི་བཟོ་ལས་འཕར་ཐང་སྒོར་དུང་ཕྱུར་82ཟིན་ནས་14%འཕར་ཡོད། དེའི་ནང་གཞི་ཁྱོན་ལྡན་པའི་བཟོ་ལས་འཕར་ཐང་སྒོར་དུང་ཕྱུར་52.5ཟིན་ནས་14.2%འཕར་བ་དང་། ཐོན་རྫས་ཐོན་སྐྱེད་དང་ཕྱིར་འཚོང་བྱེད་ཚད་97%ཡན་ཟིན་ཡོད།
(ལྔ) གོང་འཕེལ་གྱི་སྤུས་ཚད་དང་ཕན་འབྲས་རྒྱུན་མཐུད་ལེགས་པོ་བྱུང་བ། ཁེ་ལས་1ཧྲང་ཧའེ་ཡི་འཛིན་ལོར་ཉོ་ཚོང་ཁང་དུ་མིང་བཀལ་ཁྲོམ་འགྲེམས་བྱས་པ་དང་། ཁེ་ལས་1 བདེ་བླག་ངང་ལེབ་གསུམ་གསར་པའི་ཐོག་མིང་བཀལ་བས་ཁུལ་ཁོངས་ཁེ་ལས་ཀྱི་ལེབ་གསུམ་གསར་པ་མེད་པའི་གནས་ལས་འགག་སྒྲོལ་ཐུབ་ཡོད། ཀུང་སི་3ཡོངས་བསྒྲགས་མིན་པའི་ཐོག་ནས་རྐང་དངུལ་Aཡི་རྐང་འཛིན་འགྲེམས་སྤེལ་བྱ་རྒྱུའི་རེ་ཞུའི་དཔྱད་ཡིག་ཕུལ་བར་འཛིན་ལོར་ལྟ་ཞིབ་ལྷན་ཚོགས་ཀྱིས་བདག་སྤྲོད་བྱས་ཐོག སྔ་རྟིང་བསྡོམས་མ་དངུལ་སྤྱི་འབོར་སྒོར་དུང་ཕྱུར་20.1བསྡུ་རུབ་ཐུབ་པ་དང་། ཀུང་སི་2ཟླ་སྒྲིལ་ཉོ་སྒྲུབ་དང་བསྐྱར་སྒྲིག་བྱས་པ། ཀུང་སི་2ཀྱིས་ཀུང་སིའི་བུ་ལོན་འགྲེམས་གཏོང་བྱས་ཡོད། གྲོང་ཁྱེར་གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་འཕར་ཤུགས་ཚང་མ་དཔལ་འབྱོར་འཕར་ཤུགས་ལས་ཆེ་བ་ཡོད་ཅིང་། གྲོང་ཁྱེར་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་སྒོར་25457ཟིན་པ་དང་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་སྒོར་8244ཟིན་ཡོད། ཡུལ་སྐོར་གྱི་ཕན་འབྲས་རྒྱུན་མཐུད་བཟང་པོ་བྱུང་ཞིང་། སྣེ་ལེན་བྱས་པའི་རྒྱལ་ཕྱི་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་2000ལས་བརྒལ་ནས་ཡུལ་སྐོར་གྱི་ཡོང་འབབ་སྒོར་དུང་ཕྱུར་280བྱུང་ཡོད། རང་སྐྱོང་ལྗོངས་ནས་དོ་དམ་བྱེད་པའི་གཙོ་གནད་གཞུང་ཁོངས་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་90ཟིན་ནས་20.6%འཕར་བ་དང་ཁེ་འབབ་ཁྱོན་བསྡོམས་སྒོར་དུང་ཕྱུར་20བྱུང་ནས་8%འཕར་ཡོད།
(དྲུག) དམངས་འཚོ་ལེགས་བཅོས་བྱ་རྒྱུར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། གྲོང་ཁྱེར་གྲོང་རྡལ་གྱི་འགན་སྲུང་རང་བཞིན་གྱི་བདེ་སྡོད་ལས་གཞིའི་ཚང་སྒྲིག་ཁང་པ་ཁྲི་3.38བརྒྱབ་པ་དང་། ཤང་གྲོང་རྡལ་གྱི་ལས་བྱེད་པ་དང་ལས་བཟོའི་ལས་ཤག་ཚང་སྒྲིག་ཁྲི་3.11འཛུགས་སྐྲུན་བྱེད་འགོ་ཚུགས་ཡོད། “བཞི་པའི་ཉེར་ལྔའི”ས་ཡོམ་གནོད་འཚེ་ཕོག་ཁུལ་གྱི་རང་བྱུང་གནོད་འཚེ་ཕོག་མཁན་ལ་འཚོ་བའི་རོགས་སྐྱོབ་མ་དངུལ་སྔ་རྟིང་བསྡོམས་སྒོར་དུང་ཕྱུར་2.1གཤམ་སྤྲོད་བྱས་པ་དང་། ཞལ་འདེབས་མ་དངུལ་སྒོར་དུང་ཕྱུར་1.35གཏོང་སྤྲོད་བྱས་པ། གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་བྱ་རྒྱུར་མ་དངུལ་སྒོར་དུང་ཕྱུར་113བརྩོན་ལེན་བཅས་བྱས་པས་གནོད་འཚེ་ཕོག་ཁུལ་གྱི་བར་བརྒལ་བཀོད་སྒྲིག་གོ་རིམ་ནུས་ལྡན་དང་། ཐོན་སྐྱོད་འཚོ་བའི་སྒྲིག་ལམ་ཡག་པོ་བྱུང་ཡོད། ལོ་མང་རིང་ནང་མོལ་བྱས་པའི་གླ་ཕོགས་སྲིད་ཇུས་ལག་བསྟར་ཐུབ་པ་དང་། ཁེ་ལས་ཀྱི་རྒན་ཡོལ་ཞུས་པའི་ལས་བཟོའི་རྒན་གསོའི་འཚོ་དངུལ་རྒྱལ་ཡོངས་ཀྱི་མདུན་གྲས་སུ་སླེབས་ཡོད་ལ། “འགན་ལེན་གསུམ”གྱི་འགྲོ་གྲོན་ལོ་རེར་སློབ་མ་རེར་སྒོར་3000ཟིན་ཡོད། གྲོང་ཁྱེར་གྱི་མ་མཐའི་འཚོ་བ་འགན་སྲུང་གི་ཚད་གཞི་དེ་མི་རེར་ཟླ་རེར་སྒོར་590དང་། གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་སྲུང་གི་ཚད་གཞི་དེ་ལོ་རེར་སྒོར་2350 འགན་ལེན་ལྔའི་འཚོ་སྐྱོང་ཚད་གཞི་དེ་མི་རེར་ལོ་རེར་སྒོར་4400བཅས་ལ་སྤར་ཡོད། འགན་ལེན་ལྔ་གཅིག་སྡུད་ཐོག་འཚོ་སྐྱོང་བྱེད་པའི་རྣམ་གྲངས་གཞི་རྩའི་ཆར་ལས་མཇུག་འགྲིལ་ཡོད། ལྗོངས་ཡོངས་སུ་ཆ་རྐྱེན་འཛོམས་པའི་དྭ་ཕྲུག་5063ཚང་མ་ལོ་ཆུང་བྱིས་པའི་རྟག་ཐོན་ནད་གཞི་ཆེ་རིགས་12ཀྱི་འགན་བཅོལ་ནང་བཅུག་ཡོད། སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུ་སྒྲུབ་ནུས་མངོན་གསལ་དོད་པོས་ཆེ་རུ་སོང་ཞིང་། སྦྲུམ་མ་དང་ཕྲུ་གུ་དམར་འབྱར་ཤི་ཚད་ཁག་སོ་སོར་42.32%དང་22.67%ཆག་ཡོད། སྒྲིག་ཚུད་གྲྭ་བཙུན་དང་། གྲོང་ཁྱེར་གྲོང་གསེབ་ཀྱི་ཡུལ་མིར་རིན་མེད་ཐོག་གཟུགས་པོ་བརྟག་དཔྱད་བྱས་པ་ཁག་སོ་སོར་མི་ཐེངས་ཁྲི་2.8དང་མི་ཐེངས་ཁྲི་265ཟིན་ཡོད། བྱིས་པ་མི་ཐེངས་ཁྲི་51.4ལ་ལྷན་སྐྱེས་སྙིང་ནད་ཕོག་མིན་སྒྲུག་བཤེར་བྱས་ཤིང་། ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་180ལ་རིན་མེད་སྨན་བཅོས་བྱས་ཡོད། ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ཁ་སྒྱུར་བྱས་པའི་ཡོང་འབབ་སྒོར་དུང་ཕྱུར་25.6ཟིན་པ་དེ་2014ལོ་ལས་སྒོར་དུང་ཕྱུར་0.6མང་དུ་སོང་ཡོད། ལྗོངས་ཡོངས་ཀྱི་དབུལ་པོའི་གྲོང་ཚོ་ཁག་148ལ་གྲོང་ཚོ་ཡོངས་དབུལ་སྒྲོལ་བྱ་རྒྱུའི་ཚོད་ལྟ་སྤེལ་ཡོད། ཤང་ཚང་མར་ཕྱོགས་བསྡུས་རིག་གནས་ས་ཚུགས་ཡོད་པའི་དམིགས་ཚད་སྔ་སྣུར་དུ་མངོན་གྱུར་ཐུབ་ཡོད། ལྗོངས་ཡོངས་ཀྱི་རྫོང་ཁག་53%ལ་མི་རིགས་ཀྱི་སྒྱུ་རྩལ་ཚོགས་པའི་ནང་སྦྱོང་ཚོགས་ཁང་བསྐྲུན་ཟིན་པ་དང་། རིག་གནས་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་ལས་གཞི་གང་མགྱོགས་སྤེལ་ཡོད།
(བདུན) སྤྱི་ཚོགས་བྱ་གཞག་ཕྱོགས་ཡོངས་ནས་གོང་འཕེལ་བྱུང་བ། མ་འཇོག་སྒོར་དུང་ཕྱུར་24དོན་འཁྱོལ་བྱས་ནས་གཙོ་གནད་དུ་ཞིང་འབྲོག་ཁུལ་གྱི་སློབ་ཞུགས་གོང་གི་སྐད་གཉིས་བྱིས་གསོ་ཁང་དང་། གྲོང་ཁྱེར་གྲོང་རྡལ་གྱི་བྱིས་གསོ་ཁང་། དེ་བཞིན་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་བཅས་འཛུགས་སྐྲུན་བྱས་ཡོད། བོད་ལྗོངས་མི་རིགས་སློབ་གླིང་དེ་བོད་ལྗོངས་མི་རིགས་སློབ་ཆེན་དུ་མིང་བསྒྱུར་བྱས་པ་དང་། ཚན་ཞིབ་ཀྱི་རྨང་གཞིའི་ཆ་རྐྱེན་ལས་སྟེགས་བསྐྲུན་རྒྱུ་བརྟན་པོའི་ངང་སྐུལ་སྤེལ་བཏང་སྟེ“བོད་རང་སྐྱོང་ལྗོངས་ཀྱི་ཉི་ནུས་འོད་ཤུགས་དང་ཚ་ནུས་སྤྱོད་རྒྱུའི་གཙོ་གནད་ཚོད་ལྟ་ཁང”སོགས་རང་སྐྱོང་ལྗོངས་ཀྱི་གཙོ་གནད་ཚོད་ལྟ་ཁང་7གསར་དུ་ངོས་གཏན་བྱས་པ་དང་། “བོད་ལྗོངས་ས་མཐོའི་རྒུན་འབྲུམ་འདེབས་གསོ་དང་བསྙལ་བཟོའི་ལས་གཞིའི་ལག་རྩལ་ཞིབ་འཇུག་ལྟེ་གནས”འཛུགས་རྒྱུར་ཆོག་མཆན་སྤྲད་པ། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུར་ཚན་རྩལ་གྱིས་འདེགས་སྐྱོར་བྱེད་པའི་ནུས་པ་སྔར་བས་མངོན་གསལ་དོད་དུ་སོང་ཡོད། གཙོ་གནད་རིག་དངོས་སྲུང་སྐྱོབ་དང་ཉམས་གསོའི་ལས་གཞི་སྤེལ་རྒྱུ་བདེ་བླག་བྱུང་ཡོད། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བར་རྟེན་འབྲེལ་ཞུ་བ་སོགས་ཀྱི་གཙོ་ཆེའི་བྱེད་སྒོ་རྣམས་དགའ་སྤྲོ་གཟབ་རྒྱས་ངང་སྤེལ་ཡོད། གྲོང་གསེབ་ཏུ་ལྷ་མོ་འཁྲབ་སྟོན་བྱེད་སྒོ་ཐེངས་4000ལྷག་ཙམ་སྤེལ་བ་དང་། རིག་གནས་ཐང་ཆེན་1600ལྷག་ཙམ་བསྐྲུན་ཡོད། ཁེ་ལས་ཀྱི་རྒན་ཡོལ་ཞུས་པའི་ལས་བཟོའི་གཞི་རྩའི་རྒན་གསོའི་འཚོ་དངུལ་ཟླ་རེར་མི་རེར་ཆ་སྙོམས་སྒོར་3338ནས་སྒོར་3678ལ་སྤར་ཡོད། གྲོང་ཁྱེར་གྲོང་གསེབ་ཀྱི་ཡུལ་མིའི་རྨང་གཞིའི་རྒན་གསོའི་འཚོ་དངུལ་དེ་མི་རེར་ཟླ་རེར་ཆ་སྙོམས་སྒོར་140ཟིན་པ་དང་། གྲོང་ཁྱེར་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལ་ནོར་སྲིད་ནས་ཁ་གསབ་རོགས་དངུལ་སྤྲོད་པའི་ཚད་གཞི་དེ་མི་རེར་ལོ་རེར་སྒོར་340ནས་སྒོར་380བར་སྤར་ཡོད་པ། ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཀྱི་ནོར་སྲིད་ཁ་གསབ་སྤྲོད་པའི་ཚད་གཞི་དེ་མི་རེར་ལོ་རེར་སྒོར་380ནས་སྒོར་420བར་སྤར་ཡོད། མི་རེར་ཆ་སྙོམས་ལས་ཤོར་འགན་བཅོལ་གྲོན་དངུལ་ཚད་གཞི་སྒོར་914.58བར་མཐོ་རུ་བཏང་ཡོད། ལས་ཁུངས་དང་བྱ་གཞག་ཚན་པར་གཞུང་ལས་པ་མི་11339བསྡུས་ཡོད། ལྗོངས་ཐད་གཏོགས་ཀྱི་གཞུང་ལས་པ་བསྡུ(འདེམས་སྒྲུག)བ་དང་། གཞི་རིམ་སྲིད་ཁྲིམས་ལས་ཁུངས་དམིགས་འཛུགས་ཀྱིས་བསྡུ་བ། དམག་ཁོངས་ནས་ཕྱིར་ལོག་པའི་བོད་སྡོད་དཔུང་སྡེའི་དམག་མིའི(ཧྲེ་ཀོན་དམག་མི)ནང་ནས་ཤང་གྲོང་གཞུང་ལས་པ་བསྡུ་བ་བཅས་ཀྱི་ལས་དོན་མུ་མཐུད་སྤེལ་ཡོད།
ཆུ་ཚད་མཐོ་བའི་ཤེས་ལྡན་པ་ནང་འདྲེན་བྱེད་པའི་བྱ་ཐབས་བཟོས་ནས་ཤེས་ལྡན་པ་630ནང་འདྲེན་བྱས་ཡོད། ལྗོངས་ཡོངས་ཀྱི་གཞུང་ཁོངས་ཁེ་ལས་ཀྱི་ངལ་རྩོལ་གན་རྒྱ་འཇོག་ཚད་100%ཟིན་པ་དང་ཞིང་འབྲོག་ལས་མིའི་ངལ་རྩོལ་གན་རྒྱ་འཇོག་ཚད་94%ཟིན་པས་ངལ་རྩོལ་གྱི་འབྲེལ་བའི་ཐད་ཞི་མཐུན་བརྟན་ལྷིང་གི་རྣམ་པ་གསར་པ་མངོན་ཡོད།
(བརྒྱད)བསྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་སྐུལ་སྤེལ་བཏང་བ། “སྔོན་ལ་ཚོང་གཉེར་ལག་ཁྱེར་དང་རྗེས་ལ་འཁྲོལ་འཛིན་ཞུ་བ”དང“ལག་ཁྱེར་གསུམ་གཅིག་སྒྲིལ” “ཨང་རྟགས་ལོགས་འགོད”བཅས་བྱ་རྒྱུ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཁེ་ལས་ཀྱི་ལོ་འཁོར་སྙན་ཞུའི་ཆ་འཕྲིན་ཡོངས་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ཡོད། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གོང་འཕེལ་འགྲོ་ཤུགས་ཆེ་རུ་སོང་ཞིང་། ལྗོངས་ཡོངས་སུ་རིགས་འདྲ་མིན་གྱི་ཁྲོམ་ར་གཉེར་མཁན་ཐེམ་དུད་ཁྲི་15.4ཟིན་པ་དང་། དེབ་སྐྱེལ་ཐོ་འགོད་མ་རྩ་སྒོར་དུང་ཕྱུར་2000ལྷག་ཙམ་ཟིན་ཞིང་། ཐེམ་དུད་ཁྲི་4.3མང་དུ་ཕྱིན་ནས་38.5%འཕར་ཡོད། རིན་གོང་ལམ་སྲོལ་བསྒྱུར་བཅོས་ཇེ་མགྱོགས་སུ་བཏང་ཡོད། རང་སྐྱོང་ལྗོངས་རིམ་པའི་སྲིད་གཞུང་སྡེ་ཚན་དང་སྲིད་འཛིན་གྱི་འགན་ནུས་ཁྲིམས་བཞིན་འཁུར་མཁན་གྱི་བྱ་གཞག་ཚན་པའི་དབང་ཆའི་གསལ་ཐོ་བཟོ་སྒྲིག་བྱེད་པའི་ལས་དོན་རྩ་བའི་ཆར་ལེགས་སྒྲུབ་བྱུང་ཡོད། མ་འཇོག་རྣམ་གྲངས་ལ་དྲ་ཐོག་ཞིབ་མཆན་དང་ལྟ་འདོམས་བྱེད་པའི་ལས་སྟེགས་འཁོར་སྐྱོད་བྱ་རྒྱུ་ཚོད་ལྟ་བྱས་ཡོད། 80%ཡན་གྱི་རྣམ་གྲངས་ཀྱི་ཞིབ་མཆན་དབང་ཚད་དེ་ས་གནས་གྲོང་ཁྱེར་དང་རྫོང་རིམ་པའི་མ་འཇོག་གཙོ་འགན་སྡེ་ཚན་ལ་སྤྲད་པས་རྣམ་གྲངས་ལ་ཞིབ་མཆན་འགོད་པའི་ལས་ཕྱོད་ཆེ་རུ་ཤུགས་ཆེན་སོང་ཡོད། སྤྱི་ཚོགས་ཀྱི་ཡིད་རྟོན་རྒྱུད་ཁོངས་ལས་སྟེགས་དང་གཅིག་གྱུར་གྱི་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལས་སྟེགས་ཇེ་མགྱོགས་སུ་བསྐྲུན་ཞིང་། “ཡིད་རྟོན་རུང་བའི་བོད་ལྗོངས”ཞེས་པ་དྲ་ཐོག་ཏུ་འཁོར་སྐྱོད་ཐུབ་ཡོད། རྫོང་མན་གྱི་ལས་ཁུངས་ཀྱི་གཞུང་ལས་པའི་གོ་གནས་དང་གོ་གནས་ཀྱི་རིམ་པ་མཉམ་གཤིབ་ལམ་ལུགས་བསྒྱུར་བཅོས་ཇེ་མགྱོགས་སུ་བཏང་ཡོད། འཁོར་རིགས་འགན་བཅོལ་གྱི་ཆ་འཕྲིན་ལས་སྟེགས་བསྐྲུན་པའི་ཐོག་ལས་འགོ་ཡང་ཚུགས་ཡོད། བོད་ཀྱི་འགན་བཅོལ་ཁྲིམས་ཚན་ལས་ཁུངས་དང་པོ་དེ་གྲབས་འཛུགས་བྱ་རྒྱུའི་ཆོག་མཆན་ཐོབ་ཅིང་། ཀྲུང་ཤིན་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་དེ་དངོས་སུ་ཕྱི་ཕྱོགས་ལ་ལས་འགོ་གཉེར་ཡོད། སྨན་བཅོས་འཕྲོད་བསྟེན་གྱི་སྒྲིག་སྲོལ་བསྒྱུར་བཅོས་བརྟན་པོའི་ངང་བྱས་ཤིང་། གཙོ་གནད་བསྒྱུར་བཅོས་ཀྱི་ལས་འགན་ཁག་5ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཡོད། རྫོང་རིམ་པའི་གཞུང་བཙུགས་སྨན་ཁང་ལ་རྒྱལ་ཁབ་ཀྱི་གཞི་རྩའི་སྨན་རྫས་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཡོད། ཆུ་ཤུར་རྫོང་དུ་རྫོང་རིམ་པའི་གྲོང་གསེབ་ཀྱི་ས་ཆ་བརྒྱུད་བཤུག་ཉོ་ཚོང་ཞབས་ཞུའི་ལྟེ་གནས་བཙུགས་པ་དང་། གྲོང་གསེབ་ཀྱི་ས་ཆའི་རྩོད་གཞི་འདུམ་གཅོད་ཨུ་ལྷན་བཙུགས་ཡོད། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲི་དོན་འཁྱོལ་བྱས་ཏེ་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་སྐུལ་ཞིབ་བཤེར་ལམ་ལུགས་བཙུགས་ཡོད། རྒྱ་གར་དང་ནེ་པ་ལའི་དངུལ་ལུའུ་པེ་དེ་མི་དམངས་ཤོག་སྒོར་གྱི་དངུལ་སྨར་དང་བརྗེ་རེས་བྱེད་པའི་ལམ་སྲོལ་བཙུགས་ཡོད། སྐབས་དང་པོའི་བོད་ལྗོངས་འགྲེམས་ཚོགས་ཐོག་གན་རྒྱ་བཞག་པའི་རྣམ་གྲངས་33ཁྲོད་ནས་རྣམ་གྲངས་7ཐོན་སྐྱེད་ཚོད་ལྟ་བྱེད་པའི་དུས་མཚམས་སུ་སླེབས་པ་དང་། རྣམ་གྲངས་10འཛུགས་སྐྲུན་བྱེད་འགོ་ཚུགས་པ། རྣམ་གྲངས་16གྲབས་སྐྲུན་གྱི་ལས་ཀ་བྱེད་སྒང་ཡིན། སྐབས་གཉིས་པའི་བོད་ལྗོངས་འགྲེམས་ཚོགས་ཐོག་རྣམ་གྲངས་132ལ་གན་རྒྱ་བཞག་པར་སྤྱིའི་མ་འཇོག་སྒོར་དུང་ཕྱུར་756.5བཏང་ཡོད། དུས་སྐབས་གསར་པའི་ག་སྦྱར་རོགས་སྐྱོར་ལས་དོན་གྱི་བླང་བྱ་གཞིར་བཟུང་ག་སྦྱར་བོད་སྐྱོར་གྱི་མགོ་སྦྲེལ་འབྲེལ་བ་ལེགས་སྒྲིག་བྱས་ཤིང“ཚོགས་སྒྲིག་རྣམ་པའི”སྨན་བཅོས་ཀྱི་བོད་སྐྱོར་བྱ་རྒྱུར་སྐུལ་སྤེལ་ཏན་ཏིག་བཏང་ཡོད།
(དགུ)འབྱུང་ཁམས་ཁོར་ཡུག་ལེགས་སུ་མངོན་གསལ་དོད་པོ་སོང་བ། “གཙང་པོ་གཉིས་དང་ཆུ་བོ་བཞི”རྒྱུགས་ཁུལ་གྱི་ནགས་བཟོ་སྔོ་འགྱུར་དང་། རྨོ་བསྐྱུར་ནགས་བཟོ། སྐྱས་སྤོས་རྩྭ་གསོ་སོགས་བྱ་རྒྱུའི་གཙོ་ཆེའི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་པའི་ལས་གཞི་ལག་བསྟར་གཏིང་ཟབ་བྱས་ནས་ནགས་ཚལ་དང་རྩྭ་ཐང་གི་སྔོ་ཁེབས་ཟམ་མི་ཆད་པར་རྒྱ་ཆེར་སོང་ཞིང་། ནག་ཆུ་ས་གནས་དེ་ཉིད་དུས་ཁག་གཉིས་པའི་རྒྱལ་ཡོངས་ཀྱི་ཆུའི་འབྱུང་ཁམས་དཔལ་ཡོན་གྲོང་ཁྱེར་དུ་མཆན་འགོད་བཀའ་ལན་བྱུང་ཡོད། ཁོར་ཡུག་ཐད་ཁྲིམས་སྒྱུར་དང་ལྟ་འདོམས་ནན་པོ་བྱས་ཤིང་། གཙོ་ཆེའི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་དང་། དེ་བཞིན་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་བདག་དུ་བཟུང་བའི་གཙོ་གནད་ལྟ་སྐུལ་ཚོད་འཛིན་ཁེ་ལས་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་ཐོག ཁོར་ཡུག་ཐད་གནད་དོན་ཡོད་པའི་ཁེ་ལས་ལ་ཐག་གཅོད་བྱས་ཡོད། ལྗོངས་ཡོངས་ཀྱི་རྫོང(ཆུད)ཁག་74ཡི་ཁོར་ཡུག་སྲུང་སྐྱོབ་ལས་དོན་ལ་ཕྱོགས་ཡོངས་ནས་ཞིབ་དཔྱད་བྱས་ཡོད། རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་1/3ལ་རིགས་འདྲ་མིན་གྱི་རང་བྱུང་སྲུང་སྐྱོབ་ཁུལ་བསྐྲུན་པ་དང 《བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་འཐབ་ཇུས་དང་བྱ་སྤྱོད་འཆར་གཞི》ཁྱབ་སྤེལ་ཤུགས་ཆེན་བཏང་སྟེ་ནགས་བཟོ་སྔོ་འགྱུར་མུའུ་ཁྲི་124བྱས་པ་དང་བྱེ་སྐྱོན་འགོག་བཅོས་མུའུ་ཁྲི་60ལྷག་ཙམ་བྱས་ཡོད། བདག་མེད་སྲོག་ཆགས་རིགས་ཀྱི་རྒྱལ་ཁབ་སྤྱི་གླིང་ཆེ་གྲས་དང་པོ་དེ་རང་ལྗོངས་སུ་སྒོ་བྱང་བཀལ་ནས་བཙུགས་ཡོད། ཀྲུང་གོ་ཚན་རིག་ཁང་གིས་འགྲེམས་སྤེལ་བྱས་པའི《བོད་ལྗོངས་ས་མཐོའི་ཁོར་ཡུག་འགྱུར་ལྡོག་གི་ཚན་རིག་ཚོད་སྐོར》ཐོག་མངོན་པར་གཞིགས་ན་བོད་ལྗོངས་ས་མཐོའི་འབྱུང་ཁམས་མ་ལག་སྤྱི་ཡོངས་ནས་ལེཌ་སུ་སོང་ཡོད།
(བཅུ)བདེ་འཇགས་ཐོན་སྐྱེད་ཀྱི་གནས་བབ་རྒྱུན་མཐུད་ཡག་ཏུ་སོང་བ། བདེ་འཇགས་ཐོན་སྐྱེད་ཐད“ཏང་སྲིད་འགན་འཁྲི་མཉམ་འཁུར་དང་། ལས་གནས་གཅིག་ལ་འགན་འཁྲི་གཉིས། འགན་ཤོར་བདའ་འདེད”བཅས་ཀྱི་འགན་འཁྲིའི་མ་ལག་འཛུགས་རྒྱུ་སྔར་བས་ཤུགས་ཆེར་བཏང་སྟེ། བདེ་འཇགས་ཐོན་སྐྱེད་ཐད་ཀྱི་ཞིབ་བཤེར་ཆེ་མོ་དང་། རྩད་བཤེར་ཆེ་མོ། བཅོས་སྐྱོང་ཆེ་མོ་བཅས་ཀྱི་ལས་འགུལ་གཏིང་ཟབ་སྤེལ་ཐོག་ཁྲིམས་འགལ་ལ་རྡུང་རྡེག་དང་བཅོས་སྐྱོང་བྱེད་པའི“རྡུང་རྡེག་དྲུག་དང་བཅོས་སྐྱོང་དྲུག”གི་ཆེད་དོན་ལས་འགུལ་སྤེལ་ཡོད། གཙོ་གནད་ལས་རིགས་དང་ཁྱབ་ཁོངས་སུ་ཆེད་དོན་བཅོས་སྒྲིག་བྱས་པས་རིགས་འདྲ་མིན་གྱི་བྱུར་རྐྱེན་ཐོན་གྲངས་དང་མི་ཤི་གྲངས་དུས་མཚུངས་དང་བསྡུར་ན་ཁག་སོ་སོར་5%དང་8%ཆག་ཡོད་པས་ལྗོངས་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་གནས་ཚུལ་རྒྱུན་མཐུད་བརྟན་ཐོག་ལེགས་འཕེལ་བྱུང་ཡོད།
གཉིས། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུར་འཕྲད་པའི་དུས་བབ།
(གཅིག) མིག་སྔར་འཕྲད་པའི་གོང་འཕེལ་གྱི་དུས་བབ། ཕྱོགས་ཁག་གི་ཕན་ལྡན་རྒྱུ་རྐྱེན་གཅིག་གྱུར་ཐོག་འཆར་འགོད་བྱས་ཏེ། “ལོ་ལྔ་ཚན་བཅུ་གསུམ་པ”འགོ་འཛུགས་པའི་ལོ་འདིར་དེ་བས་ཕན་ལྡན་གྱི་གོ་སྐབས་འཕྲད་ཡོད། དེ་ཡང་གཅིག་ནི་དམིགས་བསལ་སྲིད་ཇུས་ཀྱི་གཏིང་ཤུགས་དང་ནུས་ཚད་རྒྱུན་མཐུད་འདོན་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་ཏང་གི་བོད་སྐྱོང་ཇུས་ཆེན་འཐུས་སྒོ་ཚང་དུ་བཏང་ཞིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དོན་གཅོད་ཐིང་གིས་བཟོ་འདོན་བྱེད་གྲབས་ཡོད་པའི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་གལ་ཆེའི་རྣམ་གྲངས་འགའ་ཞིག་གི་བསམ་འཆར་དེས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་སྒུལ་ཤུགས་གསར་པ་སྦྱིན་ངེས་རེད། གཉིས་ནི་བསྒྱུར་བཅོས་དང་སྒོ་མོ་རྒྱ་ཆེར་དབྱེ་བའི་རྣམ་པ་གཞི་རྩའི་ཆར་ཆགས་ཟིན་པ་བྱ་རྒྱུ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པ་ལྔ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པ་བརྒྱུད་རང་ལྗོངས་ཀྱིས“ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད། ལྷུག་གློད་དང་དམ་འཛིན་ཟུང་འབྲེལ། ཞབས་ཞུ་ལེགས་གཏོང”བཅས་བྱ་རྒྱུ་གཙོ་གནད་དུ་བྱེད་པའི་བསྒྱུར་བཅོས་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་སྟེ“རྒྱུད་གཅིག་ལམ་གཅིག”ཁོངས་སུ་བསྡུ་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་སྤེལ་འགོ་ཚུགས་པས་གོང་འཕེལ་གྱི་གསོན་ཤུགས་ཟམ་མི་ཆད་པར་ཤུགས་ཆེར་འགྲོ་རྒྱུ་རེད། གསུམ་ནི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་འགྲོ་རྒྱུ། ཀྲུང་དབྱང་གི་ཐུགས་ཁུར་དང་། རྒྱལ་ཡོངས་ཀྱི་རྒྱབ་སྐྱོར། དེ་བཞིན་རང་སྟོབས་རང་སྤེལ་བཅས་བྱ་རྒྱུ་ཟུང་འབྲེལ་བྱེད་པའི་གོང་འཕེལ་གཏོང་སྟངས་སྔར་བས་ཚགས་ཚུད་དུ་སོང་ཞིང་། རྣམ་གསར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་རྒྱུས་གོ་སྐབས་གསར་པ་སྦྱིན་པ་དང་། ལེཌ་ཆ་ཆེ་ཞིང་ཁྱད་ལྡན་ཐོན་ལས་ཀྱི་རུབ་འདུས་ནུས་འབྲས་དང་གཞི་ཁྱོན་རིམ་པས་མངོན་གསལ་དོད་དུ་སོང་ཐོག སྨན་བཅོས་དང་། སློབ་གསོ། སྤྱི་ཚོཌ་འགན་སྲུང་། ལས་ཞུགས་སོཌ་སྤྱི་པའི་ཞབས་ཞུའི་ཆུ་ཚད་ཟམ་མི་ཆད་པར་ཆེ་རུ་སོང་བས་གོང་འཕེལ་གཏོང་བའི་ཆ་རྐྱེན་དང་རྨང་གཞི་སྔར་བས་ལེཌ་སུ་འགྲོ་རྒྱུ་རེད།
སྤྱི་ཡོངས་ནས་དབྱེ་ཞིབ་བྱས་ན། རང་ལྗོངས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་བའི་འཕེལ་ངོ་བཟང་ཞིང་། དྲང་ནུས་ཆེན་པོ་ལྡན་ཡོད་མོད། ཡིན་ནའང་འཕྲད་པའི་གནད་དོན་དང་ཞན་ཆ་འགའ་གནས་པའང་མཐོང་ཐུབ་པ་བྱས་ཏེ་གཅིག་སྡུད་ཐོག་དཀའ་གནད་སེལ་དགོས་ཀྱི་ཡོད། དེ་ཡང་གཅིག་ནི་དཔལ་འབྱོར་བརྟན་པའི་ཁྲོད་གོང་འཕེལ་འགྲོ་འགོར་བའི་རྣམ་པ་རིམ་པས་མངོན་ཡོང་གི་ཡོད་པ། ཕྱོགས་གཅིག་ནས་རང་ལྗོངས་ཀྱི་དཔལ་འབྱོར་ལ་ཡུན་རིང་མ་འཇོག་གིས་སྐུལ་སྤེལ་གཏོང་བའི་རྣམ་པ་ད་དུང་འགྱུར་ལྡོག་བྱུང་མེད་ཅིང་། གཙོ་བོ་རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་ཐོག་གཏོང་བ་དང་། སྤྱི་ཚོགས་ཀྱི་ཕན་འབྲས་དེ་དཔལ་འབྱོར་གྱི་ཕན་འབྲས་ལས་ཆེ་བ་ཡོད་པས་མ་འཇོག་གྱི་མཐའ་འབྲེལ་ནུས་པ་རིམ་ཆགས་གྱི་རྣམ་པ་རིམ་བཞིན་མངོན་གསལ་དོད་དུ་འགྲོ་བ་དང་། ཕྱོགས་གཞན་ཞིག་ནས་དཔལ་འབྱོར་གོང་འཕེལ་གཏོང་རྒྱུ་དེ་རྒྱུན་རྣམ་གསར་པར་སླེབས་ཤིང་། གཞི་ཆེའི་ཁོར་ཡུག་རྙོག་འཛིང་ཆེ་ལ་འགྱུར་ལྡོག་འགྲོ་ཆེ་བས་ཁེ་ལས་ནས་མ་འཇོག་བྱ་རྒྱུར་གཟབ་ནན་བྱེད་དགོས་པ་དང་རྒྱལ་ཁབ་ནས་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དཀའ་གནད་ཇེ་ཆེར་འགྲོ་བས་འཕར་སྣོན་བརྟན་པོ་ཡོང་བ་བྱ་རྒྱུར་གནོན་ཤུགས་སྔར་བཞིན་ཆེན་པོ་ཡོད། གཉིས་ནི་རྒྱུན་མཐུད་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་བྱེད་པའི་སྒུལ་ཤུགས་ཆེ་རུ་གཏོང་དགོས་པ། སྤྱི་ཡོངས་ནས་བལྟས་ཚེ་རང་ལྗོངས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་བའི་ཐོག་མའི་རང་བཞིན་དང་། སྒུག་རྟེན་རང་བཞིན། རགས་ལས་རང་བཞིན་བཅས་ཀྱི་ཁྱད་ཆོས་སྔར་བཞིན་མངོན་གསལ་དོད་ཅིང་། མཁོ་དགོས་ཀྱི་གྲུབ་ཆ་དང་། མཁོ་སྤྲོད་ཀྱི་གྲུབ་ཆ། ཡོང་འབབ་ཀྱི་གྲུབ་ཆ་བཅས་ལུགས་མཐུན་མེད་པའི་གནད་དོན་སྔར་བཞིན་མངོན་གསལ་ཆེ་བའི་ཐོག མ་འཇོག་མཁོ་དགོས་ཆེ་བ་དང་། མཁོ་སྤྲོད་ནུས་པ་ཞན་པ། འབབ་བཟོའི་ཐབས་ལམ་ཉུང་བ་བཅས་ལ་བརྟེན་འབྱོར་སྟོབས་རང་གསོའི་ནུས་པ་ཤུགས་ཆེན་པོ་དེ་ཙམ་ཆགས་ཐུབ་མེད། གསུམ་ནི་སྲིད་ཇུས་གསོག་ཐེབས་ཕན་སྒྱུར་བྱེད་པའི་རང་འགུལ་རང་བཞིན་མཐོ་རུ་གཏོང་དགོས་པ། བསྒྱུར་བཅོས་ཟམ་མི་ཆད་པར་གཏིང་ཟབ་ཏུ་འགྲོ་བ་དང་། ཁྱབ་ཁོངས་རེ་འགའི་རང་འགུལ་བསྒྱུར་བཅོས་ཀྱི་བསམ་གཞི་དང་བྱ་ཐབས་མང་པོ་མེད་པ། ཞིབ་མཆན་དབང་ཚད་གཤམ་སྤྲོད་བྱས་རྗེས་ཁུར་ལེན་བྱེད་མི་ཐུབ་པ་དང་བེད་སྤྱོད་ཡག་པོ་བྱེད་ཐུབ་མཁན་མེད་པའི་གནད་དོན་མངོན་གསལ་དོད་ཙམ་ཡོད་པས་དངུལ་ཡོད་ཀྱང་བེད་སྤྱོད་བྱེད་ས་མེད་པ་དང་། རྣམ་གྲངས་ཡོད་ཀྱང་སྤེལ་འགོར་བ། སྲིད་ཇུས་ཡོད་ཀྱང་ལག་བསྟར་བྱེད་དཀའ་བ་བཅས་ཀྱི་གནས་ཚུལ་ལ་བརྟེན་ནས་དུས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུར་ཤུགས་རྐྱེན་བཟོ་གི་ཡོད་པ་རེད། (གཉིས)དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་སྤྱིའི་བླང་བྱ་དང་གོང་འཕེལ་གྱི་དམིགས་ཚད། 2016ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་སྤྱིའི་བླང་བྱ་ནི། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པ་ལྔ་པ། དེ་བཞིན་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་བཅས་ལག་བསྟར་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ། ལྗོངས་ཏང་ཨུད་ཀྱི་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་བརྒྱད་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བཅས་བྱས་ནས་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་གལ་ཆེའི་དགོངས་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱས་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས“ཕྱོགས་ལྔ་གཞི་གཅིག་ཅན”གྱི་སྤྱི་ཡོངས་ཁྱབ་བཀོད་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་ཁྱབ་བཀོད་གཞིར་བཟུང་གསར་གཏོད་དང་། མཐུན་སྦྱོར། འབྱུང་འཕྲོད། སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་གོང་འཕེལ་གྱི་ལྟ་བ་བརྟན་པོ་འཛུགས་པ་དང་ལག་བསྟར་དོན་འཁྱོལ་བྱེད་པ། དཔལ་འབྱོར་གོང་འཕེལ་གཏོང་བའི་རྒྱུན་རྣམ་གསར་པ་དང་འཚམ་པ་བཅས་བྱས་ཏེ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་དང་། འཕར་སྣོན་བརྟན་པོ་དང་། གྲུབ་ཆ་ལེགས་སྒྲིག བསྒྱུར་བཅོས་ལ་སྐུལ་འདེད། དམངས་འཚོར་ཕན་འདོགས་པ། བརྟན་ལྷིང་འགན་སྲུང་བཅས་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་གཞི་ཆེའི་སྲིད་ཇུས་བརྟན་པོ་དགོས་པ་དང་། ཐོན་ལས་ཀྱི་སྲིད་ཇུས་གནད་འཕིགས་དགོས་པ། གཞི་ཆུང་གི་སྲིད་ཇུས་སྟབས་བསྟུན་དགོས་པ། བསྒྱུར་བཅོས་ཀྱི་སྲིད་ཇུས་དངོས་འབྲེལ་དགོས་པ། སྤྱི་ཚོགས་ཀྱི་སྲིད་ཇུས་མཐའ་འཁྱོལ་དགོས་པ་བཅས་ཀྱི་སྤྱིའི་བསམ་གཞི་ལག་བསྟར་བྱས་ནས་རྨང་གཞིའི་སྒྲིག་བཀོད་དང་། ཁྱད་ལྡན་བཟང་ཆ་ཆེ་བའི་ཐོན་ལས། འབྱུང་ཁམས་སྲུང་སྐྱོབ་དང་ལེགས་སྐྱོང་བཅས་བྱ་རྒྱུ་གཙོ་བོར་བཟུང་བ་དང་། དཔལ་འབྱོར་གོང་འཕེལ་གཏོང་བའི་སྤུས་ཚད་དང་ནུས་འབྲས་ཆེ་རུ་གཏོང་རྒྱུ་ལྟེ་བར་བཟུང་བ། བསྒྱུར་བཅོས་སྒོ་དབྱེ་ཇེ་མགྱོགས་སུ་གཏོང་རྒྱུ་དང་ཁྲོམ་རའི་གཙོ་རྒྱུ་འཁོར་རྒྱུག་བྱ་རྒྱུ་ཐབས་ལམ་དུ་བཟུང་བ་བཅས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་ངང་གོང་འཕེལ་དང་མི་རིགས་ཁག་གི་མི་དམངས་ཀྱི་དངོས་པོ་དང་རིག་གནས་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་གོང་འཕེལ་ཡོང་བའི་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་ཀྱིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ཤིང་མྱུར་བའི་སྒོ་ནས་གོང་འཕེལ་གཏོང་ཐུབ་པའི་འབད་བརྩོན་བྱ་རྒྱུ་ཡིན། མིག་སྔར་འཕྲད་པའི་གོང་འཕེལ་གྱི་དུས་བབ་དང“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་སྤྱིའི་གོང་འཕེལ་གྱི་བླང་བྱ་གཞིར་བཟུང་། རགས་རྩིས་བྱས་པ་བརྒྱུད། 2016ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་དམིགས་ཚད་གཙོ་བོ་ནི་ས་གནས་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་10%ཡན་འཕར་བ་བྱ་རྒྱུ་དང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་ཀྱི་མ་འཇོག་20%འཕར་བ་བྱ་རྒྱུ། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བྱེད་འབོར་13%ཡན་འཕར་བ་བྱ་རྒྱུ། སྤྱི་པའི་ནོར་སྲིད་སྔོན་རྩིས་ཀྱི་ཡོང་འབབ་15%འཕར་བ་བྱ་རྒྱུ། ཡུལ་མིའི་འཛད་སྤྱོད་རིན་གོང་འཕར་ཚད་4%ནང་ཚུན་དུ་ཚོད་འཛིན་བྱ་རྒྱུ། གྲོང་ཁྱེར་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་3%ནང་ཚུན་དུ་ཚོད་འཛིན་ཐུབ་པ་བྱ་རྒྱུ། གྲོང་ཁྱེར་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་10%འཕར་བ་བྱ་རྒྱུ། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་13%ཡན་འཕར་བ་བྱ་རྒྱུ་བཅས་ཡིན།
གསུམ། 2016ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་ལས་འགན་དང་བྱ་ཐབས་གཙོ་བོ།
2016ལོ་ནི“ལོ་ལྔ་ཚན་བཅུ་གསུམ་པ”འགོ་འཛུགས་ལོ་ཞིག་ཡིན་པས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ཏེ“ཁྲིམས་བཞིན་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང”བཅས་ཀྱི་གལ་ཆེའི་རྩ་དོན་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ་དང་། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་ཐོག་མའི་དམིགས་ས་དང་དོན་ལ་བབས་སར་བརྩིས་ཐོག “ནན་གསུམ་དྲང་གསུམ”གྱི་བླང་བྱ་ལྟར་ལོ་ལྔའི་འཆར་འགོད་དམིགས་ཚད་དང་ལོ་འཁོར་གྱི་འཆར་གཞིར་གཞིགས་ཏེ་སྔར་བས་དམ་པ་དོན་གཉེར་གྱི་སྤྱོད་ཚུལ་ཐོག་ནས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་ལས་དོན་ཁག་དམ་འཛིན་ཡག་པོ་བྱས་ནས“ལོ་ལྔ་ཚན་བཅུ་གསུམ་པ”འགོ་ཡག་པོ་འཛུགས་ཐུབ་པ་དང་གོམ་པ་བརྟན་པོ་སྤོ་ཐུབ་པ་བྱ་རྒྱུ་ཡིན།
(གཅིག)འཆར་འགོད་ཀྱིས་ཁྲིད་སྟོན་བྱས་ཏེ་དཔལ་འབྱོར་ལེགས་ཤིང་མྱུར་བའི་སྒོ་ནས་གོང་འཕེལ་ཡོང་བ་བྱ་རྒྱུ། 1.ཀྲུང་དབྱང་གི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱ་རྒྱུ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོཌ་འདུ་ཐེངས་དྲུག་པའི་ཐོག་གཏན་འཁེལ་གནང་བའི་སྲིད་ཇུས་ཁག་གི་དོན་ཚན་དང་ནང་དོན་རེ་རེ་བཞིན་ཞིབ་འཇུག་བྱེད་པ་དང་། རང་འགུལ་ངང་སྙན་སེང་སྦྲེལ་མཐུད་ཧུར་ཐག་བྱེད་པ། ཚང་སྒྲིག་གི་ལག་བསྟར་ཇུས་གཞི་ཞིབ་ཚགས་བཟོ་བ་བཅས་བྱས་ནས་ཀྲུང་དབྱང་གིས་རང་ལྗོངས་ལ་གནང་བའི་གཟིགས་སྐྱོང་སྲིད་ཇུས་ཆད་ལུས་མེད་པར་བེད་སྤྱོད་ཡག་པོ་བྱས་ཐོག ལས་ཀའི་ཟུར་བཙུགས་རྩིས་ཁྲ་ཅུང་ཆ་ཚང་བ་ཞིག་གྲུབ་པ་བྱས་ནས་ལས་འགན་དོན་འཁྱོལ་བྱེད་པའི་ལྟེ་བ་གསལ་པོ་ཡོད་པ་དང་། ལས་ཀའི་བྱེད་ཐབས་དོ་ཏན་ནུས་པ་ལྡན་པ། ལག་བསྟར་གྱི་ཕན་འབྲས་ཚང་མས་མཐོང་བ་བཅས་བྱེད་ཐུབ་པ་བྱ་རྒྱུ།
2.“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཚན་རིག་དང་མཐུན་པའི་སྒོ་ནས་བཟོ་འགོད་བྱ་རྒྱུ། ཀྲུང་དབྱང་གིས་བོད་ཀྱི་ལས་དོན་གྱི་གནས་གཏན་འཁེལ་བྱས་པ་དང་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ལ་དམིགས་ཏེ་ལྗོངས་ཕྱི་ནང་གི་ཐོན་ཁུངས་གཅིག་གྱུར་འཆར་འགོད་བྱེད་པ་དང་། གཙོ་ཆེའི་གནད་དོན་ཞིབ་འཇུག་བྱ་རྒྱུར་ཤུགས་སྣོན་རྒྱག་པ། གོང་འཕེལ་གྱི་ལྟ་བ་འགྱུར་ལྡོག་གཏོང་བ་བཅས་བྱས་ཏེ་འཆར་འགོད་ཆེ་མོར་བརྟེན་ནས་གོང་འཕེལ་གྱི་བསམ་གཞི་ཆེ་མོ་དོན་འཁྱོལ་བྱས་ཐོག ཆེད་དོན་འཆར་འགོད་དང་ས་གནས་གྲོང་ཁྱེར་གྱི་འཆར་འགོད་བཟོ་སྒྲིག་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་བསམ་གཞི་གཙང་བཤངས་དང་། གཙོ་གནད་མངོན་ཆེ། དམིགས་ཚད་ཁ་གསལ་བཅས་ཀྱི་ཐོག་ནས་ལོ་སྟོད་ཀྱི་ཞིབ་མཆན་ཁག་ལེགས་སྒྲུབ་ཐུབ་པ་བྱ་རྒྱུ། 3.འཆར་འགོད་རྣམ་གྲངས་ལ་ཞིབ་མཆན་ཇེ་མགྱོགས་སུ་འགོད་རྒྱུ། རྒྱལ་ཁབ་པུའུ་ཨུད་ཁག་ལ་སྙན་སེང་དང་སྦྲེལ་མཐུད་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་རྣམ་གྲངས་ཀྱི་ཇུས་གཞིར་རྒྱལ་ཁབ་ནས་གང་མགྱོཌ་ཞིབ་མཆན་བཀའ་ལན་ཡོང་བ་བྱ་རྒྱུ་དང་། རྣམ་གྲངས་ཀྱི་མ་འཇོག་སྔ་ཙམ་བཀོད་སྒྲིག་བྱ་རྒྱུ། རྣམ་གྲངས་ཀྱི་སྔོན་གྲབས་ལས་དོན་སྔ་སྣུར་དུ་ཇུས་འགོད་དང་སྤེལ་རྒྱུ། ལོ་ཧྲིལ་པོར་ཀྲུང་དབྱང་གི་མ་འཇོག་སྒོར་དུང་ཕྱུར་500ཡན་གཏོང་རྒྱུ་བརྩོན་ལེན་བྱ་རྒྱུ། སྤྱི་ཚོཌ་ཀྱི་མ་འཇོག་སྐུལ་སློང་ཤུཌ་ཆེ་བྱས་ནས་ལོ་ལྔ་གཉིས་ཀྱི་འཆར་འགོད་བརྟན་པོའི་ངང་བར་བརྒལ་དང་གོ་རིམ་ལྡན་པའི་ངང་སྦྲེལ་མཐུད་ཐུབ་པ་བྱ་རྒྱུ། གཙོ་ཆེའི་རྣམ་གྲངས“གྲབས་གསོག་ཁག་གཅིག་དང་། སྐུལ་སྤེལ་ཁག་གཅིག ལག་བསྟར་ཁག་གཅིག འཛུཌ་སྐྲུན་ཁག་གཅིག”བཅས་བྱེད་པའི་འཁོར་འགྲིལ་གོང་འཕེལ་གྱི་རྣམ་པ་ཞིག་ཧུར་ཐག་ཆགས་པ་བྱ་རྒྱུ་བཅས་ཡིན།
(གཉིས)དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱ་རྒྱུ་ལྟེ་བར་བཟུང་ནས་དམངས་ཕྱུག་བོད་དར་ལ་སྐུལ་འདེད་གཏོང་རྒྱུ། 4.གནད་འཕིགས་དབུལ་སྒྲོལ་ཡོང་བར་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ། རང་སྐྱོང་ལྗོངས་ཀྱི་དབུལ་སྐྱོར་གསར་སྤེལ་མ་འཇོག་ཀུང་སི་བཙུགས་ནས་འཁོར་རྒྱུག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ། གནད་འཕིགས་དབུལ་སྐྱོར་དང་དབུལ་སྒྲོལ་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་བོད་རང་སྐྱོང་ལྗོངས་ཀྱི་གནད་འཕིགས་དབུལ་སྐྱོར་འཆར་འགོད་བཟོ་འབེབས་ལག་བསྟར་བྱས་ཐོག ཡིག་ཚགས་དང་ཤོག་བྱང་བཟོ་བའི་ལས་དོན་ཡག་པོ་སྒྲུབ་རྒྱུ། དབུལ་སྐྱོར་ལས་ཀའི་འགན་འཁྲིའི་ལམ་ལུགས་བཟོས་ནས“གནད་འཕིགས་དྲུག”ཏན་ཏིག་བྱེད་པ་དང “ཁག་གཅིག་བྱས་པ་ལྔ”མངོན་འགྱུར་ཐུབ་པ་བྱས་ཏེ་དབུལ་ཕོངས་མི་འབོར་ཁྲི་12.97དབུལ་སྒྲོལ་ཐུབ་པ་བྱ་རྒྱུ། 5.གནོད་འཚེའི་རྗེས་ཀྱི་སླར་གསོ་དང་བསྐྱར་སྐྲུན་ལས་དོན་སྤེལ་རིམ་མགྱོགས་སུ་གཏོང་རྒྱུ། “ལོ་གཉིས་ནང་གཞི་རྩའི་ཆར་ལེགས་སྒྲུབ་དང་། ལོ་གསུམ་ནང་སྤྱི་ཡོངས་ནས་མཆོང་སྐྱོད་ཐུབ་པ། ལོ་ལྔའི་ནང་མཉམ་བགྲོད་ཐོག་འབྱོར་འབྲིང་མངོན་འགྱུར་ཐུབ་པ་བྱ་རྒྱུ”དེ་བསྐྱར་སྐྲུན་གྱི་དམིགས་ཚད་དུ་བྱས་ནས་གནོད་འཚེ་ཕོག་ཁུལ་མགྱོགས་མྱུར་སླར་གསོ་དང་བསྐྱར་སྐྲུན་བྱེད་པའི་ལས་འགན་ཁག་སྒྲུབ་རྒྱུར་སྐུལ་འདེད་གཏོང་རྒྱུ། 2016ལོར་གནོད་འཚེ་ཚབས་ཆེ་ཁུལ་དང་། གནོད་འཚེ་ཆེ་ཁུལ། སྤྱིར་བཏང་གནོད་འཚེ་བྱུང་ཁུལ་བཅས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་སྡོད་ཁང་དང་། སྤྱི་པའི་ཞབས་ཞུའི་སྒྲིག་བཀོད། རྨང་གཞིའི་སྒྲིག་བཀོད་སོགས་གཙོ་གནད་ཐོག་སླར་གསོ་དང་བསྐྱར་སྐྲུན་བྱ་རྒྱུ། དུས་མཚུངས་ཐོན་སྐྱེད་སྒྲིག་བཀོད་སླར་གསོ་བསྐྱར་སྐྲུན་བྱ་རྒྱུ་དང་། ས་གཤིས་གནོད་འཚེ་ཕྱོགས་བསྡུས་འགོག་བཅོས་བྱས་ཏེ་གནོད་འཚེའི་རྗེས་ཀྱི་སླར་གསོ་དང་བསྐྱར་སྐྲུན་ལས་དོན་གཞི་རྩའི་ཆ་ནས་འགྲུབ་པ་བྱ་རྒྱུ། 6.གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུ། ཞིང་འབྲོག་པའི་ཡོང་འབབ་འཕར་བ་བྱ་རྒྱུ་དེ་གྲོང་ཁྱེར་གྲོང་རྡལ་ཅན་ལ་སྐུལ་འདེད་གཏོང་རྒྱུ་དང་། གྲོང་གསེབ་གསར་པ་སྐྲུན་རྒྱུ། རྣམ་གྲངས་ལས་གྲྭ་འཛུགས་སྐྲུན། ཁྱད་ལྡན་ཐོན་ལས་གོང་འཕེལ་གཏོང་རྒྱུ་བཅས་དང་གཅིག་གྱུར་འཆར་འགོད་བྱ་རྒྱུར་བསམ་གཞིགས་བྱས་ཐོག་ལས་ཞུགས་ལས་གཏོད་དང་། སྤྱི་ཚོགས་འགན་སྲུང་། རྩལ་ནུས་སྦྱོང་བརྡར། མ་དངུལ་སྒྱུར་སྤྲོད། དངུལ་རྩའི་རྒྱབ་སྐྱོར་སོགས་ཀྱི་ལས་སྟེགས་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་སྣ་མང་ཅན་གྱི་ཡོང་འབབ་འཕར་ཐབས་གཏོད་རྒྱུ། 7.དེང་རབས་སློབ་གསོའི་མ་ལག་གང་མགྱོགས་ཚགས་ཚུད་དུ་གཏོང་རྒྱུ། སྐད་གཉིས་སློབ་གསོ་སྤེལ་རྒྱུ་ཁྱོན་ཡོངས་སུ་ཁྱབ་པ་མཐའ་འཁྱོངས་ཀྱིས་སློབ་ཞུགས་གོང་གི་སློབ་གསོ་གོང་འཕེལ་ཤུགས་ཆེན་གཏོང་རྒྱུ་དང་། འགན་བབས་སློབ་གསོ་དོ་སྙོམས་གོང་འཕེལ་ཡོང་བར་སྐུལ་འདེད་ཧུར་ཐག་བཏང་སྟེ་སློབ་ཞུགས་གོང་གི་སློབ་གསོ་ནས་མཐོ་རིམ་སློབ་འབྲིང་དུས་མཚམས་བར་གྱི་ལོ་15རིང་སློབ་ཡོན་མི་དགོས་པའི“འགན་ལེན་གསུམ”གྱི་སྲིད་ཇུས་སྔར་བས་འཐུས་སྒོ་ཚང་དུ་བཏང་ཐོག་ལོ་རེའི་ཆ་སྙོམས་ཁ་གསབ་རོགས་དངུལ་སྤྲོད་པའི་ཚད་གཞི་མཐོ་རུ་གཏོང་རྒྱུ། འཚོ་བཅུད་ལེགས་སུ་གཏོང་བའི་འཆར་གཞི་མུ་མཐུད་ལག་བསྟར་བྱེད་རྒྱུ། ལས་ཞུགས་ཕྱོགས་སྟོན་དུ་བྱས་ཏེ་མཐོ་རིམ་སློབ་གྲྭའི་རིག་ཚན་ཆེད་ལས་གྲུབ་ཆ་བཟོ་སྒྲིག་ལེགས་སྒྱུར་བྱ་རྒྱུ། དེང་རབས་ལས་རིགས་སློབ་གསོ་གང་མགྱོགས་གོང་འཕེལ་གཏོང་བ་དང་། སློབ་གསོ་ཆ་འཕྲིན་ཅན་དུ་གཏོད་རྒྱུར་སྐུལ་སྤེལ་བཏང་ཐོག་རྒྱང་ཁྲིད་སློབ་གསོ་གོང་འཕེལ་ཧུར་ཐག་བཏང་སྟེ་སྤུས་ལེགས་སློབ་གསོའི་ཐོན་ཁུངས་ཀྱི་ཁེབས་རྒྱ་ཆེ་རུ་བཏང་ནས་སློབ་གསོ་དྲང་སྙོམས་ཡོང་བར་སྐུལ་འདེད་ཟམ་མི་ཆད་པ་གཏོང་རྒྱུ། 8.སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུ། “བདེ་ཐང་བོད་ལྗོངས”ལས་གཞི་ལག་བསྟར་བྱ་རྒྱུ་དང་། ཕྲུ་གུ་གཉིས་སྐྱེ་ཆོག་པའི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ལེ་ལག་སྲིད་ཇུས་བཟོ་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་དང་རྒྱ་ཆེའི་གྲྭ་བཙུན་ལ་རིན་མེད་ཐོག་གཟུགས་པོ་བརྟག་དཔྱད་བྱེད་པའི་སྲིད་ཇུས་མུ་མཐུད་ལག་བསྟར་བྱ་རྒྱུ། སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། མིའི་བདེ་ཐང་གནས་ཚུལ་ཆ་འཕྲིན་ཅན་དུ་སྒྱུར་བའི་ལས་རིམ་མགྱོགས་སུ་བཏང་ནས“ཚོགས་སྒྲིག་རྣམ་པའི”སྨན་བཅོས་འཕྲོད་བསྟེན་ཤེས་ལྡན་པས་བོད་སྐྱོར་བྱེད་ཐབས་ཁྱབ་གདལ་གཏོང་རྒྱུ།
སྨན་རིན་མི་དགོས་པའི་སྨན་བཅོས་བྱེད་རྒྱུ་རྨང་གཞིར་བྱས་པའི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མི་རེའི་ཆ་སྙོམས་གྲོན་དངུལ་སོགས་ནོར་སྲིད་ཀྱི་ཁ་གསབ་རོགས་དངུལ་སྤྲོད་པའི་ཚད་གཞི་སྔར་བས་མཐོ་རུ་གཏོང་རྒྱུ། སྨན་བཅོས་རོགས་སྐྱོབ་མ་ལག་འཐུས་སྒོ་ཚང་དུ་བཏང་ཐོག་འགོ་ནད་ཕོག་ཚད་ཉུང་དུ་གཏོང་རྒྱུ་དང་། སྦྲུམ་མ་དང་ཕྲུ་གུ་དམར་འབྱར་ཤི་ཚད་ཁག་སོ་སོར་ཁྲི་10ནང་ནས་100དང་16‰ནང་ཚུད་དུ་ཚོད་འཛིན་བྱེད་རྒྱུ། སྦྲུམ་མ་སྨན་ཁང་ལ་བསྡད་ནས་ཕྲུ་གུ་སྐྱེ་ཚད་90%ཡན་བརྟན་གནས་ཐུབ་པ་བྱེད་རྒྱུ། གློ་བུར་དུ་ཐོན་པའི་སྤྱི་པའི་དོན་རྐྱེན་གྱི་འཕྲོད་བསྟེན་འཕྲལ་སྡོམ་ཐག་གཅོད་བྱེད་པའི་གྲ་སྒྲིག་ཡག་པོ་བྱེད་རྒྱུ། བོད་ལུགས་གསོ་རིག་དང་བོད་སྨན་ལས་རིགས་མགྱོགས་མྱུར་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་རྒྱུ། 9. རིག་གནས་བྱ་གཞག་དར་རྒྱས་གོང་འཕེལ་གཏོང་རྒྱུ། ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་ཁུལ་གལ་ཆེན་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་དགོས་ཤིང་། རིག་གནས་སྒྲིག་བཀོད་བསྐྲུན་རྒྱུ་གལ་ཆེའི་འཛིན་ཐབས་སུ་བྱས་ཏེ་གཞི་རིམ་གྱི་སྤྱི་པའི་རིག་གནས་ཞབས་ཞུའི་སྒྲིག་བཀོད་དང་བོད་ཀྱི་ཕྱོགས་བསྡུས་སྒྱུ་རྩལ་ལྟེ་གནས་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུ། སྤྱི་པའི་གྲངས་འཛིན་རིག་གནས་ཞབས་ཞུ་གྲོང་ཁྱེར་དང་གྲོང་གསེབ་ཡོངས་ལ་ཁྱབ་སྤེལ་གཏོང་རྒྱུ་དང་། རིག་རྩལ་རྩེ་གྲ་གཏོད་པའི་འཐབ་ཇུས་ལག་བསྟར་བྱས་ཏེ་ཕུལ་བྱུང་རིག་གནས་ཀྱི་ཆ་འཕྲིན་ཐོན་ཁུངས་གྲོང་ཚོ་དང་ཁྱིམ་དུད་ནང་ཁེབས་པ་བྱ་རྒྱུ། རིག་གནས་དང་རང་བྱུང་ཤུལ་བཞག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། 10. ལས་ཞུགས་ལས་གཏོད་ཀྱི་བྱ་སྤྱོད་ཕྱོགས་ཡོངས་ནས་སྤེལ་རྒྱུ། སློབ་ཆེན་ཐོན་པའི་སློབ་མའི་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་འཆར་གཞི་དང་སློབ་ཆེན་སློབ་མའི་ལས་གཏོད་ཁྲིད་སྟོན་འཆར་གཞི་དོན་འཁྱོལ་བྱས་ཐོག་ཁྲོམ་རས་ཕྱོགས་སྟོན་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་སློབ་མའི་ལས་ཞུགས་ཀྱི་འགྲན་རྩོད་བྱེད་ནུས་རིམ་བཞིན་ཆེ་རུ་གཏོང་རྒྱུ། ཞིང་པ་ལས་མིའི་ལས་རིགས་རྩལ་ནུས་ཆེ་རུ་གཏོང་རྒྱུའི་འཆར་གཞི་ལག་བསྟར་བྱས་ཏེ་མཐོ་རིམ་སློབ་ཆེན་ཐོན་པའི་སློབ་མ་དང་གྲོང་ཁྱེར་གྲོང་གསེབ་ཀྱི་གཞོན་ནུར་ཐབས་ལམ་མང་བའི་ལས་ཞུགས་ལས་གཏོད་བྱེད་པར་སྐུལ་ལྕག་གཏོང་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ། དུས་མཚུངས་ལས་ཞུགས་བོད་སྐྱོར་ལས་དོན་མུ་མཐུད་ཤུགས་ཆེར་སྤེལ་རྒྱུ་དང་། ལས་གཏོད་དང་བྱ་གཞག་གསར་གཏོད་ཀྱི་སྤྱི་པའི་ལས་སྟེགས་འཛུགས་སྤེལ་ཧུར་ཐག་བྱས་ཏེ་ལས་གཏོད་ཐོག་ནས་ལས་ཞུགས་ལ་སྐུལ་ཁྲིད་ཐུབ་པ་བྱ་རྒྱུ། 11. གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་ཡོངས་ལ་ཁེབས་པའི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ། ལས་ཁུངས་དང་བྱ་གཞག་ཚན་པའི་རྒན་གསོའི་འགན་བཅོལ་ལམ་ལུགས་ལ་བརྟན་པོའི་ངང་བསྒྱུར་བཅོས་བྱ་རྒྱུ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ་འགན་བཅོལ་རིགས་ཁག་ནང་ཞུགས་ཚད་95%ཡན་རྒྱུན་འཁྱོངས་ཐུབ་པ་བྱ་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་སྲུང་དང་། དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན། མི་སྣ“རྒན་གྲས་གསུམ” གྲོང་ཚོའི་ལས་བྱེད་པའི་ལས་ཀའི་ཞིབ་དཔྱད་བྱ་དགའ་བཅས་ཀྱི་ཁ་གསབ་རོགས་དངུལ་སྤྲོད་པའི་ཚད་གཞི་དང་གྲོང་ཚོའི་སྨན་པ་དང་ཕྱུག་རིགས་སྨན་པའི་ཐོབ་ཐང་སྔར་བས་མཐོ་རུ་གཏོང་རྒྱུ། “ཀུན་ཕན་རང་བཞིན”གྱི་མཐའ་མཚམས་མང་ཚོགས་ལ་ཁ་གསབ་རོགས་དངུལ་སྤྲོད་པའི་སྲིད་ཇུས་མུ་མཐུད་ལག་བསྟར་བྱ་རྒྱུ། སྤྱི་པའི་བོགས་གཏོང་སྡོད་ཁང་དང་ལས་བྱེད་ལས་བཟོའི་ལས་ཤག་སོགས་ཀྱི་སྡོད་ཁང་འགན་སྲུང་བྱེད་སྟངས་ལེགས་སུ་གཏོང་རྒྱུ།
(གསུམ) ནུས་པ་སྐྱོང་སྤེལ་བྱ་རྒྱུ་འདེགས་སྐྱོར་དུ་བྱས་ཏེ་རྨང་གཞིའི་སྒྲིག་བཀོད་འཛུཌ་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། 12. ཕྱོཌ་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ། ལྷ་ཉིང་ལྕགས་ལམ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུ་དང་། མཚོ་བོད་ལྕགས་ལམ་གོར་མོ་ནས་ལྷ་ས་བར་གྱི་ནུས་སྐྱེད་ལས་གྲྭ་ལག་བསྟར་བྱ་རྒྱུ། ཁྲོན་བོད་ལྕགས་ལམ་དར་རྩེ་མདོ་ནས་ཉིང་ཁྲི་བར་དང་། མཚོ་བོད་ལྕགས་ལམ་གཞིས་རྩེ་ནས་སྐྱིད་རོང་བར། ཡུན་བོད་ལྕགས་ལམ་སེམས་ཀྱི་ཉི་ཟླ་ནས་སྤོ་བོ་བར། ནག་ཆབ་ལྕགས་ལམ་ནག་ཆུ་ནས་ཆབ་མདོ་བར་བཅས་ཀྱི་སྔོན་གྲབས་ཞིབ་འཇུག་ལས་ཀ་བྱེད་འགོ་འཛུགས་རྒྱུ། ལྷོ་ཁའི་གོང་དཀར་ནས་རྩེད་ཐང་དང་། གཞིས་རྩེ་བསམ་གྲུབ་རྩེ་ཆུས་ནས་གཞིས་རྩེ་གནམ་གྲུ་ཐང་། ཆབ་མདོ་ཁ་རུབ་ནས་ལྕགས་ཁ་བཅས་བར་དང་། སྤང་མདའ་གནམ་གྲུ་ཐང་བཅས་ཀྱི་རིམ་མཐོའི་གཞུང་ལམ་སྐྲུན་འགོ་འཛུགས་རྒྱུ། ལྷ་སའི་གྲོང་སྐོར་གཞུང་ལམ་བསྐྲུན་ཐུབ་པ་དང་ལྷ་ཉིང་རིམ་མཐོའི་གཞུང་ལམ་ཤར་གཏོང་ཐུབ་པ་བྱ་རྒྱུ། གཙོ་གནད་དབུལ་ཕོངས་རྫོང་45དང་འབྲེལ་བ་ཡོད་པའི་གྲོང་གསེབ་ཀྱི་གཞུང་ལམ་འགྲིམ་འགྲུལ་གྱི་དབུལ་སྐྱོར་འགག་སྒྲོལ་བྱ་སྤྱོད་གཙོ་གནད་དུ་སྤེལ་རྒྱུ། ལྷ་སའི་གནམ་གྲུ་ཐང་གཉིས་པ་དང་། མངའ་རིས་ཀྱི་སྤུ་ཧྲེང་། གཞིས་རྩེའི་གྲོ་མོ་སོགས་ཀྱི་ཡན་ལག་གནམ་ཐང་གི་སྔོན་གྲབས་ཞིབ་འཇུག་ལས་ཀ་བྱེད་འགོ་འཛུགས་རྒྱུ། མཐའ་རྒྱུད་ཀྱི་འཕྲེད་ཕྱོགས་བགྲོད་ལམ་སྐྲུན་འགོ་འཛུགས་རྒྱུ། ས་གནས(གྲོང་ཁྱེར་)7གྱི་སྦྲག་སྲིད་དངོས་ཟོག་མྱུར་སྐྱེལ་ལྟེ་གནས་དང་སྦྲག་སྲིད་མྱུར་སྐྱེལ་གྱི་བདེ་འཇགས་ལྟ་འདོམས་ལྟེ་གནས་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུ། 13. ནུས་ཁུངས་མཁོ་འདོན་འགན་སྲུང་བྱ་རྒྱུའི་ཆུ་ཚད་མཐོ་རུ་གཏོང་རྒྱུ། དྭགས་པོ་དང་། རྒྱ་ཚ། སོལ་བ་ལུང་བཅས་ཀྱི་སྐྲུན་བཞིན་པའི་གློག་ཁང་དང་། དེ་བཞིན་2015ལོར་ལས་འགོ་བཙུགས་པའི་གློག་ཁང་15ཡི་སྤྱིའི་གློག་འདོན་འཕྲུལ་ཚན་ཆན་ཝ་ཁྲི་26.5ཟིན་པའི་འོད་ཤུགས་གློག་ཁང་སྐྲུན་མགྱོགས་སུ་གཏོང་རྒྱུ། ཉི་ནུས་དང་། རླུང་ནུས། ས་འོག་ཚ་ནུས་སོགས་ནུས་ཁུངས་གསར་པའི་རྣམ་གྲངས་ཀྱི་སྔོན་གྲབས་ལས་ཀར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་དང་། ཞིབ་དཔྱད་ཆོག་འཐུས་ཟིན་པའི་རྣམ་གྲངས་སྐྲུན་འགོ་འཛུགས་རྒྱུར་འདེད་སྐུལ་བྱ་རྒྱུ། ཡེར་པ་ཐང་། ལ་འོག འབའ་ཐང་། ལྕེ་ཤོད། ཉིང་ཁྲི། ཨ་ཆེན་བཅས་ཀྱི་ཆུ་ཤུགས་གློག་ཁང་རྣམས་རྒྱལ་ཁབ་ཀྱི་དུས་ཁག་གསར་པའི་དྭངས་གཙང་ནུས་ཁུངས་ཀྱི་ལས་གྲྭ་གལ་ཆེན་ཁོངས་སུ་འཇུག་རྒྱུ། མགོན་མདོ་དང་གསེར་ཟམ་ཆུ་ཤུགས་གློག་ཁང་སྐྲུན་མགྱོགས་སུ་བཏང་ནས་2016ལོར་མགོན་མདོ་གློག་ཁང་གི་གློག་ཤུགས་འཕྲུལ་ཚན་ཚང་མ་ནས་གློག་གཏོང་འགོ་འཛུགས་རྒྱུ། བོད་དབུས་དང་ཆབ་མདོའི་གློག་དྲ་མཉམ་སྦྲེལ་ལས་གྲྭ་དང་། གོར་ལྷའི་སྣུམ་འདྲེན་སྦུག་ལམ་སྒྱུར་བཀོད་རྒྱ་བསྐྱེད་ལས་གྲྭ་སོགས་རྣམ་གྲངས་ཀྱི་སྔོན་གྲབས་ལས་ཀ་ཇེ་མགྱོགས་སུ་བཏང་ནས་2016ལོར་ལས་གྲྭ་ཕྱོགས་ཡོངས་ནས་ལས་འགོ་འཛུགས་ཐུབ་པ་བྱ་རྒྱུ། རྒྱལ་མོ་རྔུལ་ཆུའི་སྟོད་རྒྱུད་དང་། ཡར་ཀླུང་གཙང་པོའི་སྨད་རྒྱུད། བུམ་ཆུ། ཕད་ལུང་གཙང་པོ། སྤྱན་འབྲུག་ཆུ་སོགས་ཀྱི་ཆུ་གློག་འཆར་འགོད་བྱེད་མགྱོགས་སུ་བཏང་སྟེ་གཙང་ཆུ་རྒྱུག་ཁུལ་གྱི་ཆུ་གློག་འཆར་འགོད་སྤེལ་ཚུལ་ལ་གཞིགས་ཏེ་འཆར་འགོད་བཟོ་སྒྲིག་དང་། ཞིབ་དཔྱད། མཆན་འགོད་སྙན་ཞུ་བཅས་ཀྱི་ལས་དོན་དུས་ཐོག་ཏུ་བསྒྲུབ་རྒྱུ། གྲོང་གསེབ་ཀྱི་གློག་ཤུགས་སྐྲུན་མགྱོགས་སུ་གཏོང་རྒྱུ་དང་། འབྱོར་འབྲིང་གློག་སྤྱོད་ཚོད་ལྟའི་རྫོང་བསྐྲུན་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས་ཞིང་འབྲོག་ཁུལ་གྱི་གློག་དྲ་ཁེབས་རྒྱ་སྔར་བས་ཆེ་རུ་གཏོང་རྒྱུ། 14. ཆུ་བེད་དང་འཕྲིན་གཏོང་གི་འགན་སྲུང་མ་ལག་བཟོ་རྒྱུ། གྲོང་གསེབ་ཀྱི་འཐུང་ཆུའི་ལས་གྲྭ་བརྟན་འཁྱོངས་ལེགས་སྐྲུན་དང་ས་གནས(གྲོང་ཁྱེར)དང་རྫོང་གྲོང་གི་ཆུ་འགོའི་ལས་གྲྭ་སྐྲུན་འགོ་འཛུགས་རྒྱུ་དང་། ལ་ལྷོའི་ཆུ་བེད་ལྟེ་གནས་དང་དེའི་ལེ་ལག་ཆུ་འདྲེན་ཁུལ་གྱི་གཙོ་རྐང་ལས་གྲྭ་བསྐྲུན་རྒྱུར་མུ་མཐུད་སྐུལ་འདེད་གཏོང་རྒྱུ། ཤངས་ཆུའི་ཆུ་བེད་ལྟེ་གནས་ལས་གྲྭ་ཕྱོགས་ཡོངས་ནས་སྐྲུན་འགོ་འཛུགས་རྒྱུ། ཡར་ཀླུང་དང་། ཕྱཱ་གཡང་། བྱང་ཕུབ། སྐྱེར་པ་བཅས་ཀྱི་ཆུ་མཛོད་མགྱོགས་མྱུར་སྐྲུན་ཐུབ་པ་བྱ་རྒྱུ། གཙང་པོའི་བྱང་རྒྱུད་ཀྱི་ཞིང་ཆུ་འདྲེན་ཁུལ་དང་། འཕན་པོའི་ཞིང་ཆུ་འདྲེན་ཁུལ། ཆུ་བོ་འབྲིང་ཆུང་གས་ཁུལ་བཅོས་སྐྱོང་། ཆུ་ལོག་འགོག་བཅོས་ལས་གྲྭ་སོགས་གཙོ་གནད་ལས་གྲྭ་སྐྲུན་ཤུགས་ཆེ་རུ་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གནོད་མེད་སྤྱོད་ཆུ་འགན་སྲུང་བྱ་རྒྱུ། ཆ་འཕྲིན་ཅན་གྱི་མ་ལག་སྐྲུན་ཤུགས་ཆེ་རུ་བཏང་སྟེ“མཉམ་སྦྲེལ་དྲ་རྒྱ+”བྱ་སྤྱོད་འཆར་གཞི་དོན་འཁྱོལ་བྱས་ཏེ“དྲ་གསུམ་མཉམ་མཐུད”བྱ་རྒྱུར་སྐུལ་འདེད་དང་། “དྲ་ཆེན་བོད་ལྗོངས”ལས་གཞི་ལག་བསྟར་བྱས་ཐོག“མྱུར་ཚད་མགྱོགས་གཏོང་དང་རིན་གོང་དམའ་གཏོང”ཐུབ་པ་བྱ་རྒྱུ། སྒྲིག་ཚུད་གྲོང་ཚོར་དྲ་ཆེན་བཟོ་རྒྱུར་མུ་མཐུད་སྐུལ་འདེད་བཏང་སྟེ་འོད་ཆུན་ཁྱིམ་ཚང་དུ་འཁྲིད་ཐུབ་པ་བྱ་རྒྱུ། གློག་རྡུལ་ཚོང་དོན་ལས་གཞི་ལག་བསྟར་ཤུགས་ཆེན་བྱས་ནས་བོད་ཀྱི་ཁྱད་ལྡན་ཐོན་རྫས“དྲ་ཐོག་ནས་གཏོང་ལམ”བཟོས་ནས་དགོས་མཁོ་གསར་པ་འདོན་རྒྱུ། 15. གྲོང་ཁྱེར་དང་གྲོང་རྡལ་གྱི་རྨང་གཞིའི་སྤྱི་སྤྱོད་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ། རྒྱལ་ཡོངས་ཀྱི་གྲོང་ཁྱེར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཐོག་འཆར་འགོད་སྔོན་འགྲོར་བྱ་རྒྱུ་མཐའ་འཁྱོངས་ཀྱིས་མི་རིགས་ཀྱི་ཡུལ་སྲོལ་ལ་མཐོང་ཆེན་དང་ས་ཁོངས་ཀྱི་ཁྱད་ཆོས་མངོན་ཐུབ་པ་བྱས་ཏེ་ས་གནས(གྲོང་ཁྱེར)གྱི་སྲིད་འཛིན་ལྟེ་ནས་དང་། ཁྱད་ལྡན་གྲོང་རྡལ་ཆུང་གྲས། མ་ལམ་མཚམས་ཀྱི་གྲོང་རྡལ་ཆུང་གྲས། མཐའ་མཚམས་ཀྱི་གྲོང་རྡལ་ཆུང་གྲས་སོགས་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་སྤྱི་པའི་འགྲིམ་འགྲུལ་དང་། ས་འོག་སྦུག་དྲ། གད་སྙིགས་གཙང་སེལ། གེགས་སེལ་འཕྲལ་སྡོམ་སོགས་ཀྱི་གྲོང་ལས་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་། འགྱིག་བལ་གྲོང་ཁྱེར་ཚོད་ལྟའི་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ། གནོད་འཚེ་ཐོན་མང་བ་དང་ཐོན་སླ་བའི་ས་ཁུལ་གྱི་རྒུད་སྐྱོབ་དངོས་ཟོག་གསོག་མཛོད་གཙོ་གནད་དུ་བསྐྲུན་རྒྱུ་དང་། རྫོང་རིམ་པ་དང་། ས་ཁོངས་རང་བཞིན། གྲོང་ཚོ་རིམ་པ་བཅས་ཀྱི་རྒུད་སྐྱོབ་དངོས་ཟོག་གསོག་མཛོད་དང་། ཉེན་གཡོལ་བྱེད་ས་སྐྲུན་ཤུགས་ཆེ་རུ་གཏོང་རྒྱུ། ལྗོངས་དང་། ས་གནས། རྫོང་བཅས་རིམ་པ་གསུམ་གྱི་རང་བྱུང་གནོད་འཚེའི་ལྟ་སྡོམ་ཆ་འཕྲིན་ཅན་དུ་སྒྱུར་བའི་ལས་གྲྭར་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ། གྲོང་ཁུལ་རྙིང་པ་དང་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། སྡེ་ཁུལ་གྱི་དམངས་ལ་སྟབས་བདེ་སྐྲུན་པ་དང་དམངས་ཕན་གྱི་ཞབས་ཞུ་བྱེད་པའི་དྲ་རྒྱ་སྐྲུན་མགྱོགས་སུ་བཏང་ཐོག གྲོང་ཁྱེར་གྱི་སྤྱི་པའི་ཞབས་ཞུ་དང་དོ་དམ་བྱེད་ནུས་ཆེ་རུ་གཏོང་རྒྱུ། ཐེམ་ཐོའི་ལམ་ལུགས་བསྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་གནས་སྡོད་ལག་ཁྱེར་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཐོག ཞིང་འབྲོག་ཁུལ་གྱི་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་དུ་འོས་འཚམ་འདུས་སྡོད་བྱ་རྒྱུར་བརྟན་པོའི་ངང་སྐུལ་འདེད་ཧུར་ཐག་གཏོང་རྒྱུ།
(བཞི) ཁྲོམ་རའི་དགོས་མཁོ་ཕྱོགས་སྟོན་དུ་བྱས་ཏེ་ལེགས་ཆ་ཆེ་བའི་ཐོན་ལས་དང་ཁྱད་ལྡན་དཔལ་འབྱོར་གོང་འཕེལ་མགྱོགས་སུ་གཏོང་རྒྱུ། 16. དེང་རབས་ཞིང་འབྲོག་ལས་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུ། ཞིང་ལས་ལ་ཤུགས་སྣོན་དང་། ཞིང་པར་ཕན་སྦྱར། ཞིང་འབྲོག་པ་ཕྱུག་འགྱུར་བཅས་ཀྱི་སྲིད་ཇུས་དོན་འཁྱོལ་བྱས་ཏེ་ཞིང་འབྲོག་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱ་རྒྱུ། ནས་དང་འབྲི་གཡག་སོགས་བཟང་ཆ་ཆེ་བའི་ཞིང་ཕྱུག་ཐོན་ཟོག་དང་ཐོན་ཁུངས་རྟེན་གཞི་བསྐྲུན་རྒྱུ་དམ་འཛིན་བྱས་ཏེ་འབྲུ་རིགས་ཐོན་འབོར་ཀྲོན་ཁྲི་100ཡན་ཟིན་པ་བྱ་རྒྱུ་དང་། ཤ་རིགས་དང་དཀར་ཆུ། སྒོ་ང་། དེ་བཞིན་ཚལ་རིགས་བཅས་རང་མཁོ་རང་འདོན་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ། ཞིང་འབྲོག་ཁུལ་གྱི་ཁྲོམ་རའི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། ཚོང་དོན་ཟོག་འགྲེམས་ལས་རིགས་གོང་འཕེལ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ཐོག འཚོ་བའི་ཉེར་མཁོའི་དངོས་ཟོག་གསོག་འཇོག་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ་ཁྲོམ་རའི་ཡིད་རྟོན་མ་ལག་གཏོད་རྒྱུ་དང་། ཞིང་འབྲོག་པའི་ཏེན་ཚྭ་འགྲེམས་སྐྱེལ་ལས་དོན་མུ་མཐུད་ཡག་པོ་བསྒྲུབ་རྒྱུ། ཁུལ་ཁོངས་ལས་བརྒལ་བའི་ཞིང་ལས་ཐོན་རྫས་འཁོར་རྒྱུགས་ཀྱི་རྨང་གཞིའི་སྒྲིག་བཀོད་སྐྲུན་མགྱོགས་སུ་གཏོང་རྒྱུ། ཞིང་འབྲོག་ལས་ཐོན་ལས་ཅན་དུ་གོང་འཕེལ་གཏོང་བར་རྒྱབ་སྐྱོར་བྱེད་པའི་གཟིགས་སྐྱོང་སྲིད་ཇུས་ཁག་དོན་འཁྱོལ་བྱས་ནས་ཞིང་འབྲོག་ལས་ཐོན་ལས་ཅན་དུ་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུ། 17. ཐོན་ཁུངས་བཟང་ཆ་ཆེ་བའི་གཙོ་གནད་ཁུལ་ཁོངས་ཀྱི་བཟོ་ལས་གོང་འཕེལ་གཏོང་རྒྱུར་དམ་འཛིན་ཡག་པོ་བྱ་རྒྱུ། ཆུ་གློག་སོགས་དྭངས་གཙང་ནུས་ཁུངས་དང་། རང་བྱུང་འཐུང་ཆུ། ལེགས་ཆ་ཆེ་བའི་གཏེར་ཁའི་ཐོན་ལས་བཅས་འཐབ་ཇུས་འདེགས་སྐྱོར་གྱི་ཐོན་ལས་ཆེན་པོ་གསུམ་འཛུགས་སྐྱོང་སྟོབས་ཆེར་གཏོང་རྒྱུ་གཙོ་གནད་དུ་བྱས་ཏེ་ཐོན་ལས་སྡེ་གླིང་སྐྲུན་ཤུགས་ཆེ་རུ་བཏང་ཐོག་གཞི་ཁྱོན་རྒྱ་བསྐྱེད་དང་། ཕན་ནུས་མཐོར་གཏོང་། འགྲན་རྩོད་བྱེད་ནུས་ཆེ་རུ་གཏོང་རྒྱུ་བཅས་ཀྱི་འགག་གནད་གསུམ་མངོན་ཆེར་བཟུང་ནས་ཐོན་ཁུངས་ཀྱི་ལེགས་ཆ་ཆེ་བའི་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་རྒྱུ་དང་། ཁྱད་ལྡན་ཐོན་ལས་སྤུས་ལེགས་ཞིབ་ཚགས་གཏོད་རྒྱུ། རྒྱུན་སྲོལ་ཐོན་ལས་ལེགས་སྒྱུར་རིམ་སྤོར་བྱ་རྒྱུ། ལས་རྣམ་གསར་པ་དང་ཐོན་ལས་གསར་པ་གོང་འཕེལ་ཧུར་ཐག་བཏང་ནས“བོད་ཀྱི་ཆུ་བཟང”རྒྱལ་སྤྱི་ཅན་དུ་གྱུར་བའི་གྲགས་རྟགས་ཀྱི་སྙན་གྲགས་ཆེ་རུ་གཏོང་རྒྱུ། 18. ཡུལ་སྐོར་ལས་རིགས་སྣེ་འདྲེན་དུ་བྱས་པའི་ཞབས་ཞུའི་ལས་རིགས་གོང་འཕེལ་ཤུགས་ཆེན་གཏོང་རྒྱུ།“ཁྱད་ལྡན་དང་། རིམ་མཐོ། སྤུས་ལེགས”བཅས་ཕྱོགས་སྟོན་དུ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ཡུལ་སྐོར་ཕྱོགས་བསྒྱུར་རིམ་འཕར་ལས་གཞི་ལག་བསྟར་བྱ་རྒྱུ་དང་། ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་སྐྲུན་ཤུགས་ཆེ་རུ་གཏོང་རྒྱུ། ཁྱད་ལྡན་རིག་གནས་ཐོན་ལས་དཔེ་སྟོན་ཁུལ་དང་བོད་ཆཱང་དབྱི་གསུམ་གྱི་རིག་གནས་ཐོན་ལས་ཀྱི་ཁྱམས་རིང་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་བསྐྲུན་རྒྱུར་གཙོ་གནད་ཐོག་སྐུལ་འདེད་གཏོང་རྒྱུ། ཕུལ་བྱུང་གི་དམངས་ཁྲོད་དང་དམངས་སྲོལ་རིག་གནས་དང་། བོད་ལུགས་གསོ་རིག་དང་བོད་སྨན་རིག་གནས། ཆོས་ལུགས་རིག་གནས་སོགས་ཡུལ་སྐོར་ཐོན་རྫས་དང་ཟུང་འབྲེལ་དམ་ཟབ་བྱ་རྒྱུ། གངས་ཏི་སེ་རྒྱལ་སྤྱིའི་ཡུལ་སྐོར་མཉམ་ལས་ཁུལ་དང་འགོག་མེད་ཡུལ་སྐོར་ཁུལ་འཛུགས་སྐྲུན་བྱེད་འགོ་འཛུགས་རྒྱུ་དང་། ཡུལ་སྐོར་གོང་འཕེལ་གཏོང་རྒྱུའི་འདེགས་སྐྱོར་ཆ་རྐྱེན་ལེགས་སུ་བཏང་ནས“མི་ཡུལ་གྱི་གནས་མཆོག མཁའ་དབྱིངས་ཀྱི་བོད་ལྗོངས”ཞེས་པའི་གྲགས་རྟགས་ཆེར་བཏོད་ཀྱིས་ལོ་འཁོར་མོར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་གྲངས་ཁྲི་2300ལ་སྣེ་ལེན་ཞུ་ཐུབ་པ་དང་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་330ཟིན་པ་བྱ་རྒྱུ། 19. སྡེ་གླིང་དཔལ་འབྱོར་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ། ལྷ་སའི་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་བྱེད་ནུས་ཆེ་རུ་གཏོང་རྒྱུ་དང་། གོར་མོའི་བོད་མཚོ་བཟོ་ལས་སྡེ་གླིང་དང་། བོད་ལྗོངས་མཁའ་ཚུགས་ཁུལ་གསར། ལྷ་སའི་མཐོ་གསར་ལག་རྩལ་ཐོན་ལས་གསར་སྤེལ་ཁུལ། སྟག་རྩེའི་བཟོ་ལས་ཁུལ་བཅས་བསྐྲུན་རྒྱུར་དམ་འཛིན་ཡག་པོ་བྱ་རྒྱུ། ཆབ་མདོའི་དཔལ་འབྱོར་གསར་སྤེལ་ཁུལ་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུ། ག་སྦྱར་རོགས་སྐྱོར་གྱི་ཞིང་ཆེན་གྲོང་ཁྱེར་དང་མཉམ་ལས་ཤུགས་ཆེན་བྱས་ནས་ཐོན་ལས་མཉམ་གཉེར་དཔེ་སྟོན་ཁུལ་འཛུགས་སྐྲུན་ཧུར་ཐག་བྱ་རྒྱུ།
(ལྔ) སྒོ་དབྱེའི་གོང་འཕེལ་ལ་སྐུལ་འདེད་ཏན་ཏིག་བཏང་ནས་ཕྱི་ནང་ཕྱོགས་གཉིས་སུ་སྒོ་མོ་འབྱེད་པའི་རྣམ་པ་གསར་པ་གཏོད་རྒྱུ། 20. ཨེ་ཤེ་ཡ་ལྷོ་མར་སྒོ་མོ་དབྱེ་བའི་གལ་ཆེའི་བགྲོད་ལམ་སྐྲུན་རྒྱུ། རྒྱལ་ཁབ་ཀྱི་ཕྱི་ཕྱོགས་སུ་སྒོ་མོ་དབྱེ་བའི་སྤྱིའི་འཐབ་ཇུས་གང་མགྱོགས་ལག་བསྟར་བྱ་རྒྱུར་སྐུལ་འདེད་བཏང་ཐོག བྷང་ཀྲུང་ཧིན་འབར་བཞིའི་དཔལ་འབྱོར་ཁྱམས་རིང་སྐྲུན་པའི་ནང་ཧུར་ཐག་ཞུགས་ཏེ་དར་གོས་ཚོང་ལམ་གྱི་དཔལ་འབྱོར་དར་ཁུལ་དང་རང་འགུལ་ངང་སྦྲེལ་མཐུད་བྱ་རྒྱུ་དང་། གཞུང་ལམ་གྱིས་རྨང་གཞི་དང་། ལྕགས་ལམ་གྱིས་གཙོ་རྒྱུག མཁའ་འགྲུལ་གྱིས་འདེགས་སྐྱོར། འགྲིམ་འགྲུལ་སྐྱེལ་འདྲེན་བྱ་ཐབས་གཞན་དག་གིས་ཁ་གསབ་བཅས་བྱེད་པའི་ཨེ་ཤ་ཡ་ལྷོ་མར་སྒོ་མོ་དབྱེ་བའི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་བགྲོད་ལམ་ཆེ་མོ་ཞིག་བསྐྲུན་རྒྱུ། ནེ་པ་ལའི་མཁའ་འགྲུལ་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རྒྱལ་སྤྱིའི་མཁའ་ལམ་རྒྱ་ཆེར་གཏོད་ནས་ལྷོ་ཨེ་ཤ་ཡ་དང་ནུབ་ཨེ་ཤ་ཡར་ཕྱོགས་པའི་མཁའ་ལམ་ཧུར་ཐག་བསྐྲུན་རྒྱུ། འགག་སྒོ་སྐྲུན་ཤུགས་ཆེ་རུ་བཏང་ནས་སྐྱིད་རོང་མཐའ་མཚམས་ཀྱི་དཔལ་འབྱོར་མཉམ་ལས་ཁུལ་སྐྲུན་མགྱོགས་སུ་གཏོང་རྒྱུ་དང་། ནེ་པ་ལར་རྒྱལ་སྤྱིའི་རོགས་སྐྱོབ་བྱེད་པའི་རྣམ་གྲངས་ལེགས་སྒྲུབ་བྱས་ཐོག ཕྱོགས་མཐའ་ཡོངས་ནས་ནེ་པ་ལ་དང་ཁུལ་ཁོངས་ཁག་གི་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཀྲུང་ཧིན་དབར་གྱི་མཉམ་ལས་གཏིང་ཟབ་བྱེད་པའི་ཁྲོད་རང་ལྗོངས་ཀྱིས་དགེ་མཚན་ལྡན་པའི་ནུས་པ་སྔར་བས་འདོན་སྤེལ་བྱས་ནས་ལྷོ་ཨེ་ཤ་ཡའི་ཉེ་འབྲེལ་རྒྱལ་ཁབ་དང་ཚོང་དོན་མཉམ་ལས་བྱེད་རྒྱ་ཆེ་རུ་བཏང་སྟེ་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་སྤྱི་འབོར་10%ཡན་འཕར་ཐུབ་པ་བྱ་རྒྱུ། 21. མཐའ་སྐོར་གྱི་ཞིང་ལྗོངས་དབར་དང་འཐབ་ཇུས་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། འབྲེལ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཕན་ཚུན་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། དཔལ་འབྱོར་རིག་གནས་མཉམ་ལས་བྱ་ཐབས་གསར་གཏོད་བྱེད་རྒྱུ། དུས་བཀག་བཟོས་ནས་སྤེལ་རེས་གྲོས་མོལ་ལམ་སྲོལ་བཙུགས་ཐོག མཐའ་སྐོར་ཞིང་ལྗོངས་དབར་དང་རྨང་གཞི་སྒྲིག་བཀོད་འཛུགས་སྐྲུན་དང་། ཐོན་ལས་གོང་འཕེལ། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ། སྤྱི་ཚོགས་བཅོས་སྐྱོང་། མཐའ་སྲུང་སྲ་བརྟན་བཅས་ཐད་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་མཉམ་ཐོག་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུ། གོར་མོའི་བོད་མཚོ་བཟོ་ལས་སྡེ་གླིང་རྒྱ་སྟོབས་ཆེ་རུ་བཏང་ནས་མཚོ་བོད་ལྕགས་ལམ་གྱི་ཁྱབ་འགྱེད་ནུས་པ་འདོན་སྤེལ་བྱེད་རྒྱུ། ཁྲོན་བོད་དང་ཡུན་བོད་ཀྱི་བགྲོད་ལམ་ཆེན་མོ་སྐྲུན་མགྱོགས་སུ་བཏང་ཐོག་318གཞུང་ལམ་གྱི་ཡུལ་སྐོར་ལྗོངས་གཟིགས་ལམ་ཆེན་བསྐྲུན་རྒྱུ། མཚོ་བོད་ལྕགས་ལམ་རྒྱུད་ཀྱི་ཡུལ་སྐོར་དཔལ་འབྱོར་དར་ཁུལ་དང་ཤང་ཀ་ལི་ལ་ཆེན་མོའི་ཡུལ་སྐོར་དཔལ་འབྱོར་ཁུལ་སྐྲུན་ཤུགས་ཆེ་རུ་གཏོང་རྒྱུ། 22. རྒྱལ་ནང་གི་ཁྲོམ་ར་ཟམ་མི་ཆད་པར་རྒྱ་ཆེར་གཏོང་རྒྱུ། “ནང་དུ་གདན་འདྲེན”དང“ཕྱིར་བསྐྱོད་རྒྱུ”ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཤར་ངོས་མཚོ་རྒྱུད་ཀྱི་ཞིང་ལྗོངས་གྲོང་ཁྱེར་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་ནང་སའི་མ་དངུལ་དང་། ལག་རྩལ། ཤེས་ལྡན་པ་སོགས་ནུས་ལྡན་སྤྱད་ཐོག་ཤར་ནུབ་ཁུལ་གྱི་གཉིས་ཕན་མཉམ་ལས་ཀྱི་འབྲེལ་བ་གསར་པ་རིམ་བཞིན་ཆགས་པ་བྱ་རྒྱུ། ཕུལ་བྱུང་གི་ཁེ་ལས་དང་སྔོན་ཐོན་དོ་དམ་གྱི་ཉམས་མྱོང་ནང་འདྲེན་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ། ལྗོངས་ནང་ཁུལ་གྱི་ཁེ་ལས་ནས་ནང་སའི་ཁྲོམ་ར་གསར་གཏོད་བྱ་རྒྱུར་ཁྲིད་སྟོན་བྱ་རྒྱུ་དང་། རང་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ནང་སར་སློབ་སྦྱོང་དང་། ལས་འཚོལ། ཚོང་གཉེར། ཡུལ་སྐོར། གནས་སྡོད་བཅས་བྱེད་པར་འགྲོ་རྒྱུར་སྐུལ་ལྕག་གཏོང་རྒྱུ། 23. ག་སྦྱར་བོད་སྐྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུ། དུས་ཁག་བདུན་པ་དང་བརྒྱད་པའི་ག་སྦྱར་བོད་སྐྱོར་རྣམ་གྲངས་དང་མ་དངུལ་སྦྲེལ་མཐུད་ལས་དོན་དོན་འཁྱོལ་ཡག་པོ་བྱས་ཐོག དཔལ་འབྱོར་གྱི་བོད་སྐྱོར་དང་། སློབ་གསོའི་བོད་སྐྱོར། ཚན་རྩལ་གྱི་བོད་སྐྱོར། ལས་བྱེད་ཤེས་ལྡན་མི་སྣའི་བོད་སྐྱོར་སོགས་བོད་སྐྱོར་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། “ཚོགས་སྒྲིག་རྣམ་པའི”སློབ་གསོའི་བོད་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཀྲུང་དབྱང་ཁེ་ལས་ཀྱིས་བོད་སྐྱོར་བྱེད་པར་དཔྱད་ཞིབ་ངར་སྐུལ་ལམ་སྲོལ་བཟོས་ཏེ་ཁེ་ལས་ཀྱིས་བོད་སྐྱོར་བྱེད་པའི་ཧུར་སེམས་དང་རང་འགུལ་བྱེད་སེམས་ཆེ་རུ་གཏོང་རྒྱུ། ངལ་ནུས་ཕྱིར་གཏོང་གི་མཐུད་སྦྲེལ་ལས་ཀའི་ལམ་སྲོལ་བཟོ་རྒྱུ་དང་། ནང་སའི་ཁེ་ལས་དེ་བས་མང་བ་བོད་དུ་མ་འཇོག་ལས་གཏོད་བྱེད་པར་ཡོང་རྒྱུར་ཁྲིད་སྟོན་བྱ་རྒྱུ། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག་དང་། ཀྲུང་དབྱང་གི་བོད་སྐྱོར་ཁེ་ལས་ཀྱིས་བོད་ཀྱི་སློབ་ཆེན་ཐོན་པའི་སློབ་མ་དང་ཞིང་འབྲོག་མང་ཚོགས་ཁག་གཅིག་ནང་སར་ལས་ཞུགས་བྱེད་པར་བཀོད་སྒྲིག་བྱས་ཐོག བོད་རང་ངོས་ཀྱི་གོང་འཕེལ་གཏོང་ནུས་ཆེ་རུ་འགྲོ་བ་བྱ་རྒྱུ།
(དྲུག)འབྱུང་ཁམས་ཉམས་ཆག་མི་འགྲོ་བ་དམར་ཐིག་ཏུ་བཟུང་ནས་རྒྱལ་ཁབ་ཀྱི་འབྱུང་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་གཏོང་རྒྱུ། 24. གཙོ་ནུས་ཐོན་ཁུལ་གྱི་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུ། ས་གནས་དང་རྫོང་གིས་གཙོ་ནུས་ཐོན་ཁུལ་གྱི་གནས་ལ་གཞིགས་ནས་གོང་འཕེལ་གྱི་ཁ་ཕྱོགས་དང་གོང་འཕེལ་གྱི་གཙོ་གནད་གཏན་འཁེལ་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུ། གཙོ་གནད་འབྱུང་ཁམས་ནུས་ཐོན་ཁུལ་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་ཐོག གཙོ་གནད་འབྱུང་ཁམས་ནུས་ཐོན་ཁུལ་དུ་ཐོན་ལས་གཉེར་བར་བཀག་རྒྱའི་གསལ་ཐོ་བཟོ་ལམ་ལག་བསྟར་བྱ་རྒྱུ། ཞིང་ལས་སྤེལ་ཡུལ་དང་འབྱུང་ཁམས་བར་སྟོང་གི་སྲུང་སྐྱོབ་དམར་ཐིག་ཚན་རིག་དང་མཐུན་པའི་སྒོ་ནས་གཏན་འཁེལ་བྱ་རྒྱུ་དང་། རྒྱལ་ཁབ་ས་ཆ་བེད་སྤྱོད་དང་། དཔལ་འབྱོར་ཁྱབ་བཀོད། ཁུལ་ཁོངས་གོང་འཕེལ་གཏོང་རྒྱུ་བཅས་གཅིག་གྱུར་ཐོག་འཆར་འགོད་བྱ་རྒྱུ། 25. འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ། སྲུང་སྐྱོབ་སྔོན་ལ་བྱེད་པ་དང་ཕྱོགས་བསྡུས་བཅོས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ཐོག བོད་ཀྱི་འབྱུང་ཁམས་བདེ་འཇགས་སྲུང་བཅད་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་པའི་འཆར་འགོད་ལག་བསྟར་གང་མགྱོགས་བྱེད་རྒྱུ་དང་། “གཙང་པོ་གཉིས་དང་ཆུ་བོ་བཞི”རྒྱུག་ཁུལ་གྱི་ནགས་བཟོ་སྔོ་འགྱུར་སོགས་འབྱུང་ཁམས་ཉམས་གསོའི་གལ་ཆེའི་ལས་གཞི་གང་མགྱོགས་སྤེལ་ནས་ནགས་ཚལ་དང་རྩྭ་ཐང་སྲུང་སྐྱོབ་ཏན་ཏིག་བྱ་རྒྱུ་དང་། ཆུའི་འབྱུང་ཁམས་དང་སྐྱེ་དངོས་སྣ་མང་སྲུང་སྐྱོབ་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ། གནོད་འགོག་གེགས་སེལ་གྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། ནགས་ཚལ་དང་། རྩྭ་ཐང་། གཙང་པོ་དང་མཚེའུ། གཤེར་ས་སོཌ་རང་བྱུང་འབྱུང་ཁམས་མ་ལག་བརྟན་སྲུང་བྱས་ཏེ་འབྱུང་ཁམས་ཀྱི་ཞབས་ཞུའི་བྱེད་ནུས་ཆེ་རུ་གཏོང་རྒྱུ། 26. ཁོར་ཡུག་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཁོར་ཡུག་གི་སྤུས་ཚད་རྒྱུན་འཁྱོངས་དང་ལེགས་སུ་གཏོང་རྒྱུ་ལྟེ་བར་བྱས་ཐོག ཁོར་ཡུག་སྲུང་སྐྱོང་གི་ལམ་ལུགས་ནན་ཤོས་ལག་བསྟར་བྱས་ཏེ། སྲིད་གཞུང་དང་། ཁེ་ལས། སྤྱི་དམངས་བཅས་མཉམ་འབྲེལ་ཐོག་ཁོར་ཡུག་ལ་ལྟ་འདོམས་དང་བཅོས་སྐྱོང་བྱེད་པའི་མ་ལག་ཅིག་ཆགས་པ་བྱ་རྒྱུ་དང་། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་བྱ་རྒྱུའི་ལས་རྗེས་དཔྱད་ཞིབ་དང་སྐབས་བསྟུན་ལྟ་ཞིབ་ཚད་ལེན་གྱི་ལམ་སྲོལ་འཛུཌ་རྒྱུ། 27. གྲོན་ཆུང་དང་ཐཱན་ཉུང་གི་རྒྱུན་འཁོར་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ། ནུས་རྒྱུའི་ཆུའི་ཐོན་ཁུངས་ཀྱི་ཟད་གྲོན་དང་། འཛུགས་སྐྲུན་ཐད་ས་ཆ་སྤྱོད་པའི་སྤྱི་འབོར་དང་ཤུགས་ཚད་ལ་ཚོད་འཛིན་རང་བཞིན་གྱི་དམིགས་ཚད་ལག་ལེན་བསྟར་ཏེ་ཕྱོགས་ཡོངས་ནས་ཐོན་ཁུངས་གྲོན་ཆུང་ཐོག་ནུས་ཆེ་བེད་སྤྱོད་བྱ་རྒྱུ་དང་། འབྱུང་འཕྲོད་དྭངས་གཙང་གི་ཐོན་སྐྱེད་བྱ་རྒྱུར་སྐུལ་འདེད་བཏང་སྟེ་ཟད་གྲོན་ཆེ་བ་དང་འབུད་བསྐྱུར་ཆེ་བའི་རྣམ་གྲངས་ནང་འདྲེན་བྱ་རྒྱུར་བཀག་འགོག་དང་། རྗེས་ལུས་ཐེབས་པའི་ཐོན་ནུས་གྲལ་ཕུད་བཏང་ནས་རྒྱུན་འཁོར་དཔལ་འབྱོར་གྱི་དཔེ་སྟོན་བྱ་སྤྱོད་སྤེལ་རྒྱུ། ཐཱན་ཉོ་ཚོང་བྱ་རྒྱུར་སྐུལ་འདེད་བཏང་སྟེ་ཐཱན་འབབ་དཔལ་འབྱོར་གོང་འཕེལ་གཏོང་རྒྱུ།
(བདུན)སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་བྱ་རྒྱུ་སྒུལ་ཤུཌ་སུ་བྱས་ནས་གཙོ་གནད་ཁྱབ་ཁོངས་ཀྱི་བསྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུ། 28. བསྒྱུར་བཅོས་ཀྱི་གོམ་སྟབས་མགྱོགས་སུ་གཏོང་རྒྱུ། ཞིང་འབྲོག་ཁུལ་གྱི་བསྒྱུར་བཅོས་བརྟན་པོའི་ངང་ཧུར་ཐག་སྤེལ་ཏེ་གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་མཉམ་འདྲེས་ཐོག་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ། བྱ་ཐབས་ནུས་ལྡན་སྤྱད་དེ་ཕྲན་ཆུང་ཁེ་ལས་གོང་འཕེལ་གཏོང་རྒྱུར་རོགས་སྐྱོར་བྱེད་པའི་སྲིད་ཇུས་ཀྱི་བྱ་ཐབས་དོན་འཁྱོལ་ཡག་པོ་བྱ་རྒྱུ་དང་། ཐོ་འགོད་མ་རྩ་རྗེས་འདོན་ལམ་ལུགས་དང་། “སྔོན་ལ་ལག་ཁྱེར་ལེན་པ་དང་རྗེས་ལ་འཁྲོལ་འཛིན་ཞུ་བ” “ལག་ཁྱེར་གསུམ་གཅིག་སྒྲིལ་དང་། ཨང་རྟགས་ལོགས་འགོད”སོགས་ཀྱི་བསྒྱུར་བཅོས་བྱ་ཐབས་ལག་བསྟར་ནན་པོ་བྱ་རྒྱུ། གློག་རྡུལ་ལས་གཉེར་ལག་ཁྱེར་དང་ཁེ་ལས་ཐོ་འགོད་ཀྱི་བརྒྱུད་རིམ་ཧྲིལ་པོ་གློག་རྡུལ་ཅན་དུ་སྒྱུར་བར་སྐུལ་འདེད་གང་མགྱོགས་བཏང་སྟེ་མཆན་འགོད་བརྒྱུད་རིམ་ལེགས་སྒྱུར་དང་སྔར་བས་སྟབས་བདེ་རུ་བཏང་ཐོག ལས་ཀ་བྱེད་རིང་དང་ལས་ཀའི་རྗེས་ལ་ལྟ་འདོམས་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ། གཞི་ཆེའི་སྟངས་འཛིན་མ་ལག་ཚགས་ཚུད་དུ་གཏོང་རྒྱུ་དང་། འཆར་འགོད་ཀྱི་ཕྱོགས་སྟོན་བྱེད་ནུས་ཆེ་རུ་གཏོང་བ། མ་དངུལ་འདུ་གཏོང་ཐབས་ལམ་རྒྱ་ཆེར་གཏོང་བ། ནོར་ཁྲལ་ལམ་སྲོལ་བསྒྱུར་བཅོས་གཏིང་ཟབ་བྱེད་པ། དངུལ་རྩའི་ཁྱབ་ཁོངས་གསར་གཏོད། གློག་ཤུགས་ལམ་སྲོལ་བསྒྱུར་བཅོས་བརྟན་པོ་བྱེད་པ་བཅས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་སྐྱོན་བྲལ་ངང་གོང་འཕེལ་མགྱོགས་པོ་ཡོང་རྒྱུར་འགན་སྲུང་བྱ་རྒྱུ། དམངས་འཚོ་ལེགས་བཅོས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་། སློབ་གསོ་དང་། སྨན་བཅོས་འཕྲོད་བསྟེན་ལམ་སྲོལ། དེ་བཞིན་སྤྱི་ཚོགས་འགན་སྲུང་ལམ་ལུགས་བཅས་བསྒྱུར་བཅོས་གཏིང་ཟབ་བྱ་རྒྱུ་དང་། ངལ་རྩོལ་ཡོང་འབབ་གྲུབ་ཐབས་དང་འཕར་སྣོན་ལམ་སྲོལ་འཐུས་ཚང་དུ་བཏང་ནས་སྤྱི་ཚོགས་ཀྱི་གཞི་རྩའི་སྤྱི་སྤྱོད་ཞབས་ཞུ་དོ་སྙོམས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ།
29. གཙོ་གནད་ཁྱབ་ཁོངས་ཀྱི་མ་དངུལ་འདུ་གཏོང་ལམ་སྲོལ་གསར་གཏོད་བྱ་རྒྱུ། མ་འཇོག་རྣམ་གྲངས་མཆན་འགོད་བྱེད་པའི་དྲ་ཐོག་ལས་སྟེགས་འཐུས་སྒོ་ཚང་དུ་བཏང་ཐོག བོད་ཀྱི་འགྲིམ་འགྲུལ་འཛུགས་སྐྲུན་མ་འཇོག་ཚད་ཡོད་ཀུང་སི་འཛུགས་རྒྱུ་དང་། ཐོན་ལས་གོང་འཕེལ་ཐེབས་རྩ་འཛུགས་པ་དང་དོ་དམ་ཐབས་ཤེས་བཟོ་འདོན་བྱ་རྒྱུ། BTདང་PPPམ་དངུལ་འདུ་གཏོང་བྱེད་སྟངས་འཚོལ་ཞིབ་བྱས་ཐོག དམངས་གཉེར་ཁེ་ལས་ཀྱིས་མ་རྩ་ཁེར་འཇོག་དང་། མ་རྐང་བཏང་འཛིན། རྐང་ཞུགས། དམིགས་འཁྲོལ་ལས་གཉེར་སོགས་ཀྱི་བྱ་ཐབས་སྣ་མང་ཐོག་ནས་འགྲིམ་འགྲུལ་དང་། ནུས་རྒྱུ། ཆུ་བེད། ཆ་འཕྲིན། འབྱུང་ཁམས། གྲོང་ཁྱེར་འཛུགས་སྐྲུན། སློབ་གསོ། ལུས་རྩལ། སྨན་བཅོས། རིག་གནས་སོགས་ཀྱི་ཁྱབ་ཁོངས་ནང་ཞུགས་རྒྱུར་སྐུལ་ལྕག་བཏང་སྟེ་མ་འཇོག་ཐབས་ལམ་སྣ་མང་ཅན་དུ་གྱུར་བ་བྱ་རྒྱུ། རྒྱལ་ཁབ་ཀྱི་མ་འཇོག་ཐབས་ལམ་གཙོ་བོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པའི་རྨང་གཞིའི་ཐོག ཚོང་དང་མ་རྩ་འདྲེན་འགུགས་བྱ་ཤུགས་ཆེ་རུ་བཏང་སྟེ་དམངས་ཁྲོད་ཀྱི་མ་འཇོག་གསོན་ཤུགས་འདོན་སྤེལ་སྔར་ལས་ལྷག་པ་བྱ་རྒྱུ་དང་། འཆར་གཞི་དང་གོ་རིམ་ལྡན་པའི་སྒོ་ནས་བོད་སྐྱོར་མ་དངུལ་འབྲེལ་མཐུད་དོན་འཁྱོལ་ཡག་པོ་བྱས་ཏེ་རྒྱལ་ཁབ་དང་། དམངས་ཁྲོད། བོད་སྐྱོར་བཅས་ཀྱི་མ་འཇོག་ཕན་ཚུན་མཐུན་སྦྱོར་དང་ཕན་ཚུན་གསབ་རེས་བྱེད་པའི་མ་འཇོག་གི་རྣམ་པ་ཞིག་ཆགས་པ་བྱ་རྒྱུ། སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་འཇོག་མཉམ་ལས་རྣམ་གྲངས་ཁག་ཅིག་གཉེར་འགོ་འཛུཌ་ཐབས་བྱས་ཏེ་དམངས་ཁྲོད་ཀྱི་མ་འཇོག་15%ཡན་འཕར་བ་དང་། སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་གྱི་ཁྲོམ་ར་གཉེར་མཁན་15%ཡན་འཕར་བ། སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་གྱི་འཕར་ཐང་དང་ཁྲལ་འབབ་ཁག་སོ་སོར15%ཡན་འཕར་བ་བཅས་བྱ་རྒྱུ། དངུལ་རྩའི་རྒྱུ་ཆས་ཁྲིད་སྟོན་བྱ་རྒྱུ་མཐའ་འཁྱོངས་བྱས་ནས“དངུལ་རྩས་འདེགས་སྐུལ”བྱ་རྒྱུའི་ནུས་པ་ཆེ་རུ་གཏོང་རྒྱུ། ཁེ་ལས་འབྲིང་ཆུང་ཕྲན་གསུམ་དང་ཞིང་འབྲེལ་སོགས་ཀྱི་གཙོ་གནད་ཁྱབ་ཁྱོངས་སུ་དངུལ་བུན་གྱི་རྒྱབ་སྐྱོར་བྱ་ཤུགས་ཆེ་རུ་གཏོང་རྒྱུ། བང་རིམ་མང་བའི་མ་རྩའི་ཁྲོམ་རྭ་འཐུས་ལེགས་དང་གོང་འཕེལ་བཏང་ནས་ཆ་རྐྱེན་འཛོམས་པའི་བྱ་གཞག་གསར་གཏོད་བྱེད་པའི་ཁེ་ལས་ལ་མ་རྩ་འདུ་རྒྱུག་གི་ཐབས་ལམ་སྣ་མང་མཁོ་འདོན་བྱ་རྒྱུ། ཚན་རྩལ་འགན་བཅོལ་བྱ་བ་གོང་འཕེལ་གང་མགྱོགས་བཏང་སྟེ་ཆེད་སྤྱོད་ཉེན་བཅོལ་ཚོད་ལྟ་སྤེལ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ། 30.ཡིད་རྟོན་མ་ལག་གང་མགྱོགས་བཟོ་རྒྱུ། སྲིད་འཛིན་སྤྱི་མོས་ཆེ་རུ་གཏོང་རྒྱུ་དམིགས་ཚད་དུ་བཟུང་སྟེ་སྲིད་དོན་གྱི་ཡིད་རྟོན་མ་ལག་བརྟན་པོའི་ངང་བཟོ་རྒྱུར་སྐུལ་འདེད་གཏོང་རྒྱུ། རང་སྐྱོང་ལྗོངས་ཀྱི་ཡིད་རྟོན་ཆ་འཕྲིན་བརྗེ་རེས་ལས་སྟེགས་སྐྲུན་རྒྱུར་སྐུལ་འདེད་གང་མགྱོགས་བཏང་ཐོག ཡིད་རྟོན་ཆ་འཕྲིན་རྒྱུད་ཁོངས་སྐྲུན་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཕྱོགས་ཁག་གི་ཡིད་རྟོན་ཆ་འཕྲིན་ཐོན་ཁུངས་སྒྲིལ་བཅོས་དང་ཁྲོམ་ར་གཉེར་མཁན་གྱི་ཡིད་རྟོན་ཆ་འཕྲིན་གྲངས་མཛོད་གཅིག་སྡུད་གཅིག་གྱུར་ཐོག་བཙུགས་ནས་ཆ་འཕྲིན་མཉམ་སྤྱོད་ལམ་སྲོལ་འཐུས་ལེགས་སུ་གཏོང་རྒྱུ།
(བརྒྱད) གཞི་ཆེའི་སྟངས་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ་དཔལ་འབྱོར་འཁོར་སྐྱོད་བརྟན་པོ་ཡོང་རྒྱུར་འགན་ལེན་བྱ་རྒྱུ། 31. ལྗོངས་ཕྱི་ནང་གི་དཔལ་འབྱོར་གོང་འཕེལ་འགྲོ་ཕྱོགས་ལ་རྗེས་འདེད་ལྟ་ཞིབ་ཤུགས་ཆེ་བྱ་རྒྱུ། དཔལ་འབྱོར་འཁོར་སྐྱོད་ལ་དབྱེ་ཞིབ་ནན་ཏན་བྱ་རྒྱུ་དང་། སྲིད་ཇུས་དང་གལ་ཆེའི་གནད་དོན་ལ་ཞིབ་འཇུག་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། གཞི་ཆེའི་སྟངས་འཛིན་གྱི་དམིགས་བཀར་རང་བཞིན་དང་། སྟབས་བསྟུན་རང་བཞིན། སྔོན་མཐོང་རང་བཞིན་བཅས་སྔར་བས་ཆེ་རུ་གཏོང་རྒྱུ། 32. དཔལ་འབྱོར་འཁོར་སྐྱོད་སྙོམ་སྒྲིག་ལ་ཤུགས་སྣོན་རྒྱག་རྒྱུ། ལྟ་དཔྱད་དབྱེ་ཞིབ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ལྟ་དཔྱད་ཚད་ལེན་བྱ་རྒྱུ་གཏིང་ཟབ་ཏུ་བཏང་ཐོག ཟླ་རེའི་འཆར་ཅན་ཚོགས་འདུ་ཚོགས་ནས་སྙོམ་སྒྲིག་བྱེད་པའི་ལམ་སྲོལ་བཙུགས་ཏེ་རྒྱུན་གཏན་གྱི་སྐབས་བསྟུན་ལྟ་དཔྱད་ཚད་ལེན་དང་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་རྒྱག་རྒྱུ། ཐོན་སྐྱེད་གཙོ་རྒྱུ་འགན་སྲུང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཐོག འཕར་སྣོན་བརྟན་པོ་དང་། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་འདོགས། བརྟན་ལྷིང་སྲུང་སྐྱོབ་བཅས་བྱ་རྒྱུ་དམིགས་ཡུལ་དུ་བཟུང་ནས་སྡེ་ཚན་དང་། ཁུལ་ཁོངས། ལས་རིགས། ཁེ་ལས་བཅས་ཀྱི་དཔལ་འབྱོར་འཁོར་སྐྱོད་མཐུན་སྦྱོར་བྱེད་པའི་ལམ་སྲོལ་འཛུགས་པ་དང་ཚགས་ཚུད་དུ་བཏང་ཐོག དཔལ་འབྱོར་འཁོར་སྐྱོད་ཁྲོད་ཀྱི་གཙོ་གནད་ཁྱབ་ཁོངས་སུ་ཐོན་པའི་དཀའ་ངལ་རིགས་ཐག་གཅོད་བྱ་རྒྱུ། 33. ཁྲོམ་རའི་ཟོག་གོང་བརྟན་གནས་སྟངས་འཛིན་གང་ཐུབ་བྱ་རྒྱུ། ཚགས་ཤ་དང་། ལུག་ཤ མར་སོགས་འཚོ་བའི་ཉེར་མཁོའི་ཐོན་རྫས་བཟོ་འདོན་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དུས་ཚིགས་རང་བཞིན་གྱི་གྲབས་འཇོག་དང་འདོན་སྤྲོད་ཡག་པོ་བྱས་ནས་ཟོག་གོང་དང་ལྷག་པར་དུ་བཟའ་བཅའི་རིན་གོང་རྩ་བའི་ཆར་བརྟན་གནས་འགན་སྲུང་བྱ་རྒྱུ། ཁྲོམ་རའི་རིན་གོང་ལ་སྐོར་ཞིབ་ཞིབ་བཤེར་དང་ལྟ་དཔྱད་ལྟ་འདོམས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཐོག རིན་གོང་ཆ་འཕྲིན་ཁྱབ་བསྒྲགས་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཁྲོམ་རའི་རིན་གོང་གི་སྒྲིག་ལམ་ཚད་ལྡན་བཟོ་རྒྱུ། གླེང་ཕྱོགས་ལྟ་དཔྱད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། རིན་གོང་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་འདྲ་མིན་རིགས་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱ་རྒྱུ།
(དགུ) ཞི་མཐུན་བརྟན་ལྷིང་ཡོང་བ་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུར་ཁོར་ཡུག་བཟང་པོ་གཏོད་རྒྱུ། 34.ལས་ཀའི་ལམ་སྲོལ་འཐུས་ཚང་བཟོ་རྒྱུ། སྒྲིག་ཁྲིམས་དམ་ནན་དང་། གོ་རིམ་ཚད་ལྡན། དབང་འགན་གཅིག་མཐུན་བཅས་མཐའ་འཁྱོངས་བྱས་ཏེ་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་སྲིད་ཇུས་ཁག་ཇི་མ་ཇི་བཞིན་དོན་འཁྱོལ་ཐུབ་པ་བྱ་རྒྱུ། དཔལ་འབྱོར་འཁོར་སྐྱོད་ཐད་ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དཔལ་འབྱོར་སྐྱོན་བྲལ་ངང་གོང་འཕེལ་ཡོང་བ་བྱ་རྒྱུ། 35. གོང་འཕེལ་གྱི་ཁོར་ཡུག་ལེགས་སྒྱུར་བྱ་རྒྱུ། མཁྲེགས་ཆས་སྒྲིག་བཀོད་འཛུགས་སྐྲུན་གང་མགྱོགས་བྱེད་པ་དང་དུས་མཚུངས། མངོན་མེད་ཁོར་ཡུག་ལེགས་བཅོས་ཤུགས་ཆེ་བྱས་ཏེ་ཕྱོགས་ཁག་གི་ལས་ཀའི་ཧུར་སེམས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་རྒྱུ་དང་ཚོང་དང་མ་རྩ་འདྲེན་འགུགས་བྱ་རྒྱུའི་སྲིད་ཇུས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ནས་བོད་དུ་དེ་བས་མང་བའི་མ་རྩ་འཇོག་རྒྱུར་འདྲེན་འགུགས་བྱ་རྒྱུ། བདེ་འཇགས་ཐོན་སྐྱེད་བྱ་རྒྱུར་མཐོང་ཆེན་བྱས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དོན་འཁྱོལ་བྱས་ཐོག བདེ་འཇགས་ཐོན་སྐྱེད་ཀྱི“རིམ་པ་ལྔ་དང་ཁེབས་པ་ལྔ”དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། ལས་གྲའི་རྣམ་གྲངས་འཛུགས་སྐྲུན་ཁྲོད་ཀྱི་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐག་གཅོད་འཚམ་པོ་བྱས་ཏེ་དམངས་འཚོ་འགན་སྲུང་ཡག་པོ་དང་དམངས་ཀྱི་ཁེ་ཕན་སྲུང་སྐྱོབ་ཏན་ཏིག་བྱས་ནས་ཞི་མཐུན་བརྟན་ལྷིང་གི་གོང་འཕེལ་ཁོར་ཡུག་ཅིག་གཏོད་རྒྱུ།
འཐུས་མི་རྣམ་པ། 2016ལོ་ནི“ལོ་ལྔ་ཚན་བཅུ་གསུམ་པའི”འགོ་ཚུགས་ལོ་ཞིག་ཡིན་པས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་རྒྱུར་དོན་སྙིང་ཆེན་པོ་ལྡན་ཡོད། ང་ཚོས་ལྗོངས་ཏང་ཨུད་ཀྱི་འཐབ་ཇུས་བཀོད་སྒྲིག་གཞིར་བཟུང་། ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་བརྒྱད་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་འབད་འབུངས་ཡར་བརྩོན་དང་གསར་གཏོད་བྱེད་ཕོད་པ་དང་ “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་བསྟར་བྱ་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ། རང་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ལོ་འཁོར་གྱི་དམིགས་ཚད་ཁག་ཡོངས་སུ་མངོན་འགྱུར་ཐུབ་པ་བྱས་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་རྒྱུར་རྨང་གཞི་བརྟན་པོ་ཞིག་འདིང་རྒྱུ་ཡིན།
(ཚོགས་འདུ་གཉིས་ཀྱི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣