དབུ་ཤོག>སྲིད་དོན།
  • སྲིད་གཞུང་གི་ལས་དོན་སྙན་སྒྲོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  米玛   |     སྤེལ་དུས།  2016-02-18

    འཐུས་མི་རྣམ་པ།

    ད་ལྟ་ངས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་ལས་དོན་སྙན་སྒྲོན་ཞུ་རྒྱུ་ཡིན་པས་འཐུས་མི་རྣམ་པས《བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་འཆར་འགོད་རྩ་གནད(འཆར་ཟིན)》མཉམ་དུ་གྲོས་ཞིབ་གནང་རོགས་ཞུ་རྒྱུ་མ་ཟད། སྲིད་གྲོས་ཀྱི་ཨུ་ཡོན་དང་ཟུར་ཞུགས་རྣམ་པས་ཀྱང་དགོངས་འཆར་འདོན་རོགས་གནང་།

    “ལོ་ལྔ་ཚན་བཅུ་གཉིས་པའི”རིང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་ཕྱིར་མིག་ལྟ་བ།

    འདས་ཟིན་པའི་ལོ་ལྔ་ནི་བོད་ཀྱི་ལོ་རྒྱུས་ཐོག་སྤྱིར་བཏང་གཏན་ནས་མིན་པའི་ལོ་ལྔ་ཡིན། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རོགས་སྐྱོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་བཅས་ཀྱི་འོག་ང་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པ། ལྔ་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་དྲུག་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཐོག ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་།“མཚོན་བྱེད་གསུམ”གྱི་གལ་ཆེའི་དགོངས་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་ཀྱིས་མཛུབ་ཁྲིད་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་དང་ལྷག་པར་དུ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་དགོས་པའི”གལ་ཆེའི་འཐབ་ཇུས་ཀྱི་དགོངས་པ་དང“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་སྟེ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི”གལ་ཆེའི་མཛུབ་སྟོན་སློབ་སྦྱོང་ལག་བསྟར་དང་། ཁྲིམས་བཞིན་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་གལ་ཆེའི་རྩ་དོན་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་མཛད་ཇུས་དང་བཀོད་སྒྲིག་གཞིར་བཟུང་ཏང་གི་བོད་སྐྱོང་མཛད་ཇུས་མཐའ་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་ཞིང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོང་འཕེལ་གྱི་ལམ་བུར་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ“ཐོན་ལས་དང་པོའི་ཆུ་ཚད་མཐོ་རུ་གཏོང་བ་དང་། ཐོན་ལས་གཉིས་པའི་གཙོ་གནད་དམ་འཛིན་བྱེད་པ། ཐོན་ལས་གསུམ་པ་གོང་འཕེལ་ཤུགས་ཆེན་གཏོང་བའི”དཔལ་འབྱོར་གོང་འཕེལ་གཏོང་རྒྱུའི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་པ་དང་། “འཛིན་ཐབས་ཆ་དྲུག”མཐའ་འཁྱོངས་དང་། “བྱ་ཐབས་དྲུག”ཤུགས་ཆེ་སྤེལ་བ། “མཐའ་ཚད་གསུམ”བརྟན་སྲུང་བྱས་ཐོག ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་དང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་། དཀའ་སྤྱད་འབད་འཐབ། ལམ་བཤངས་གསར་གཏོད་བཅས་བྱས་ཏེ་དཔལ་འབྱོར་སྐྱོན་བྲལ་ངང་གོང་འཕེལ་མགྱོགས་པོ་བྱུང་བ་དང་། སྤྱི་ཚོགས་བྱ་གཞག་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་བ། མི་དམངས་ཀྱི་འཚོ་བ་མངོན་གསལ་དོད་པོས་ལེགས་སུ་སོང་བ། འབྱུང་ཁམས་ཁོར་ཡུག་བཟང་འཁྱོངས་ཐུབ་པ། སྤྱི་ཚོགས་ཁྱོན་ཡོངས་ནས་རྒྱུན་མཐུད་བརྟན་ལྷིང་བཅས་བྱུང་སྟེ“ལོ་ལྔ་ཚན་བཅུ་གཉིས་པའི”དམིགས་ཚད་ལས་འགན་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་ཡོད།

    2015ལོར་ལྗོངས་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་1026.39ཟིན་པ་དེ་11%འཕར་ནས་དཔལ་འབྱོར་འཕར་ཚད་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་ཚད་སྒོར་དུང་ཕྱུར་1342.16ལེགས་གྲུབ་བྱུང་བ། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་ཟོག་སིལ་འཚོང་སྤྱི་འབོར་སྒོར་དུང་ཕྱུར་408.08ཟིན་པ། ས་གནས་ཀྱི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར་176ཟིན་པ། གྲོང་ཁྱེར་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་སྒོར་25457ཟིན་པ། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་སྒོར་8244ཟིན་པ་དེ་ཁག་སོ་སོར“ལོ་ལྔ་ཚན་བཅུ་གཅིག་པའི”དུས་མཇུག་དང་བསྡུར་ན་73.7%དང་། ལྡབ་1.9 ལྡབ་1.2 ལྡབ་3.1 66.8% ལྡབ་1བཅས་འཕར་བ་དང་། གྲོང་ཁྱེར་གྲོང་རྡལ་གྱི་ལས་ཤོར་ཐོ་ལ་འཁོད་ཚད་2.5%ནང་ཚུད་དུ་ཚོད་འཛིན་ཐུབ་པ་བཅས་བྱུང་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུར་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་ཡོད།

    — ལོ་ལྔའི་རིང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུ་ཕན་ཚུན་སྦྲེལ་མཐུད་ཀྱི་དུས་མཚམས་གསར་པར་བསྐྱོད་པ། སྔ་སྣུར་ཇུས་འགོད་དང་རང་འགུལ་ངང་བྱ་སྤྱོད་སྤེལ་ཞིང་། རྒྱལ་ཁབ་ནས་མ་རྩ་འཇོག་རྒྱུར་བརྩོན་ལེན་ཧུར་ཐག་བྱས་པ་དང་མ་དངུལ་བསྡུ་གཏོང་བྱེད་སྟངས་གསར་གཏོད་བྱས་ཏེ“ལོ་ལྔ་ཚན་བཅུ་གཉིས་པའི”རིང་སྡེབ་རྩིས་བྱས་ན་སྤྱི་ཚོགས་ཡོངས་ཀྱིས་གཏན་འཇགས་རྒྱུ་ནོར་ཐད་མ་འཇོག་སྒོར་དུང་ཕྱུར་4642ལེགས་གྲུབ་ཟིན་པ་དེ“ལོ་ལྔ་ཚན་བཅུ་གཅིག་པ”དང་བསྡུར་ན་ལྡབ་1.8འཕར་བ་དང་། དེའི་ནང་འཆར་འགོད་ཀྱི་མ་འཇོག་སྒོར་དུང་ཕྱུར་152ཚད་བརྒལ་ལེགས་གྲུབ་བྱུང་ཡོད།

    གཞུང་ལམ་གྱི་སྤྱིའི་ལམ་ཐག་སྤྱི་ལེ་ཁྲི་7.8ཟིན་པ་དེ“ལོ་ལྔ་ཚན་བཅུ་གཅིག་པའི”དུས་མཇུག་དང་བསྡུར་ན་33.7%འཕར་ཡོད། ཁྲོན་བོད་གཞུང་ལམ་གྱི་བོད་ལྗོངས་དུམ་བུ་དང་ཤིན་བོད་གཞུང་ལམ་ཁྱོན་ཡོངས་ནས་སྣུམ་ནག་ཅན་དུ་བཟོས་པ། ལྷ་ཉིང་རིམ་མཐོའི་གཞུང་ལམ་གྱི་ལས་ཚུགས་གཞུང་ལམ་དུམ་བུ་དང་། ཉིང་ཁྲི་སྨན་གླིང་གནམ་ཐང་གི་མྱུར་བགྲོད་གཞུང་ལམ། བསྐལ་ལ་རི་བོའི་ཕུག་ལམ། ཡར་ཀླུང་གཙང་པོའི་ཟམ་ཆེན་བཅས་འཛུགས་སྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་སྟེ་རིམ་པ་མཐོ་བའི་གཞུང་ལམ་མེད་པ་ནས་ཡོད་པར་འགྱུར་བ་མ་ཟད་སྤྱི་ལེ་300ཟིན་ཡོད། མེ་ཏོག་གི་གཞུང་ལམ་ཡོངས་སུ་བསྐྲུན་ནས་འཁོར་རིགས་ཤར་གཏོང་ཐུབ་སྟེ་རྒྱལ་ཡོངས་སུ་གཞུང་ལམ་ཤར་གཏོང་མ་ཐུབ་པའི་རྫོང་མཐའ་མའི་ལོ་རྒྱུས་མཇུག་འགྲིལ་བ་རེད། ལྷ་གཞིས་ལྕགས་ལམ་བསྐྲུན་ནས་མེ་འཁོར་ཤར་གཏོང་ཐུབ་པ་དང་ལྷ་ཉིང་ལྕགས་ལམ་ཕྱོགས་ཡོངས་ནས་སྐྲུན་འགོ་ཚུགས་ཡོད། གོང་དཀར་དང་། སྨན་གླིང་། སྤང་མདའ་བཅས་ཀྱི་གནམ་ཐང་བཟོ་བཅོས་རྒྱ་སྐྱེད་ལས་གྲྭ་བདེ་བླག་ངང་སྤེལ་བཞིན་པ་དང་རྒྱལ་ཕྱི་རྒྱལ་ནང་དུ་མཁའ་ལམ་63བར་མང་དུ་སོང་བ་དང་། མཁའ་ལམ་ཤར་གཏོང་ཐུབ་པའི་གྲོང་ཁྱེར་40ཟིན་ཡོད། ཕྱོགས་མང་ཅན་གྱི་འགྲིམ་འགྲུལ་མ་ལག་ཕན་ཚུན་སྦྲེལ་མཐུད་བྱེད་པའི་ཆུ་ཚད་མཐོ་རུ་དང་ཕྱོགས་བསྡུས་འགན་སྲུང་གི་ནུས་པ་ཆེ་རུ་གང་ཙམ་སོང་ཡོད། འབྲི་ཆུའི་སྟོད་རྒྱུད་དང་། རྫ་ཆུའི་སྟོད་རྒྱུད། ཡར་ཀླུང་གཙང་པོའི་དབུས་རྒྱུད་བཅས་ཀྱི་ཆུ་གློག་འཆར་འགོད་ལ་རྒྱལ་ཁབ་ནས་བཀའ་མཆན་ཐོབ་པ་དང་། མཚོ་བོད་དང་ཁྲོན་བོད་ཀྱི་གློག་དྲ་སྦྲེལ་མཐུད་བྱུང་ཞིང་། གློག་དྲ་ཨ་མ་ཁེབས་ཚད་རྫོང་58ཟིན་ཡོད། དངོས་ཨ་འཕྲང་དང་། རྫམ། གོ་དོག རྡོ་ཕུར་བཅས་ཀྱི་ཆུ་ཤུགས་གློག་ཁང་བསྐྲུན་ནས་གློག་གཏོང་འགོ་ཚུགས་པ་དང་། རྒྱ་ཚའི་ཆུ་ཤུགས་གློག་ཁང་སྐྲུན་འགོ་བཙུགས་ཤིང་། གློག་འདོན་འཕྲུལ་ཤུགས་སྤྱི་འབོར་ཆན་ཝ་ཁྲི་230ཟིན་ཡོད་པ་དེ“ལོ་ལྔ་ཚན་བཅུ་གཅིག་པའི”དུས་མཇུག་དང་བསྡུར་ན་ལྡབ་1.4འཕར་བ་དང་། བོད་དབུས་རྒྱུད་ཀྱི་གློག་དྲ་ནས་གློག་བཀག་རྒྱུའི་ལོ་རྒྱུས་མཇུག་བསྒྲིལ་ཡོད། ཕུ་མདོ་ཆུ་བེད་ལྟེ་གནས་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དང་། ལ་ལྷོ་ཆུ་བེད་ལྟེ་གནས་དང་། ཕྱྭ་གཡང་ཆུ་མཛོད། འཕན་པོ་དང་ཡར་ཀླུང་གཙང་པོའི་བྱང་རྒྱུད་ཀྱི་ཞིང་ཆུ་འདྲེན་ཁུལ་བཅས་བདེ་བླག་ངང་སྐྲུན་བཞིན་ཡོད། སྲིད་འཛིན་གྲོང་ཚོར་སྒུལ་འཕྲིན་བརྡ་རྟགས་ཆ་ཚང་ཁེབས་པ་དང་དྲ་ཆེན་ཁེབས་ཚད་80%ཟིན་ཡོད། རྫོང་གྲོང་ཁག་54ཡི་ཆུ་འདོན་ཆུ་འགྲོའི་ལས་གཞི་ལེགས་གྲུབ་བྱུང་ཡོད། གྲོང་ཁྱེར་གྲོང་རྡལ་ཅན་གསར་གྲས་བརྟན་པོའི་ངང་བསྐྲུན་ཏེ་གྲོང་ཁྱེར་གྲོང་རྡལ་ཅན་དུ་འགྱུར་ཚད་26%ཟིན་ཡོད། ཆབ་མདོའི་གྲོང་ཁུལ་རྙིང་པ་བསྒྱུར་བཀོད་དང་ནག་ཆུའི“ལས་གྲྭ་ཁག་གསུམ”རྩ་བའི་ཆར་ལེགས་སྒྲུབ་ཟིན་པ་དང་། ལྷ་ས་གྲོང་ཁྱེར་གྱི་དྲོད་གཏོང་ལས་གཞི་ལེགས་སྒྲུབ་ཟིན་ནས་ཁྱིམ་ཚང་ཁྲི་སྟོང་མང་པོར་ཕན་པ་ཐོབ་ཡོད།

    — ལོ་ལྔའི་རིང་ཞིང་འབྲོག་ལས་གོང་འཕེལ་ཡོང་བར་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུའི་རྨང་གཞི་གསར་པ་བཏིང་བ། ཞིང་འབྲོག་སྟོབས་ཆེར་གཏོང་བ་དང་ཞིང་འབྲོག་ལ་ཕན་འདོགས་པའི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ་དང་། ནོར་སྲིད་ནས་ཞིང་སྐྱོར་མ་དངུལ་སྡེབ་རྩིས་བྱས་ན་སྒོར་དུང་ཕྱུར་787.2བཏང་ཡོད་པས་ཞིང་འབྲོག་ལས་ཀྱི་རྨང་གཞིའི་གནས་བབ་མངོན་གསལ་དོད་པོས་མཐོ་རུ་སོང་ཡོད། ཚད་གཞི་མཐོ་བའི་ས་ཞིང་མུའུ་ཁྲི་137འཛུགས་སྐྲུན་བྱས་པ་དང་། ས་ཁད་མཐོ་ལ་གྲང་ངར་ཆེ་བའི་འབྲོག་ཁུལ་དུ་ཕྱུགས་ཟོག་ལྷས་ར་ཁྲི་15.2གསར་རྒྱག་བྱས་པ། ཤང་དང་གྲོང་རྡལ་གྱི་ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་353བསྐྲུན་ཡོད། བ་གླང་མགོ་གྲངས་ཁྲི་60རྒྱུད་བཟང་དུ་བཏང་བ་དང་།“བོད་ནས་2000རྟགས་ཅན”སོགས་འབྲུ་སྣ་གསར་པ་མུའུ་ཁྲི་191.7ཁྱབ་གདལ་བཏང་ཞིང་། འབྲུ་རིགས་ཐོན་འབོར་ཀྲོན་ཁྲི་100ལས་བརྒལ་ཏེ་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ཡོད། སྒྲིག་བཀོད་ཞིང་འབྲོག་ལས་དང་འབྱུང་འཕྲོད་ཀྱི་ནགས་གླིང་ཤིང་འབྲས་ལས་རིགས་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་བྱུང་ཡོད་ལ། ནས་དང་། འབྲི་གཡག བོད་ཕག་སོགས་ས་མཐོའི་འདེབས་གསོ་གོང་འཕེལ་མགྱོགས་པོ་བྱུང་ཡོད། ཉང་གཡག་དང་། གམ་པའི་ལུག ཉིང་ཁྲིའི་ཤ་མོ་རག་པ་སོགས་ཁྱད་ལྡན་ཐོན་རྫས་རིགས་24རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་ཐོན་རྫས་ཁོངས་སུ་ཚུད་ནས་སྲུང་སྐྱོབ་ཐོབ་པ་དང་། ཁྱད་ལྡན་ཞིང་ལས་ཐོན་རྫས་20ལྷག་ཙམ་ལ་རྒྱལ་ཁབ་ཀྱི་བྱ་དགའ་ཐོབ་ཡོད། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས་4624ཟིན་པ་དེ“ལོ་ལྔ་ཚན་བཅུ་གཅིག་པའི”ལོ་མཇུག་དང་བསྡུར་ན་ལྡབ་11འཕར་ཡོད། རང་སྐྱོང་ལྗོངས་རིམ་པའི་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་43.7%འཕར་བ་དང་། ཞིང་འབྲོག་ལས་ཐོན་ལས་ཅན་གྱི་གཉེར་སྐྱོང་བྱེད་ཚད་40%ཟིན་ཡོད། “ཞིང་དུད་བརྒྱད་འཛོམས”བྱ་རྒྱུའི་ལས་གཞི་གཏིང་ཟབ་སྤེལ་ཏེ་སྲིད་འཛིན་གྲོང་ཚོ་ཁག་4898ཀྱི་མིའི་འཚོ་སྡོད་ཁོར་ཡུག་འཛུགས་སྐྲུན་དང་ཕྱོགས་བསྡུས་བཅོས་སྐྱོང་བྱས་པ་དང་། ཞིང་འབྲོག་ཁུལ་གྱི་གནོད་མེད་འཐུང་ཆུ་དང་། གློག་མེད་པའི་ས་ཁུལ་གྱི་གློག་སྤྱོད་རྒྱུའི་གནད་དོན་རྩ་བའི་ཆ་ནས་ཐག་གཅོད་ཐུབ་པ། ཤང་དང་གྲོང་རྡལ་དུ་འོད་སྐུད་ཁེབས་ཚད་དང་སྦྲག་འཕྲིན་ཁེབས་ཚད། སྲིད་འཛིན་གྲོང་ཚོར་ཁ་པར་ཁེབས་ཚད་བཅས་ཚང་མ་100%ཟིན་ཡོད། སྲིད་འཛིན་གྲོང་ཚོ་ཚང་མར་གྲོང་གསེབ་ཀྱི་ཕྱོགས་བསྡུས་ཆ་འཕྲིན་ཞབས་ཞུའི་ས་ཚུགས་ཁེབས་ཡོད། ཤང་གྲོང་དང་སྲིད་འཛིན་གྲོང་ཚོར་གཞུང་ལམ་ཤར་བགྲོད་ཐུབ་ཚད་ཁག་སོ་སོར་99.7%དང་99.2%ཟིན་ཡོད། དབུལ་སྐྱོར་མ་དངུལ་སྡེབ་རྩིས་བྱས་ན་སྒོར་དུང་ཕྱུར་91.9བཏང་བ་དང་། དབུལ་སྐྱོར་སྐྱེད་གསབ་དངུལ་བུན་སྒོར་དུང་ཕྱུར་417.4བཏང་སྟེ་དབུལ་ཕོངས་མི་གྲངས་ཁྲི་58ཉུང་དུ་སོང་ཡོད། ལོ་8བསྟུད་མར་སྡེབ་རྩིས་བྱས་ན་གཏོང་སྒོ་སྒོར་དུང་ཕྱུར་278བཏང་སྟེ་ཞིང་འབྲོག་པའི་བདེ་འཁོད་ལས་གཞི་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱས་ཤིང་། དུད་ཚང་ཁྲི་46དང་ཞིང་འབྲོག་མི་གྲངས་ཁྲི་230བདེ་འཇགས་གོ་ཆོད་ཀྱི་ཁང་པར་སྤོས་པ་དང་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལོ་རྒྱུས་རང་བཞིན་གྱི་ལེགས་བཅོས་བྱུང་ཡོད།

    — ལོ་ལྔའི་རིང་ཁྱད་ལྡན་ཐོན་ལས་གཙོ་གནད་དུ་གོང་འཕེལ་གཏོང་རྒྱུར་འགག་སྒྲོལ་གསར་པ་བྱུང་བ། ཡུལ་སྐོར་རིམ་སྤོར་དཔར་མ་ཧུར་ཐག་གཏོད་ནས་ཕོ་བྲང་པོ་ཏ་ལ་དང་ལྷ་ལྡན་གཙུག་ལག་ཁང་གཉིས་A5རིམ་པའི་གནས་ལྗོངས་ཁུལ་དུ་གནས་རིམ་འཕར་བ་དང་། རྩྭ་མདའི་གྲུ་དཀར་དང་གུ་གེ་རྒྱལ་ཁབ་རིམ་པའི་གྲགས་ཅན་མཛེས་ལྗོངས་ཁུལ་དུ་གྱུར་བ། དངོས་ལྗོངས་འཁྲབ་ཚན《འུན་ཤིན་ཀོང་ཇོ》རྒྱུན་རྣམ་ཅན་གྱི་ཚོང་ལས་འཁྲབ་སྟོན་བྱེད་ཐུབ་པ་བྱུང་ནས་2015ལོར་སྣེ་ལེན་བྱས་པའི་ཡུལ་སྐོར་བ་མི་ཐེངས་ཁྲི་2000བརྒལ་བ་དང་། སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་280ཟིན་པ་དེ་ཁག་སོ་སོར“ལོ་ལྔ་ཚན་བཅུ་གཅིག་པའི”དུས་མཇུག་དང་བསྡུར་ན་ལྡབ་1.9དང་2.9འཕར་ཡོད། རིག་གནས་ཐོན་ལས་ཀྱི་ཐོན་འབབ་སྒོར་དུང་ཕྱུར་30བརྒལ་ཏེ་འཛམ་གླིང་ཡུལ་སྐོར་གྱི་དམིགས་ས་བསྐྲུན་རྒྱུ་དང་ཁྱད་ལྡན་རིག་གནས་ཐོན་ལས་གོང་འཕེལ་གཏོང་རྒྱུར་སྲ་ཞིང་བརྟན་པའི་གོམ་པ་སྤོས་ཡོད། རང་བྱུང་འཐུང་ཆུའི་ཐོན་ལས་སྐྱོང་སྤེལ་ཤུགས་ཆེ་བྱས་ཏེ་ཐོན་ནུས་ཀྲོན་ཁྲི་300བརྒལ་ཞིང་འཕེལ་ངོ་བཟང་པོ་མངོན་ཡོད། “བོད་ཀྱི་ཆུ་བཟང”གྲགས་རྟགས་ཀྱི་སྙན་གྲགས་མྱུར་དུ་འཕེལ་ཞིང་རྟགས་ལེགས་གཏེར་ཆུ་མང་པོ་ཞིག་ལ་རྒྱལ་སྤྱིའི་བྱ་དགའ་ཆེན་པོ་ཐོབ་ཡོད། ཆུ་ཤུགས་གློག་ཁང་གིས་གཙོ་བོ་བྱས་པའི་དྭངས་གཙང་ནུས་རྒྱུའི་ལས་རིགས་ཀྱི་གོང་འཕེལ་གདིང་ཤུགས་ཧ་ཅང་ཆེན་པོ་ཡོད་ཅིང་། བོད་གློག་ཕྱིར་ཁྲིད་ཐེངས་དང་པོ་བྱེད་ཐུབ་ཡོད། བོད་ལུགས་གསོ་རིག་སྨན་ལས་དང་། མི་རིགས་ལག་ཤེས་བཟོ་ལས། བཟའ་བཅའ་བཏུང་བཅའི་ཐོན་རྫས་ལས་རིགས། ཨར་ལས་དང་ཨར་སྐྲུན་རྒྱུ་ཆའི་ལས་རིགས་བཅས་གོང་འཕེལ་མྱུར་པོ་བྱུང་ཡོད། ལྷ་སའི་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ལ་ཁྲལ་འབབ་སྒོར་དུང་ཕྱུར་179.2བྱུང་ཡོད། བོད་མཚོ་བཟོ་ལས་གླིང་བསྐྲུན་ཞིང་། གཏན་འཇགས་རྒྱུ་ནོར་ཐད་མ་འཇོག་སྒོར་དུང་ཕྱུར་35.7བཏང་བ་དང་། གླིང་དུ་ཞུགས་མཁན་ཁེ་ལས་174ཟིན་ཡོད།

    — ལོ་ལྔའི་རིང་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་བྱ་རྒྱུར་གྲུབ་འབྲས་གསར་པ་ཐོབ་པ། བོད་ཀྱི་འབྱུང་ཁམས་སྲུང་བཅད་སྲུང་སྐྱོབ་དང་འཛུགས་སྐྲུན་བྱ་རྒྱུའི་འཆར་འགོད་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་སྒོར་དུང་ཕྱུར་71བཏང་ནས“ལས་གཞི་ཆེན་པོ་བཅུ”ཏན་ཏིག་ངང་སྤེལ་ཡོད། ཐོན་ཁུངས་གསར་སྤེལ་དང་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ་གཏེར་རྫས་ཐོན་ཁུངས་རྩད་ཞིབ་གསར་སྤེལ་བྱེད་པར་རང་སྐྱོང་ལྗོངས་སྲིད་གཞུང་ནས“སྨྱུག་གཅིག་མའི”ཞིབ་མཆན་འགོད་པ་དང་ཁོར་ཡུག་སྲུང་སྐྱོབ་ཐད“སྤ་སེ་གཅིག་གིས་ཁྲུ་སློག་པའི”ལམ་ལུགས་ལག་བསྟར་བྱས་ཐོག འཛུལ་ཞུགས་ཀྱི་འགག་སྒོ་དམ་ནན་བསྲུངས་ཏེ“མཐོ་གསུམ”ཁེ་ལས་དང་རྣམ་གྲངས་རིགས་ལ་ཞིབ་མཆན་གཅིག་ཀྱང་བཀོད་མེད་ལ་ནང་འདྲེན་ཡང་གཅིག་ཀྱང་བྱས་མེད། ཁོར་ཡུག་ལ་ཁྲིམས་སྒྱུར་ལྟ་འདོམས་བྱེད་པའི་ནུས་པ་ཆེ་རུ་མངོན་གསལ་དོད་པོ་སོང་ཡོད། ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་དང་ནོར་སྲིད་ཀྱི་མ་དངུལ་སྒྱུར་སྤྲོད་བྱ་རྒྱུ་གཉིས་ཟུང་སྦྲེལ་བྱེད་པའི་བྱ་དགའ་ཆད་གཅོད་ཀྱི་ལམ་སྲོལ་བཟོས་ཡོད། རྩྭ་ཐང་གི་འབྱུང་ཁམས་སྲུང་སྐྱོབ་ཁ་གསབ་བྱ་དགའ་དང་། ནགས་ཚལ་དང་གཤེར་སའི་འབྱུང་ཁམས་ཕན་འབྲས་སྐྱོང་གསབ་ཀྱི་མ་དངུལ་སྔ་རྟིང་བསྡོམས་སྒོར་དུང་ཕྱུར་147དོན་འཁྱོལ་བྱས་ཡོད། རྒྱལ་ཡོངས་ནང་གཞན་གྱི་སྔོན་དུ་གཙང་ཆུའི་ཆུ་འགོའི་འབྱུང་ཁམས་བྱེད་ནུས་སྲུང་སྐྱོབ་ཁུལ་འཛུགས་སྐྱོང་བྱས་ཡོད། གནམ་མཚོ་དང་ཡར་འབྲོག་གཡུ་མཚོ་གཉིས་རྒྱལ་ཁབ་ཀྱི་མཚེའུ་བཟང་གྲས་ཀྱི་སྲུང་སྐྱོབ་ཚོད་ལྟ་བྱེད་ཁོངས་སུ་བཅུག་ཡོད། ལྷ་ས་གྲོང་ཁྱེར་དེ་ཉིད་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོབ་དཔེ་སྟོན་གྲོང་ཁྱེར་དུ་གྱུར་བ་དང་། ལྷོ་ཁ་དང་ཉིང་ཁྲི་གཉིས་རྒྱལ་ཁབ་ཀྱི་ཐོག་མའི་འབྱུང་ཁམས་དཔལ་ཡོན་ལྡན་པའི་སྔོན་སྤེལ་དཔེ་སྟོན་ཁུལ་ནང་ཚུད་ཡོད། རང་སྐྱོང་ལྗོངས་ཀྱི་ཉེན་ཆེའི་ཟོག་རོ་གཙང་སེལ་ལྟེ་གནས་དང་། ས་གནས་གྲོང་ཁྱེར་བདུན་གྱི་སྨན་བཅོས་ཟོག་རོ་གཙང་སེལ་ལྟེ་གནས། རྫོང་གྲོང་ཁག་56གི་གད་སྙིགས་སྦས་ས་བཅས་འཛུགས་སྐྲུན་ཟིན་ནས་བེད་སྤྱོད་བཏང་ཡོད། བཙོག་ཆུ་གཙང་གསིང་བཟོ་གྲྭ་8འཛུགས་སྐྲུན་ཏན་ཏིག་བྱས་ཡོད། སྤྱི་ཕན་ནགས་གླིང་དང་རང་བྱུང་སྲུང་སྐྱོབ་ཁུལ་གྱི་བདག་སྐྱོང་ལམ་སྲོལ་བསྒྱུར་བཅོས་བྱས་པར་ཐོག་མའི་ཕན་འབྲས་ཐོན་ཡོད། “གཙང་གཉིས་ཆུ་བཞི”རྒྱུག་ཁུལ་གྱི་ནགས་བཟོ་སྔོ་འགྱུར་ལས་གཞི་ཕྱོགས་ཡོངས་ནས་སྤེལ་ཞིང་། ཤིང་འཛུགས་ནགས་བཟོ་མུའུ་ཁྲི་516.6བྱས་པས་ནགས་ལས་ཐོག་ནས་མང་ཚོགས་འབབ་འཕར་སྒོར་དུང་ཕྱུར་42.8བྱུང་ཡོད། ལྗོངས་ཡོངས་ཀྱི་ཆུ་དང་། རླུང་ཁམས་ཆེན་པོ། ས་རྒྱུ་བཅས་ཀྱི་སྤུས་ཚད་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད།

    — ལོ་ལྔའི་རིང་བསྒྱུར་བཅོས་སྒོ་དབྱེ་བྱེད་པའི་མཉམ་ལས་གཉིས་ཕན་གྱི་རྣམ་པ་གསར་པ་བཏོད་པ། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱ་རྒྱུར་སྐུལ་སྤེལ་ཤུགས་ཆེ་བཏང་བ་དང་སྲིད་གཞུང་གི་དབང་ཆ་གསལ་ཐོ་ཁྱབ་བསྒྲགས་བྱས་ཤིང་། སྲིད་འཛིན་ཞིབ་མཆན་འགོད་པའི་རྣམ་གྲངས་3396ནས་2761བར་ཉུང་དུ་བཏང་ཡོད། རང་སྐྱོང་ལྗོངས་ནས་ལྟ་སྡོམ་བྱེད་པའི་གཞུང་ཁོངས་ཁེ་ལས་ཀྱི་ལུགས་བསྒྱུར་དམིགས་ཚད་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱུང་ཡོད། གློག་རིན་དང་འབར་རླངས་གོང་ཚད། ཐོན་ཁུངས་ཀྱི་དཔྱ་ཁྲལ་བཅས་ཀྱི་རིན་བསྟུན་ཁྲལ་བསྡུའི་བསྒྱུར་བཅོས་གཏིང་ཟབ་བྱས་ཡོད། ཚོང་དོན་ལམ་ལུགས་བསྒྱུར་བཅོས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཞིང་། ཁྲོམ་ར་གཉེར་མཁན་གཙོ་རྐང་ཐེམ་དུད་ཁྲི་15.4ཟིན་པ་དེ་87.4%འཕར་ཡོད། གྲོང་གསེབ་ཀྱི་ས་ཆ་འགན་གཙང་གཉེར་སྐྱོང་བྱེད་དབང་གཏན་འཁེལ་ཐོ་འགོད་དང་ལག་ཁྱེར་སྤྲོད་པའི་ཚོད་ལྟ་བདེ་བླག་ངང་སྤེལ་བཞིན་པ་དང་། རྩྭ་ར་འགན་གཙང་གཉེར་སྐྱོང་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཡོད། རྒྱ་ལམ་འགྲིམ་འགྲུལ་སྐྱེལ་འདྲེན་ལམ་སྲོལ་བསྒྱུར་བཅོས་ཕྱོགས་ཡོངས་ནས་བྱེད་འགོ་བཙུགས་ཡོད། སྤྱི་ཚོགས་ཁྱབ་ཁོངས་བསྒྱུར་བཅོས་བརྟན་པོའི་ངང་སྤེལ་ཡོད། ཚོང་འགུགས་མ་འདྲེན་བྱས་པར་མ་དངུལ་སྒོར་དུང་ཕྱུར་1037གནད་འཁྱོལ་བྱུང་ཡོད། “ལྷུག་གློད་ལྔ་དང་རྒྱབ་སྐྱོར་དྲུག”གི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་གོང་འཕེལ་ཇེ་མགྱོགས་སུ་ཕྱིན་ནས་གསོན་ཤུགས་ཇེ་ཆེར་འཕེལ་ཞིང་། སྤྱི་ཚོགས་ཀྱི་ལས་ཞུགས་མི་གྲངས་ཁྲི་86.2བསྡུ་འགུགས་ཐུབ་ནས་ལས་ཞུགས་ཐག་གཅོད་དང་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གསར་པར་གྱུར་ཡོད། དངུལ་རྩས་འདེགས་སྐུལ་བྱེད་པའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཤིང་། བོད་ལྗོངས་དངུལ་ཁང་དང་། བོད་ལྗོངས་དངུལ་རྩའི་བོགས་གཏོང་ཚད་ཡོད་ཀུང་སི། ཉིང་ཁྲིའི་དམངས་འཚོའི་གྲོང་ཚོ་གྲོང་རྡལ་དངུལ་ཁང་བཅས་འཛུགས་སྐྱོང་ལས་གཉེར་བྱས་པ་དང་། ཞིང་སྤེལ་དངུལ་ཁང་དང་། དམངས་འཚོའི་དངུལ་ཁང་། དགུ་ཚིགས་འཛིན་ལོར། ཞི་བདེ་རྒྱ་མཚོ་འགན་བཅོལ་སོགས་དངུལ་རྩའི་ལས་ཁུངས་ཁག་9ཡིས་བོད་དུ་ཡན་ལག་ཚན་པ་བཙུགས་པ་དང་། ཀུང་སི་ཁག་3ཐོག་མའི་ཁྲོམ་འགྲེམས་བྱས་ཡོད། ཁེ་ལས་ཀྱིས་ཐད་ཀར་མ་དངུལ་བསྡུ་རྒྱུག་བྱས་པ་སྒོར་དུང་ཕྱུར་209.7ཟིན་ཡོད། རིགས་ཁག་གི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་2100ལས་བརྒལ་ཏེ“ལོ་ལྔ་ཚན་བཅུ་གཅིག་པའི”དུས་མཇུག་དང་བསྡུར་ན་ལྡབ་6འཕར་བ་དང་། དངུལ་རྩའི་ཐོག་ནས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་བར་རྒྱབ་སྐྱོར་བྱེད་ནུས་ཆེ་རུ་སོང་ཡོད། འགག་སྒྲོལ་གཞི་གཅིག་ཅན་དུ་བསྒྱུར་བཅོས་བྱེད་འགོ་ཚུགས་པ་དང་། མཐའ་མཚམས་ཉོ་ཚོང་འཕར་ཚད་བརྟན་པོ་བྱུང་ནས་ཕྱིར་གཏོང་ནང་འདྲེན་གྱི་སྤྱིའི་རིན་ཐང“ལོ་ལྔ་ཚན་བཅུ་གཅིག་པའི”དུས་མཇུག་དང་བསྡུར་ན་ལྡབ་3.6འཕར་ཡོད། བོད་ལྗོངས་མཁའ་འགྲུལ་དང་ནེ་པ་ལ་མཉམ་ལས་བྱས་ནས་ཧི་མ་ལ་ཡའི་མཁའ་འགྲུལ་ཀུང་སི་བཙུགས་པ་དང་། སྐྱིད་རོང་འགག་སྒོ་དེ་ཀྲུང་ནེ་ཕྱོགས་གཉིས་སུ་སྒོ་མོ་ཕྱེ་ཡོད། སྐབས་གཉིས་པའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་བདེ་བླག་ངང་གཉེར་ཡོད། བོད་སྐྱོར་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་སོང་ཞིང་། མ་དངུལ་སྒོར་དུང་ཕྱུར་156.3བཏང་བ་དང་རྣམ་གྲངས་ཁག་2902ལག་བསྟར་བྱས་ཡོད། ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་གྲས་འཛུགས་སྐྲུན་ཚགས་ཚུད་བྱས་ཡོད། ཀྲུང་དབྱང་ཁེ་ལས་ཀྱི་བོད་སྐྱོར་དཔྱད་ཞིབ་སྐུལ་ལྕག་ལམ་སྲོལ་བཙུགས་ཡོད། སློབ་གསོ་དང་སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་བྱེད་འགོ་ཚུགས་པ་དང་། ལོ་ལྔའི་རིང་བོད་སྐྱོར་ལས་བྱེད་པ་དང་ཆེད་ལས་ལག་རྩལ་པ་ཁྱོན་མི་གྲངས་2000ལྷག་ཙམ་བོད་དུ་ལས་ཀ་བྱེད་པར་ཡོང་ནས་ལྗོངས་ཡོངས་ཀྱི་བསྒྱུར་བཅོས་དང་། གོང་འཕེལ། བརྟན་ལྷིང་བཅས་ཀྱི་ཆེད་དུ་ལེགས་སྐྱེས་ཆེན་པོ་ཕུལ་ཡོད།

    — ལོ་ལྔའི་རིང་ཚན་རྩལ་ཤེས་ལྡན་པས་དཔལ་འབྱོར་གོང་འཕེལ་གཏོང་རྒྱུར་གསོན་ཤུགས་གསར་པ་སྦྱིན་པ། ཚན་རྩལ་གྱི་ཆེད་དམིགས་རྣམ་གྲངས་ཆེན་པོ་བརྒྱད་ལག་བསྟར་བྱས་ཏེ་ནས་སོན་འདེབས་འཛུགས་དང་བ་གླང་རྒྱུད་བཟང་སྤེལ་བར་གྲུབ་འབྲས་ཆེན་པོ་ཐོབ་པ་དང་། ནས་དང་རྩྭ་རའི་འབུ་སྐྱོན་སྔོན་འགོག་ཚོད་འཛིན་བྱེད་པའི་འབྱུང་འཕྲོད་ལག་རྩལ་ལ་རྒྱལ་ཁབ་ཚན་རྩལ་ཡར་ཐོན་གྱི་བྱ་དགའ་ཨང་གཉིས་པ་ཐོབ་ཡོད། རྒྱལ་ཁབ་རིམ་པའི་ཚན་ཞིབ་ལས་སྟེགས་ཁག་2དང་རང་སྐྱོང་ལྗོངས་རིམ་པའི་གཙོ་གནད་ཚོད་ལྟ་ཁང་དང་ལས་གྲྭའི་ལག་རྩལ་ཞིབ་འཇུག་ལྟེ་གནས་ཁག་33བཙུགས་ཡོད། རང་སྐྱོང་ལྗོངས་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་བསྐྲུན་ནས་བེད་སྤྱོད་བྱེད་འགོ་ཚུགས་ཡོད། ས་གནས་ཀྱི་བོད་སྨན་སྨན་རྒྱུའི་རིགས་102ཀྱི་སྤུས་ཚད་ཚད་གཞི་ཁྱབ་བསྒྲགས་བྱས་ཡོད། ཞིང་འབྲོག་པའི་ཚན་རྩལ་མངགས་གཏོང་པ་སྲིད་འཛིན་གྲོང་ཚོ་ཚང་མར་ཁྱབ་ཡོད། ཚན་རྩལ་ཡར་ཐོན་གྱི་ལེགས་སྐྱེས་འབུལ་ཚད་40%ཟིན་ཡོད། ཀྲུང་དབྱང་ནས་བོད་ལ་རྒྱབ་སྐྱོར་བྱེད་པའི་གཙོ་གནད་ཤེས་ལྡན་པའི་ལས་གཞི་ཁག་12ལ་བརྟན་པོའི་ངང་སྐུལ་སྤེལ་བཏང་བ་དང་། “བོད་ཀྱིས་དམིགས་བསལ་གསོ་སྦྱོང་བྱེད་པའི”འཆར་གཞི་ལག་བསྟར་བྱས་ཏེ་རིམ་པ་མཐོ་བའི་ཤེས་ལྡན་པ་ནང་འདྲེན་བྱེད་ཐབས་བཟོ་འདོན་བྱས་ཡོད། རང་སྐྱོང་ལྗོངས་ཀྱི་རིག་གཞུང་ལག་རྩལ་པའི་སྣེ་ཁྲིད་མི་སྣ100འདེམས་བསྐོ་བྱས་པ་དང་། མཁོ་དགོས་ཆེ་ལ་དཀོན་པའི་ཤེས་ལྡན་པ་མི་གྲངས་3182ནང་འདྲེན་བྱས་ཡོད། ལྗོངས་ཡོངས་སུ་ཆེད་ལས་ལག་རྩལ་པ་མི་གྲངས་ཁྲི་7.3དང་རྩལ་ནུས་ཆེ་བའི་ཤེས་ལྡན་པ་མི་གྲངས་ཁྲི་2.3ཟིན་ཡོད།

    — ལོ་ལྔའི་རིང་དམངས་འཚོའི་བྱ་གཞག་ལ་ཕྱོགས་ཡོངས་ནས་ལེགས་བཅོས་བྱུང་སྟེ་གྲུབ་འབྲས་གསར་པ་ཐོབ་པ། 70%ཡན་གྱི་འབྱོར་སྟོབས་དམངས་འཚོའི་ཁྱབ་ཁོངས་ནང་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་དམངས་འཚོའི་ཐད་ཀྱི“བྱ་བ་དངོས་བཅུ”ཡག་པོ་བསྒྲུབ་རྒྱུར་ཤུགས་བརྒྱབ་ཅིང་། ལོ་ལྔ་བསྟུད་མར་ཚད་གཞི་མཐོར་འདེགས་དང་ཁེབས་རྒྱ་ཆེ་རུ་བཏང་ཡོད། གཞན་གྱི་སྔོན་དུ་ལོ་15རིང་གི་སློབ་ཡོན་མི་དགོས་པའི་སློབ་གསོ་སྤེལ་ཐུབ་པ་དང་། གཞན་གྱི་སྔོན་དུ་འགན་ལེན་ལྔ་བྱ་ཡུལ་གཅིག་སྡུད་འཚོ་སྐྱོང་དང་དྭ་ཕྲུག་གཅིག་སྡུད་གསོ་ཉར་ཐུབ་པ། གཞན་གྱི་སྔོན་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་དོ་སྙོམས་ཐུབ་པ་བཅས་བྱུང་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་གསར་སྣོན་མི་གྲངས་ཁྲི་16.9ཟིན་པ་དང་། ཞིང་འབྲོག་པ་མི་ཐེངས་ཁྲི་467ལས་ཞུགས་ཁ་སྒྱུར་བྱས་ཡོད། སྤྱི་ཚོགས་འགན་བཅོལ་ལམ་ལུགས་ཀུན་ལ་ཁེབས་ནས་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི་278ཟིན་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་སྲུང་རང་བཞིན་གྱི་གནས་སྐྱིད་སྡོད་ཁང་ཁྲི་21.5གསར་སྐྲུན་བསྒྱུར་བཀོད་བྱས་ཡོད། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་སྨན་བཅོས་རོགས་སྐྱོབ་ཀུན་ལ་ཁེབས་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཚོ་བར་དཀའ་ངལ་ཡོད་པའི་མང་ཚོགས་ལ་གནས་སྐབས་རོགས་སྐྱོབ་བྱེད་ལམ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཡོད། ཚབས་ཆེའི་དབང་པོ་སྐྱོན་ཅན་ཁྲི་7.2འཚོ་བར་དཀའ་ངལ་ཡོད་པའི་ཁ་གསབ་སྤྲོད་ཁོངས་ནང་བཅུག་ཡོད། སློབ་གྲྭ་འབྲིང་ཆུང་གི་ཉལ་ཁང་ཉེན་མེད་སོགས་ཀྱི་ལས་གཞི་ཆེ་གྲས་དགུ་དམ་འཛིན་བྱས་ཤིང་། སློབ་གྲྭའི་ཉལ་ཁང་སྨི་ངོས་གྲུ་ཁྲི་394.5གསར་རྒྱག་དང་རྒྱ་སྐྱེད་བཏང་ཡོད། སློབ་ཞུགས་གོང་གི་བྱིས་པ་བུ་བཅོལ་ཁང་ལ་ཞུགས་ཚད་61.5%ཟིན་པ། “གཞི་རྩའི་ཆ་གཉིས”ཀྱི་འགག་སྒྲོལ་ལས་འགན་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་བ་དང་། འགན་བབ་སློབ་གསོ་སྲ་བརྟན་གཏོང་ཚད་90%ཟིན་ཡོད། ལས་རིགས་སློབ་གསོའི་སློབ་སྡོད་སློབ་མ་ཁྲི་2ཟིན་ཡོད། བོད་ལྗོངས་སློབ་ཆེན་དེ་འབུམ་རམས་པའི་སློབ་གནས་སྤྲོད་པའི་ཚན་པར་གྱུར་ཡོད། ངལ་རྩོལ་ལོ་ཚད་ལོན་པའི་མི་རེར་ཆ་སྙོམས་སློབ་གསོ་ཐོབ་ཚད་ལོ་8.8ལ་འཕར་ཡོད། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་སྨན་རྩིས་ཁང་སྒྱུར་བཀོད་རྒྱས་བསྐྲུན་ཟིན་པ་དང་། མི་དམངས་སྨན་ཁང་གསུམ་པ་བསྐྲུན་ཟིན་ནས་བེད་སྤྱོད་བྱས་ཡོད། རྫོང་རིམ་པའི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱི་ཚད་གཞི་ལོན་པ་དང་། ནད་ཡམས་འགོག་བཅོས་ལྟེ་གནས་ཁྱོན་ཡོངས་ལ་ཁྱབ་པ། ཤང་ཚང་མར་སྨན་བཅོས་ཁང་དང་གྲོང་ཚོ་ཚང་མར་འཕྲོད་བསྟེན་ཁང་བཙུགས་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་དང་སྒྲིག་ཚུད་གྲྭ་བཙུན་ལ་རིན་མེད་ཐོག་གཟུགས་པོ་བརྟག་དཔྱད་བྱས་པ་དང་། ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་ཚང་མར་སྨན་རིན་མི་དགོས་པར་སྨན་བཅོས་ཐུབ་ཡོད། སྦྲུམ་མ་སྨན་ཁང་ལ་བསྡད་ནས་ཕྲུ་གུ་སྐྱེ་ཚད་90.5%འཕར་བ་དང་། མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་ན་68.2ཟིན་ཡོད། སྤྱི་པའི་རིག་གནས་སྒྲིག་བཀོད་རིན་མེད་ཐོག་སྒོ་མོ་ཕྱེ་བ་དང་། ས་གནས་དང་གྲོང་ཁྱེར་ལ་དཔེ་མཛོད་ཁང་དང་མང་ཚོགས་སྒྱུ་རྩལ་ཁང་ཡོད་པ་དང་། རྫོང་དང་ཆུས་ལ་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་དང་ཕྱོགས་བསྡུས་རིག་གནས་བྱེད་སྒོའི་ལྟེ་གནས་ཡོད་པ། ཤང་དང་གྲོང་ཚོར་ཕྱོགས་བསྡུས་རིག་གནས་བྱེད་སྒོ་སྤེལ་ས་བཟོས་ཡོད། ལྷ་མོ་དང“གླིང་སྒྲུང”གཉིས་མཉམ་འབྲེལ་རྒྱལ་ཚོགས་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་མིང་གཞུང་ནང་བདམས་ཐོན་བྱུང་ཡོད། རླུང་འཕྲིན་བརྙན་འཕྲིན་མི་མགོར་ཁེབས་ཚད་ཁག་སོ་སོར་94.83%དང་95.96%ཟིན་ཡོད། དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་བྱུང་ཡོད། རྩལ་འགྲན་ལུས་རྩལ་ལ་སྡེབ་རྩིས་བྱས་ན་འཛམ་གླིང་དང་ཨེ་ཤེ་ཡའི་བྱ་དགའ་ཨང་དང་པོ་7དང་རྒྱལ་ཡོངས་ཀྱི་བྱ་དགའ་ཨང་དང་པོ་58ཐོབ་ནས་ལོ་རྒྱུས་ཐོག་གྲུབ་འབྲས་བཟང་ཤོས་བཏོད་ཡོད།

    — ལོ་ལྔའི་རིང་སྤྱི་ཚོགས་ཀྱི་དུས་བབ་རྒྱུན་མཐུད་ཞི་མཐུན་དང་བརྟན་ལྷིང་གི་རྣམ་པ་གསར་པ་བཏོད་པ། སྤྱི་ཚོགས་བཅོས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་དང་གསར་གཏོད་བྱས་པ་དང་། བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་བཅུ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཐོག ཏང་སྲིད་དམག་ཉེན་དམངས་བཅས་ཀྱིས་མཐུན་སྦྱོར་མཉམ་སྒུལ་ཐོག་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ལས་ཀའི་ལམ་སྲོལ་གསར་པ་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་སྤྱི་ཚོགས་དུས་བབ་རྒྱུན་མཐུད་ནས་ཞི་མཐུན་བརྟན་ལྷིང་ཐུབ་པ་འགན་ལེན་བྱས་ཡོད། ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་རྒྱལ་གཅེས་རིང་ལུགས་དང་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ལ་གཟེངས་བསྟོད་ཤུགས་ཆེ་བྱས་ནས་མི་རིགས་ཁག་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་བཅས་ཡོང་བར་སྐུལ་འདེད་ནུས་ལྡན་བཏང་བས་ཀྲུང་ཧྭ་མི་རིགས་ཀྱི་ཚོགས་སྤྱིའི་འདུ་ཤེས་མི་སེམས་ལ་གཏིང་ཟབ་ཟུག་པ་དང་། མི་རིགས་མཐུན་སྒྲིལ་ལྡན་པའི་དུས་རབས་ཀྱི་ལེའུ་གསར་པ་བརྩམས་ཡོད། དགོན་སྡེ་དོ་དམ་གསར་གཏོད་བྱས་ནས་ལས་བྱེད་པ་དགོན་སྡེར་བཅའ་སྡོད་བྱས་ཐོག “དྲུག་འཛུགས”དང་དགོན་སྡེར“ཡོད་པ་དགུ”སོགས་དགོན་སྡེ་དང་གྲྭ་བཙུན་ལ་ཕན་པའི་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་གཏིང་ཟབ་བྱས་པས་ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་བྱུང་ཡོད། གྲོང་ཁྱེར་གྲོང་རྡལ་དྲ་མིག་ཅན་གྱི་དོ་དམ་བྱས་པ་དང་། སྔོན་ཐོན་གཉིས་ལྡན་དུད་སྦྲེལ་གཏོད་པ་དེ་མི་སེམས་ལ་བབས་ཡོད། ཕུལ་བྱུང་ལས་བྱེད་པ་ཁྲི་10ལྷག་ཙམ་མངག་གཏོང་དང་། མ་དངུལ་སྒོར་དུང་ཕྱུར་72བཏང་ནས་རྨང་བརྟན་དམངས་ཕན་བྱེད་སྒོ་སྤེལ་ཞིང་།གཞི་རིམ་གྱི་རྨང་གཞི་སྔར་བས་སྲ་བརྟན་དུ་སོང་བ་དང་། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་ཁ་ཕྲལ་སིམ་འཛུལ་དང་གཏོར་བཤིག་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་ནས་རང་དབང་རང་ལག་ཏུ་དམ་པོར་བཟུང་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་རྒྱལ་ཁ་ཆེན་པོ་ཐོབ་ཡོད། བདེ་འཇགས་ཐོན་སྐྱེད་ཀྱི་འཕེལ་ངོ་རྒྱུན་མཐུད་ནས་བཟང་པོ་བྱུང་ཞིང་ལྗོངས་ཡོངས་ཀྱི་ལས་འཛོལ་ཐོན་གྲངས་དང་མི་ཤི་ཚད་གཉིས་ཀ་ཆག་ཡོད། ཕྱོགས་བསྡུས་བཅོས་སྐྱོང་གི་དཔྱད་གདེང་བྱ་རྒྱུ་དེ་རྒྱལ་ཡོངས་ཀྱི་ཕུལ་བྱུང་རིམ་གྲས་ནང་ཐེངས་དང་པོ་ཚུད་པ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། མི་འབོར་ཡོངས་བཤེར་ཐེངས་དྲུག་པ་དང་། དཔལ་འབྱོར་ཡོངས་བཤེར་ཐེངས་གསུམ་པར་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ལྟ་ཞིབ་དང་། རྩིས་བཤེར། ས་གཤིས་རྩད་ཞིབ། གནམ་གཤིས། མི་དམངས་མཁའ་ཟོན། གནོད་འགོག་གེགས་སེལ་སོགས་ཀྱི་ལས་དོན་ལ་གོང་འཕེལ་གསར་པ་བྱུང་ཡོད། གཞིས་རྩེ་དང་། ཆབ་མདོ། ཉིང་ཁྲི་བཅས་ས་གནས་ནས་གྲོང་ཁྱེར་དུ་སྒྱུར་བ་དང་། མཚེའུ་གཉིས་དེ་ཆུས་ནས་རྫོང་དུ་བསྒྱུར་ཡོད། རྒྱལ་སྲུང་སྐུལ་སློང་ལས་དོན་ཤུགས་ཆེར་སྤེལ་ཞིང་། དམག་སྲིད་དམག་དམངས་མཐུན་སྒྲིལ་དང་། དམག་དམངས་མཉམ་སྐྲུན་དང་མཉམ་གཏོད་མཉམ་སྲུང་བྱེད་སྒོར་སྐུལ་འདེད་ཏན་ཏིག་བཏང་ཡོད།

    འཐུས་མི་རྣམ་པ།

    འདས་ཟིན་པའི་ལོ་ལྔའི་རིང་ང་ཚོས་མཐུན་སྒྲིལ་འབད་འཐབ་ཀྱི་ཁྲོད་དུ་གོམ་ཞེང་ཆེན་པོས་མདུན་དུ་བསྐྱོད་དེ་དོན་ཆེན་དང་བཀྲ་ཤིས་པའི་བྱ་བ་རབ་དང་རིམ་པར་བསུ་བ་ཞུས་ཡོད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་རྒྱལ་ཁའི་ངང་འཚོགས་པ་དེས་བོད་ཀྱི་གོང་འཕེལ་ཡར་ཐོན་གྱི་ལོ་རྒྱུས་ཐོག་རྡོ་རིང་གསར་པ་བཙུགས་པ་དང་། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བ་དང་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་རྟེན་འབྲེལ་ཆེ་མོ་ལེགས་གྲུབ་བྱུང་བ་དེས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་དང་མང་ཚོགས་ཚོས་བློ་གཅིག་སེམས་གཅིག་གིས་ཏང་གི་རྗེས་སུ་འབྲངས་བ་དང་། བློ་རྩེ་གཅིག་སྒྲིམ་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱེད་པའི་ཡིད་ཆེས་དང་སེམས་ཤུགས་སྔར་བས་བརྟན་དུ་སོང་ཡོད།

    འདས་ཟིན་པའི་ལོ་ལྔའི་ནང་ང་ཚོས་དཀའ་གནད་འགག་སྒྲོལ་བྱེད་པའི་ཁྲོད་ཞུམ་མེད་མདུན་སྐྱོད་བྱས་པར་བརྟེན་ཚབས་ཆེའི་རང་བྱུང་གནོད་འཚེ་རབ་དང་རིམ་པའི་ཚོད་བགམ་ནན་པོ་ཐེག་ཐུབ་པ་བྱུང་ཡོད། ལྷག་པར་དུ་ས་ཡོམ་རིམ་པ་མཐོ་བ་དང་། ཁྱབ་རྒྱ་ཆེ་བ། གྱོང་གུན་ཚབས་ཆེ་བ། རོགས་སྐྱོབ་བྱེད་ཁག་པ་བཅས་ཀྱི“4·25”ཡི་ས་ཡོམ་འཕྲད་དུས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་འཐབ་ཇུས་འཕྲལ་ཐག་ཆོད་པོ་དང་བྱ་སྤྱོད་མྱུར་པོ་སྤེལ་ནས་ཏང་སྲིད་དམག་དང་། ཉེན་རྟོག་པ། མི་དམངས་བཅས་ཀྱི་སྣེ་ཁྲིད་དེ་དམངས་སེམས་གཅིག་མཐུན་དང་བློ་སེམས་གཅིག་སྒྲིལ་ཐོག  ལྗོངས་ཡོངས་ཀྱི་ནུས་ཤུགས་གཅིག་སྒྲིལ་དང་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར་བྱས་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་སྲུང་གང་ཐུབ་བྱས་པ་དང་། གནོད་འཚེའི་གྱོང་གུན་ཕོག་ཤུགས་ཆུང་དུ་གཏོང་གང་ཐུབ་བྱས་པས་ཡོམ་ཟོན་རྒུད་སྐྱོབ་ལ་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་ཐོབ་ཡོད།

    འདས་ཟིན་པའི་ལོ་ལྔའི་ནང་། རང་ལྗོངས་ཀྱི་བྱ་གཞག་ཁག་ལ་སྐྱེ་བོ་ཀུན་གྱི་མཐོང་ཆོས་སུ་གྱུར་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཐོབ་ཡོད་ཅིང་། དེ་ནི་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་མཁས་མཛངས་ལྡན་པའི་དབུ་ཁྲིད་གནང་བའི་འབྲས་བུ་དང་། དུས་སྐབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་སྨིན་བྱུང་བའི་འབྲས་བུ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཤུགས་ཆེའི་རྒྱབ་སྐྱོར་དང་སྒེར་སེམས་མེད་པའི་རོགས་སྐྱོར་གནང་བའི་འབྲས་བུ། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཚན་རིག་དང་མཐུན་པའི་ཇུས་འགོད་བྱས་པའི་འབྲས་བུ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་སེམས་ཤུགས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུ་བཅས་རེད། འདིར་ངས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་དང་། རྒྱལ་ཡོངས་མི་དམངས་དང་ལྷག་པར་དུ་ག་སྦྱར་རོགས་སྐྱོར་གནང་མཁན་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས། ཀྲུང་དབྱང་རྐང་འཛིན་ཁེ་ལས་བཅས་ལ་ལྷག་བསམ་ཟོལ་མེད་ཀྱིས་ཐུགས་ཆེ་རྗེ་ཞུ་རྒྱུ་དང་། སྲིད་གཞུང་ལས་དོན་ལ་ཤུགས་ཆེའི་རྒྱབ་སྐྱོར་གནང་མཁན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན། བོད་སྡོད་མི་དམངས་བཅིངས་འགྲོལ་དམག དྲག་ཆས་ཉེན་རྟོག་དཔོན་དམག སྲིད་ཁྲིམས་ལས་བྱེད་ཉེན་རྟོག་བཅས་ལ་ལྷག་བསམ་ཟོལ་མེད་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། རང་ལྗོངས་ཀྱི་བསྒྱུར་བཅོས་སྒོ་དབྱེ་དང་དེང་རབས་ཅན་འཛུགས་སྐྲུན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་ལས་རིགས་ཁག་གི་མི་སྣར་ལྷག་བསམ་ཟོལ་མེད་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    གྲུབ་འབྲས་ལ་གདེང་འཇོག་གང་ལེགས་བྱེད་པ་དང་དུས་མཚུངས། རང་ལྗོངས་ཀྱི་བསྒྱུར་འཕེལ་བརྟན་གསུམ་ཐད་སྔར་བཞིན་མངོན་གསལ་དོད་པའི་དཀའ་ངལ་དང་གནད་དོན་ལྷག་པའི་རིགས་ང་ཚོས་གསལ་པོར་མཐོང་ཐུབ་དགོས་པ་དེ་ཡང་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་བའི་སྤྱི་ཡོངས་ཀྱི་ཆུ་ཚད་ཅུང་དམའ་བ་དང་རང་ངོས་གོང་འཕེལ་གཏོང་ནུས་མི་འདང་བ། ཐོན་ལས་ཀྱི་གཞི་རྒྱ་ཆུང་ཞིང་དམའ་རིམ་རང་བཞིན་དང་རགས་ལས་རྣམ་པའི་ཁྱད་ཆོས་མངོན་གསལ་དོད་པ། དབུལ་ཕོངས་ཐོན་མང་ལ་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་དཀའ་ཚེགས་ཆེ་བ། རྨང་གཞིའི་སྒྲིག་བཀོད་ཀྱི་བཅུར་འགག་ཐེབས་གཞི་འགག་སྒྲོལ་སྔར་ལས་ལྷག་པ་བྱེད་དགོས་པ། གཞི་རྩའི་སྤྱི་པའི་ཞབས་ཞུའི་སྤུས་ཚད་དང་སྙོམས་མཚུངས་ཅན་གྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་སྔར་བཞིན་ཛ་དྲག་ལ་རྙོག་འཛིང་ཆེ་ཞིང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ལས་འགན་ལྕི་པོ་བཅས་ཡོད། དེ་བཞིན་སྲིད་གཞུང་གི་ལས་དོན་ཐད་ད་དུང་མི་འདང་བའི་ཆ་ཁ་ཤས་ཡོད་ཅིང་སྲིད་གཞུང་གི་འགན་ནུས་དང་སྲིད་འཛིན་གྱི་ནུས་འབྲས་དེ་བསྒྱུར་བཅོས་གོང་འཕེལ་གཏོང་རྒྱུའི་དགོས་མཁོ་དང་ད་དུང་ཡོངས་སུ་འཚམ་ཐུབ་ཀྱི་མེད། དཀའ་ངལ་དང་གནད་དོན་དེ་དག་ལ་དམིགས་ཏེ་ང་ཚོས་ངེས་པར་དུ་བྱ་ཐབས་ནུས་ལྡན་སྤྱད་དེ་ཐག་གཅོད་ཏན་ཏིག་བྱས་ཐོག སེམས་ཤུགས་ཡོད་རྒུ་བཏོན་ནས་སྲིད་གཞུང་གི་ལས་དོན་བསྒྲུབས་ཏེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རེ་བཅོལ་ཟབ་མོ་ཆུད་ཟོས་སུ་གཏོང་རྒྱུ་མིན།

    འཐུས་མི་རྣམ་པ། ཡུན་རིང་འབད་འཐབ་བྱས་པའི་ཉམས་མྱོང་མང་པོ་བསགས་པ་བརྒྱུད། བོད་ལྗོངས་འདི་ཉིད་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་གནས་ཡོད་པས་གོང་འཕེལ་གྱི་འདུ་ཤེས་དེ་བས་ཚན་རིག་དང་མཐུན་པ་དང་། གོང་འཕེལ་གྱི་རྨང་གཞི་དེ་བས་སྲ་ཞིང་བརྟན་པ། གོང་འཕེལ་གྱི་མདུན་ལམ་དེ་བས་རྒྱ་ཆེ་བ་བཅས་ཡོད། ང་ཚོར་མྱོང་ཚོར་ཟབ་མོ་བྱུང་བ་ནི། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུ་ནི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་རྩ་བའི་གཞི་འཛིན་ས་ཡིན་པ་དང་། བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་སྤྱི་ཚོགས་ཞི་མཐུན་རྒྱུན་འཁྱོངས་ཡོང་བ་བྱ་རྒྱུ་ནི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་གཞི་རྩའི་སྔོན་འགྲོ་ཡིན་པ། ཀྲུང་དབྱང་གི་ཐུགས་ཁུར་དང་། རྒྱལ་ཡོངས་ཀྱི་རོགས་སྐྱོར། རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་བཅས་ཟུང་འབྲེལ་ནུས་ལྡན་བྱ་རྒྱུ་ནི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་སྒུལ་ཤུགས་ཆེན་པོ་ཡིན་པ། མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་ནི་བོད་ཀྱི་ལས་ཀའི་དམིགས་ས་དང་ཤུགས་རྒྱག་ས་ཡིན་པ། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་ནི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་ཐོག་མའི་དམིགས་ས་དང་དོན་ལ་བབས་ས་ཡིན་པ། ཀྲུང་དབྱང་གི་དགོངས་དོན་དང་བོད་ཀྱི་དོན་དངོས་ཟུང་འབྲེལ་དམ་ཟབ་བྱས་ཐོག གསར་གཏོད་ལྡན་པའི་ངང་ལས་དོན་སྤེལ་བ་དང་། བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་བཅུ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། “663”ལས་ཀའི་བསམ་གཞི་གསར་གཏོད་དང་གཏིང་ཟབ་ཏུ་གཏོང་རྒྱུ་བཅས་ནི་བོད་ལྗོངས་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་གཏོང་བའི་མངོན་སུམ་གྱི་ལག་ལེན་ཞིག་ཡིན། ང་ཚོས་ངེས་པར་དུ་གཅེས་སྤྲས་ལྡབ་བརྒྱ་དང་། རྒྱུན་མཐུད་འཛིན་སྐྱོང་། ཡུན་རིང་མཐའ་འཁྱོངས་བཅས་བྱེད་དགོས།

    “ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་མཛུབ་ཁྲིད་བསམ་བློ་དང་། འབད་འཐབ་དམིགས་ཚད། ལས་འགན་གཙོ་བོ།

    “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ནི་རང་ལྗོངས་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་ཕུ་ཐག་གཅོད་པའི་རྒྱལ་ཁ་ལེན་པའི་དུས་མཚམས་ཤིག་ཡིན་ལ། ལྗོངས་ཡོངས་ཀྱི་གོང་འཕེལ་མགྱོགས་སུ་གཏོང་བའི་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་ཞིག་ཀྱང་ཡིན། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་ཏང་གི་བོད་སྐྱོང་མཛད་ཇུས་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་། བོད་ལྗོངས་གོང་འཕེལ་གཏོང་བའི་འཐབ་ཇུས་ཀྱི་ངེས་གནས་ཁ་གསལ་བཟོས་ཏེ་བོད་ལྗོངས་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་ཁ་ཕྱོགས་གསལ་སྟོན་གནང་ཡོད། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡིན་པ་དང་། མི་རིགས་ཁག་མཐུན་སྒྲིལ་མཛའ་མཐུན་ཆེ་བ། ཆོས་ལུགས་འཆམ་མཐུན་ལམ་ལྷོངས་བཅས་དང་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུར་ཁོར་ཡུག་བཟང་པོ་བསྐྲུན་ཡོད། ལྷག་པར་དུ་རྗེས་ཐོན་གྱི་ཁྱད་འཕགས་དང་། མི་རེའི་ཆ་སྙོམས་ཀྱི་དགེ་མཚན། སྲིད་ཇུས་ཀྱི་བཟང་ཆ་བཅས་འབུར་དུ་ཐོན་པ་དང་། བསྒྱུར་བཅོས་སྒོ་དབྱེའི་གདིང་ཤུགས་ཧ་ཅང་ཆེ་བ་བཅས་ཡོད་པས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུར་ནང་སྐྱེས་ཀྱི་སྒུལ་ཤུགས་ཆེན་པོ་སྤྲད་ཡོད། དེར་བརྟེན་ང་ཚོས་སེམས་ཤུགས་བརྟན་བཅངས་ཀྱིས་གོ་སྐབས་དམ་འཛིན་བྱེད་པ་དང་། བབ་བསྟུན་འཕྲལ་སྒྲུབ་ཀྱིས་འབད་འབུངས་ལས་བརྩོན་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་འཕེལ་རིམ་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས།

    “ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་མཛུབ་ཁྲིད་བསམ་བློ་ནི། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པ་ལྔ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་བཅས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་གལ་ཆེའི་དགོངས་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་ཀྱིས་མཛུབ་ཁྲིད་བྱས་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་དང་། ལྷག་པར་དུ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས”པའི་གལ་ཆེའི་འཐབ་ཇུས་དགོངས་པ་དང“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་སྟེ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི”གལ་ཆེའི་མཛུབ་སྟོན་བཅས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཐོག“ཕྱོགས་ཡོངས་བཞིའི”འཐབ་ཇུས་ཁྱབ་བཀོད་ཀྱིས་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་དང་། ཏང་གི་བོད་སྐྱོང་མཛད་ཇུས་མཐའ་འཁྱོངས། ཁྲིམས་བཞིན་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་གལ་ཆེའི་རྩ་དོན་མཐའ་འཁྱོངས་བྱས་ནས་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་བོད་ཀྱི་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་སར་བརྩི་བ་དང་། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་ཐོག་མའི་དམིགས་ས་དང་དོན་ལ་བབས་སར་བརྩིས་ཐོག བློ་བརྟན་འགྱུར་མེད་ཀྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བ་དང་། བློ་བརྟན་འགྱུར་མེད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་སྐུལ་སྤེལ་གཏོང་བ། བློ་བརྟན་འགྱུར་མེད་ཀྱིས་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་མི་རིགས་ཁག་དབར་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་བདེ་འཇགས་དང་བོད་ལྗོངས་ཡུན་རིང་བདེ་འཁོད་ཡོང་བའི་འགན་ལེན་དང་། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་གོང་འཕེལ་ཡོང་བའི་འགན་ལེན། མི་རིགས་ཁག་གི་མི་དམངས་ཀྱི་དངོས་པོ་དང་རིག་གནས་ཀྱི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་གོང་མཐོར་འགྲོ་བའི་འགན་ལེན། འབྱུང་ཁམས་ཁོར་ཡུག་བཟང་འཁྱོངས་ཐུབ་པའི་འགན་ལེན་བཅས་བྱས་ཏེ་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་འབད་འཐབ་དམིགས་ཚད་དུས་ཐོག་ཏུ་མངོན་འགྱུར་ཐུབ་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་འགྲུབ་པའི་བོད་ལྗོངས་ཀྱི་ལེའུ་ཡག་པོ་རྩོམ་རྒྱུ་དེ་ཡིན།

    “ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་དམིགས་ཚད་གཙོ་བོ་ནི། ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་ལོ་རེར་ཆ་སྙོམས་གྲངས་གནས་གཉིས་འཕར་ཐུབ་པ་བྱ་རྒྱུ་དང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་ལོ་རེར་ཆ་སྙོམས་20%ཡས་མས་འཕར་བ་བྱ་རྒྱུ། སྤྱི་པའི་ནོར་སྲིད་སྔོན་རྩིས་ཀྱི་ཡོང་འབབ་ལོ་རེར་ཆ་སྙོམས་12.5%འཕར་བ་བྱ་རྒྱུ། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་ཟོག་སིལ་འཚོང་སྤྱི་འབོར་ལོ་རེར་ཆ་སྙོམས་12%ཡན་འཕར་བ་བྱ་རྒྱུ། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་ལོ་རེར་ཆ་སྙོམས་13%ཡན་འཕར་བ་བྱ་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་ལོ་རེར་ཆ་སྙོམས་10%ཡན་འཕར་བ་བྱ་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་ལ་འགོད་ཚད་3%ནང་ཚུད་དུ་ཚོད་འཛིན་ཐུབ་པ་བྱ་རྒྱུ། རྒྱལ་ཁབ་ཀྱི་ད་ལྟའི་ཚད་གཞི་ལྟར་བཟུང་སྟེ་ཞིང་འབྲོག་ཁུལ་གྱི་དབུལ་པོའི་མི་འབོར་ཁྲི་59ཚང་མ་དུས་བཀག་བཞིན་དབུལ་སྒྲོལ་ཐུབ་པ་བྱ་རྒྱུ། 2020ལོར་སླེབས་དུས་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་འགྲོ་བ་དང་། གྲོང་ཁྱེར་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་དེ་2010ལོ་ལས་ལྡབ་གཅིག་ཡན་འཕར་བ་དང་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་འདྲ་བར་སླེབས་པ་བྱ་རྒྱུ། གཞི་རྩའི་སྤྱི་པའི་ཞབས་ཞུའི་དམིགས་ཚད་གཙོ་བོ་དེ་ནུབ་རྒྱུད་ས་གནས་ཀྱི་ཆ་སྙོམས་ཆུ་ཚད་དང་འདྲ་བར་སླེབས་པའམ་ཟིན་པ་བྱ་རྒྱུ། རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ཕྱོགས་ཡོངས་ནས་ལེགས་བཅོས་ཡོང་བ་དང་། འབྱུང་ཁམས་དཔལ་ཡོན་འཛུགས་སྐྱོང་བྱ་རྒྱུར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་བྱ་རྒྱུ། རང་ངོས་གོང་འཕེལ་གཏོང་བའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་འགྲོ་བ། སྤྱི་ཚོགས་དུས་བབ་རྒྱུན་མཐུད་དང་། ཡུན་རིང་། ཕྱོགས་ཡོངས་བཅས་ནས་བརྟན་ལྷིང་ཐུབ་པ་བྱས་ཏེ་བདེ་འཁོད་ལས་བརྩོན་དང་། འགན་སྲུང་ནུས་ལྡན་ཐུབ་པ། ཁྱིམ་གཞིས་མཛེས་སྡུག་ལྡན་པ། མི་རིགས་མཐུན་སྒྲིལ་ཆེ་བ། ཤེས་དཔལ་ཞི་མཐུན་ལྡན་པ་བཅས་ཀྱི་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་རྒྱུ་དེ་ཡིན།

    གོང་གསལ་གྱི་འབད་འཐབ་དམིགས་ཚད་མངོན་འགྱུར་ཐུབ་པར་ང་ཚོས་གསར་གཏོད་དང་། མཐུན་སྦྱོར། འབྱུང་འཕྲོད། སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་གོང་འཕེལ་གཏོང་བའི་འདུ་ཤེས་ཆེན་པོ་ལྔ་བརྟན་པོ་འཛུགས་པ་དང་ལག་བསྟར་དོན་འཁྱོལ་བྱས་ཐོག ཞི་མཐུན་གོང་འཕེལ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་དང་། བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་བཅུ་དོན་འཁྱོལ་གཏིང་ཟབ་བྱེད་པ། “663”གྱི་ལས་ཀའི་བསམ་གཞི་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས་ངེས་ཤུགས་གཏན་འཁྱོངས་དང་། ནུས་ཤུགས་ཀུན་འདོན། གནད་འཕིགས་ཤུགས་འདོན་བཅས་ཀྱི་ཐོག་ནས་གཤམ་གསལ་ལས་འགན་གཙོ་བོ་ཁག་ལེགས་སྒྲུབ་ཡོང་བར་ཤུགས་རྒྱག་རྒྱུ་སྟེ།

    གཅིག  གསར་གཏོད་གོང་འཕེལ་གཏོང་རྒྱུ་རྒྱུན་འཁྱོངས་ཀྱིས་ནང་འཕེལ་སྒུལ་ཤུགས་ཆེ་རུ་གཏོང་རྒྱུ།

    དཔལ་འབྱོར་གོང་འཕེལ་འགྲོ་བའི་རྒྱུན་རྣམ་གསར་པ་དང་འཚམ་མཐུན་ཐུབ་པ་བྱས་ཏེ་གལ་ཆེའི་འཛམ་གླིང་ཡུལ་སྐོར་གྱི་དམིགས་ས་དང་།“ནུབ་གློག་ཤར་འཁྲིད”ཀྱི་སྦྲེལ་མཐུད་རྟེན་གཞི། འཐབ་ཇུས་ཐོན་ཁུངས་ཀྱི་གསོག་འཇོག་རྟེན་གཞི། ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་རྟེན་གཞི་བཅས་མགྱོགས་མྱུར་བསྐྲུན་རྒྱུ།

    རྣམ་གྲངས་ཀྱིས་སྐུལ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུ་ཕྱོགས་ཡོངས་ནས་མགྱོགས་སུ་བཏང་སྟེ་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་འཕར་མགྱོགས་པོ་ཡོང་བ་བྱས་ནས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་སྒོར་དུང་ཕྱུར་ཁྲི་1ཡན་ཟིན་ཐུབ་པ་བྱ་རྒྱུ། གྲོང་ཁྱེར་གྲོང་རྡལ་ཅན་གྱི་བར་སྟོང་ཁྱབ་བཀོད་ལ་དམིགས་ཏེ་ལྷ་ས་ནས་ཉིང་ཁྲི་དང་། གཞིས་རྩེ། ལྷོ་ཁ། ནག་ཆུ་བཅས་བར་གྱི་རྒྱལ་ལམ་དང་ཞིང་ཆེན་ལམ་རིམ་མཐོ་ཅན་དུ་འགྱུར་རྒྱུར་སྐུལ་སྤེལ་ཇེ་མགྱོགས་སུ་གཏོང་རྒྱུ་དང་། འགག་སྒོའི་གཞུང་ལམ་སྣུམ་ནག་ལམ་དུ་བསྒྱུར་རྒྱུ། རྫོང་ཁག་ཚང་མ་དང་ཤང་གྲོང་གཙོ་བོར་སྣུམ་ནག་ལམ་ཤར་གཏོང་ཐུབ་པ། སྲིད་འཛིན་གྲོང་ཚོ་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་པ་བཅས་བྱས་ནས“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་ཏུ་ལྗོངས་ཡོངས་ཀྱི་གཞུང་ལམ་ཐོག་འཁོར་རིགས་ཤར་གཏོང་ཐུབ་པའི་སྤྱིའི་ལམ་ཚད་སྤྱི་ལེ་ཁྲི་11ཟིན་པ་བྱ་རྒྱུ། ལྷ་ཉིང་ལྕགས་ལམ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུ་དང་། ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ། འགག་སྒོའི་ལྕགས་ལམ་འཛུགས་སྐྲུན་བྱ་རྒྱུའི་འཆར་འགོད་བཟོ་རྒྱུའི་ཐོག གསར་སྐྲུན་ལྕགས་ལམ་གྱི་ཇུས་འགོད་ཚད་གཞི་མཐོ་རུ་བཏང་ནས་ལྕགས་ལམ་གྱི་ལས་གཉེར་ལམ་ཚད་སྤྱི་ལེ་1300ཡན་ཟིན་པ་བྱ་རྒྱུ། ལྷ་སའི་གནམ་ཐང་གསར་པ་དང་སྤུ་ཧྲེང་གནམ་ཐང་གི་ས་འདེམས་སོགས་སྔོན་གྲབས་ལས་དོན་སྤེལ་མགྱོགས་སུ་གཏོང་རྒྱུ་དང་། སྤྱི་སྤྱོད་མཁའ་འགྲུལ་གོང་འཕེལ་ཇེ་མགྱོགས་སུ་བཏང་ནས་དམངས་སྤྱོད་མཁའ་འགྲུལ་གྱི་འགྲུལ་པ་དབོར་འདྲེན་བྱེད་ཚད་མི་ཐེངས་ཁྲི་700ལས་བརྒལ་ཐུབ་པ་བྱ་རྒྱུ། རྒྱ་ཚ་དང་དྭགས་པོའི་ཆུ་ཤུགས་གློག་ཁང་བསྐྲུན་ཟིན་པ་དང་། སོལ་བ་ལུང་དང་ཡེར་པ་གྲམ་ཐང་སོགས་ཀྱི་ཆུ་ཤུགས་གློག་ཁང་གི་གློག་གཏོང་འགོ་བཙུགས་ནས་གློག་འདོན་འཕྲུལ་ཤུགས་ཆན་ཝ་ཁྲི་460ཡན་ཟིན་པ་བྱ་རྒྱུ། ལྗོངས་ཡོངས་ཀྱི་གཅིག་གྱུར་གློག་དྲ་སྐྲུན་ཐུབ་པ་བྱས་ཏེ་རྫོང་གྲོང་ཡོངས་དང་ཤང་གྲོང་གཙོ་བོར་གློག་དྲ་ཨ་མ་ཁྱབ་ཐུབ་པ་བྱ་རྒྱུ། གོར་མོ་ནས་ལྷ་ས་བར་གྱི་རླངས་འདྲེན་མདོང་ལམ་འཛུགས་སྐྲུན་བྱ་རྒྱུ་དང་གོར་མོ་ནས་ལྷ་ས་བར་གྱི་སྣུམ་འདྲེན་མདོང་ལམ་བཟོ་བཅོས་རྒྱས་སྐྲུན་བྱ་རྒྱུ། ལ་ལྷོའི་ཆུ་བེད་ལྟེ་གནས་ལས་གཞི་ལེགས་སྒྲུབ་བྱ་རྒྱུ་དང་། ཤངས་ཆུ་དང་། རྫོང་ཐང་ཁ། རྩྭ་མདའ་སོགས་ཆུ་བེད་ཀྱི་གཙོ་གནད་ལས་གཞི་མགྱོགས་མྱུར་འཛུགས་སྐྲུན་བྱ་རྒྱུ། གཙོ་གནད་གྲོང་ཁྱེར་གྲོང་རྡལ་གྱི་འབྲུབ་འགོག་མ་ལག་འཛུཌ་སྐྲུན་བྱ་རྒྱུ། གནོད་མེད་འཐུང་ཆུའི་སྤུས་རིམ་སྲ་བརྟན་དང་མཐོར་གཏོང་ལས་གཞི་ལག་བསྟར་བྱས་ནས་རྫོང་གྲོང་ཡོངས་ལ་ཆུ་ཀ་ལ་མཁོ་འདོན་ཐུབ་པ་བྱ་རྒྱུ།

    ཁྲོམ་རས་སྐུལ་སྤེལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་གོང་འཕེལ་ཤུགས་ཆེ་བཏང་ནས་ཐོན་ལས་གསུམ་པོ་མཉམ་འགུལ་མཉམ་འདྲེས་ཐོག་ནས་གོང་འཕེལ་གཏོང་རྒྱུ། ཡུལ་སྐོར་ཐོན་ལས་མགྱོགས་མྱུར་གོང་འཕེལ་ཆེན་པོ་ཡོང་བ་བྱས་ཏེ“ཁྱད་ལྡན་དང་། རིམ་མཐོ། སྤུས་ལེགས”བཅས་མངོན་ཆེར་བཟུང་ནས་ཡུལ་སྐོར་ཕྱོགས་སྒྱུར་རིམ་སྤོར་གྱི་ལས་གཞི་ལག་བསྟར་བྱས་ཐོག ལེ་ལག་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་A3རིམ་པ་ཡན་གྱི་གནས་ལྗོངས་ཁུལ་དུ་རྩ་བའི་ཆར་སྣུམ་ནག་ལམ་བཟོ་ཐུབ་པ་དང་། ཡུལ་སྐོར་འགྲོ་ལམ་རྩེ་གྲ་དང་འགོག་མེད་ཡུལ་སྐོར་ཁུལ་བཏོད་ནས་སྤུས་ལེགས་ཕན་ཆེ་དང་ཞིབ་ལས་ཅན་གོང་འཕེལ་གཏོང་བའི་ལམ་དུ་བསྐྱོད་དེ“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་ཏུ་ཡུལ་སྐོར་བར་སྣེ་ལེན་བྱེད་ཚད་མི་ཐེངས་ཁྲི་3000ལས་བརྒལ་ཐུབ་པ་དང་། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་550ལས་བརྒལ་ཐུབ་པ་བྱ་རྒྱུ། ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོབ་ཁུལ་ཕྱོགས་ཡོངས་ནས་འཛུགས་སྐྱོང་བྱས་ཏེ་ཕུལ་བྱུང་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ་དང་། ཐང་ག་དང་། བོད་རུམ། འཁྲབ་སྟོན་སྒྱུ་རྩལ་སོགས་ཁྱད་ལྡན་རིག་གནས་ཐོན་ལས་གོང་འཕེལ་མགྱོགས་སུ་བཏང་ནས་རྒྱལ་ཁབ་རིམ་པའི་རིག་གནས་ཐོན་ལས་དཔེ་སྟོན་ཁུལ་དང་། བོད་ཆཱང་དབྱི་གསུམ་གྱི་རིག་གནས་ཐོན་ལས་བར་ཁྱམས་འཛུགས་རྒྱུར་སྐུལ་སྤེལ་གཏོང་རྒྱུ། རང་བྱུང་འཐུང་ཆུའི་ཐོན་ལས་གོང་འཕེལ་ཤུགས་ཆེ་བཏང་སྟེ“བོད་ཀྱི་ཆུ་བཟང”གི་རྒྱལ་སྤྱིའི་གྲགས་རྟགས་བཏོད་ནས་གཙོ་རྒྱུ་སྒྲིལ་བཅོས་བྱ་རྒྱུར་སྐུལ་སྤེལ་བཏང་སྟེ་རང་བྱུང་འཐུང་ཆུའི་ཐོན་འབོར་ཀྲོན་ཁྲི་500ཡན་ཟིན་པ་དང་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་400ཡན་ཟིན་པ་བྱ་རྒྱུ། བོད་ཤར་ལྷོའི“ཆུ་གསུམ”རྒྱུག་ཁུལ་དང་། ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་ཆུ་གློག་ཐོན་ཁུངས་གཙོ་གནད་དུ་གསར་སྤེལ་དང་། འོད་ཤུགས་གློག་འདོན་ཐོན་ལས་ཁུལ་གཅིག་སྡུད་འཛུགས་སྐྲུན་བྱས་ནས་ནུས་རྒྱུ་གཙང་མ་གཞི་ཁྱོན་ལྡན་པའི་ངང་ཕྱིར་འདྲེན་བྱ་རྒྱུ། ལྷ་སའི་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་། བོད་མཚོ་བཟོ་ལས་སྡེ་གླིང་མཐོར་འདེགས་གོང་འཕེལ་གཏོང་རྒྱུ། ཚྭ་མཚོའི་ཐོན་ཁུངས་རིམ་ལྡན་གསར་སྤེལ་དང་བེད་སྤྱོད་བྱ་རྒྱུ། ལྷ་སའི་ཟོག་འགྲེམས་ལྟེ་གནས་དང་། གཞིས་རྩེ་དང་། ནག་ཆུ། ཆབ་མདོ་བཅས་ཀྱི་ཁུལ་ཁོངས་རང་བཞིན་གྱི་ཟོག་འགྲེམས་ལྟེ་གནས་བསྐྲུན་རྒྱུ། འཕྲོད་སྦྱོར་བཟའ་བཅའ་བཏུང་བྱ་དང་། སྤྲོ་གསེང་ལུས་སྦྱོང་། ནད་གསོ་ལུས་གསོ་སོགས་ཀྱི་བདེ་ཐང་ཐོན་ལས་མགྱོགས་མྱུར་གོང་འཕེལ་གཏོང་རྒྱུ་དང་། བོད་སྨན་གྱི་ཚད་གཞིའི་མ་ལག་དང་ཞིབ་དཔྱད་ཚད་ལེན་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་བོད་ལུགས་གསོ་རིག་སྨན་ལས་ཀྱི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་20ཡན་བརྒལ་ཐུབ་པ་བྱ་རྒྱུ། སྤུས་ཚད་དང་། ཚོང་རྟགས། གྲགས་རྟགས་བཅས་ལེགས་སུ་གཏོང་རྒྱུའི་ལས་གཞི་སྤེལ་རྒྱུ། རྣམ་གསར་ཞིང་འབྲོག་ལས་ཀྱི་གཉེར་སྐྱོང་མ་ལག་བཙུགས་ཏེ་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་འཐུས་ལེགས་སུ་གཏོང་རྒྱུ། ཞིང་འབྲོག་ལས་ཐོན་ལས་ཅན་དུ་འགྱུར་རྒྱུའི་སྣེ་འདྲེན་ཁེ་ལས་རྒྱ་སྟོབས་ཆེ་རུ་གཏོང་རྒྱུ། དེང་རབས་ཞིང་འབྲོག་ལས་ཀྱི་དཔེ་སྟོན་ཁུལ་དང་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་དར་ཁུལ་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ཐོག ཚད་གཞི་མཐོ་བའི་ས་ཞིང་མུའུ་ཁྲི་200གསར་བཟོ་དང་། སོན་བཟང་མུའུ་ཁྲི་200ཁྱབ་གདལ། ཕྱུགས་རིགས་མགོ་གྲངས་ཁྲི་500ཡི་རྒྱུད་པ་བཟང་སྒྱུར། སྤུས་ལེགས་ཕྱུགས་རྩྭ་འདེབས་གསོའི་རྟེན་གཞི་མུའུ་ཁྲི་100བཟོ་བ། རང་བྱུང་རྩྭ་ཐང་མུའུ་ཁྲི་5000ལ་ལྕགས་ར་སྐོར་བ་བཅས་བྱ་རྒྱུ་དང་། འབྲུ་རིགས་དང་། སྔོ་ཚལ། དེ་བཞིན་ཤ་དང་དཀར་ཆུ་སོཌ་ཚང་མའི་ཐོན་འབོར་ཀྲོན་ཁྲི་100ཡན་ཟིན་པ་བྱ་རྒྱུ།

    གསར་གཏོད་ཀྱིས་འདེད་སྐུལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། “གཙོ་ཆེའི་ཚན་རྩལ་གསར་གཏོད་བྱེད་པའི་འཆར་གཞི”ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་དང་ཚན་རྩལ་ཁེ་ལས་གསོ་ཆས་སོགས་ཚན་རྩལ་ལས་སྟེགས་གལ་ཆེན་ཁག་10དང་། ཞིང་འབྲོག་ལས་ཀྱི་ཚན་རྩལ་འབྲས་བུ་དངོས་སྒྱུར་གྱི་དཔེ་སྟོན་རྟེན་གཞི་ཁག་10བསྐྲུན་རྒྱུ། ཤེས་བྱའི་བདག་དབང་སྲུང་སྐྱོབ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཚན་རྩལ་གྱི་འབྲས་བུ་མ་རྩ་དང་ཐོན་ལས་སུ་གང་མགྱོགས་བསྒྱུར་རྒྱུ། གསར་གཏོད་བྱ་གཞི་གོང་འཕེལ་གཏོང་རྒྱུར་སྐུལ་མ་བཏང་ནས་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱ་རྒྱུར་སྐུལ་སྤེལ་གཏོང་རྒྱུ། ཚན་རིག་ཁྱབ་གདལ་གྱི་རྟེན་གཞི་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་ཐོག ཚན་རྩལ་ཡར་ཐོན་གྱི་ལེགས་སྐྱེས་འབུལ་ཚད་45%དང་ཚན་རྩལ་ཁྱབ་གདལ་གཏོང་ཚད་95%ཟིན་པ་བྱ་རྒྱུ། རང་སྐྱོང་ལྗོངས་ཀྱི་གྲངས་གཞི་ལྟེ་གནས་འཛུགས་སྐྲུན་གང་མགྱོགས་བྱ་རྒྱུ། “དྲ་ཆེན་བོད་ལྗོངས”ལས་གཞི་ལག་བསྟར་བྱས་ཏེ་མཉམ་སྦྲེལ་དྲ་རྒྱའི་ཁྱབ་ཚད་དེ་85%ཡན་ཟིན་པ་བྱ་རྒྱུ། “མཉམ་སྦྲེལ་དྲ་རྒྱ་+”བྱ་སྤྱོད་འཆར་གཞི་དོན་འཁྱོལ་བྱས་ཏེ་ཆ་འཕྲིན་ཅན་དང་ཐོན་ལས་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་སྤེལ་གཏོང་རྒྱུ། ཆ་འཕྲིན་ཞིང་ཕན་མ་ལག་འཛུགས་སྐྲུན་བྱས་ནས་བོད་ཀྱི་ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་རྫས་ཀྱི“དྲ་ཐོག་མཁའ་ལམ”རྒྱ་སྐྱེད་ཤར་གཏོང་ཐུབ་པ་བྱ་རྒྱུ། བློ་རིག་གྲོང་ཁྱེར་འཛུགས་སྐྲུན་བྱ་རྒྱུར་སྐུལ་སྤེལ་གཏོང་རྒྱུ། “བརྒྱ་སྟོང་ཁྲི”ཡི་ཤེས་ལྡན་པའི་ལས་གཞི་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་ཁ་ཚ་དགོས་གཏུག་དང་། བང་རིམ་མཐོ་བ། རྩལ་ནུས་ཆེ་བ་བཅས་ཀྱི་ཤེས་ལྡན་པ་ནང་འདྲེན་བྱ་རྒྱུ་དང་། ཞིང་འབྲོག་ཁུལ་གྱི་གོ་ཆོད་ལག་རྩལ་ཤེས་ལྡན་པ་གསོ་སྐྱོང་གང་མགྱོགས་བྱ་རྒྱུ། ཆེད་ལས་ལག་རྩལ་མི་སྣའི་གོ་མིང་དཔྱད་འབེབས་བྱ་ཐབས་ལེགས་སུ་བཏང་ནས་ཤེས་ལྡན་པར་སྐུལ་ལྕག་དང་འགན་སྲུང་བྱེད་པའི་ལམ་ལུགས་གང་མགྱོགས་འཛུགས་རྒྱུ། རྣམ་གསར་རིག་མཛོད་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་རྒྱུ།

    དངུལ་རྩས་འདེགས་སྐུལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཀྲུང་དབྱང་གིས་བོད་ལ་གནང་བའི་དངུལ་རྩའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་ཁག་ཆ་ཚང་ཡག་པོ་སྤྱད་ཐོག དངུལ་རྩའི་མ་རྩ་དང་སྤྱི་ཚོགས་ཀྱི་མ་རྩ་དེ་བས་མང་བ་རྨང་གཞིའི་སྒྲིག་བཀོད་དང་། “ཞིང་གསུམ” དངོས་གཞིའི་དཔལ་འབྱོར་བཅས་ཀྱི་ཐོག་གཏོང་རྒྱུར་ཁྲིད་སྟོན་བྱ་རྒྱུ། སྣ་མང་ཅན་གྱི་དངུལ་རྩའི་ལས་སྒོ་ཚགས་ཚུད་དུ་བཏང་སྟེ་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་དངུལ་རྩའི་ཐོན་ཁུངས་འདོན་སྤྲོད་བྱེད་རྒྱ་ཆེ་རུ་གཏོང་རྒྱུ། དངུལ་རྩའི་ཐོན་རྫས་དང་ཞབས་ཞུ་གསར་གཏོད་བྱས་ཏེ་དེང་རབས་ཀྱི་འགན་བཅོལ་ཞབས་ཞུའི་ལས་རིགས་གོང་འཕེལ་བཏང་ཐོག བོད་ལྗོངས་གོང་འཕེལ་ཐེབས་རྩ་འཛུགས་རྒྱུ། ཡིད་རྟོན་མ་ལག་དང་། ཀུན་ཕན་དངུལ་རྩ། བང་རིམ་མང་བའི་མ་རྩའི་ཁྲོམ་ར་བཅས་འཛུཌ་རྒྱུར་ཤུཌ་སྣོན་བརྒྱབ་ནས་གཏོགས་ཁུལ་གྱི་ཡིད་རྟོན་དངུལ་བུན་གཏོང་སྤྲོད་བྱེད་ཤུཌ་ཆེ་རུ་བཏང་སྟེ་དངུལ་རྩའི་མཁོ་སྤྲོད་འགན་ལེན་བྱ་རྒྱུ།

    ཁོར་ཡུག་གིས་སྐུལ་འདེད་གཏོང་ཤུགས་ཆེ་རུ་གཏོང་རྒྱུ། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱ་རྒྱུར་སྐུལ་སྤེལ་ཇེ་མགྱོགས་སུ་བཏང་སྟེ་གོང་འཕེལ་གྱི་མངོན་མེད་ཁོར་ཡུག་ལེགས་སྒྱུར་ཟམ་མི་ཆད་པ་བྱ་རྒྱུ། “ལྷུག་གློད་ལྔ་དང་རྒྱབ་སྐྱོར་དྲུག”གི་སྲིད་ཇུས་དོན་འཁྱོལ་སྔར་ལས་ལྷག་པ་བྱས་ཏེ་མ་འཇོག་གི་ཁོར་ཡུག་ཕྱོགས་ཡོངས་ནས་ལེགས་སུ་བཏང་ཐོག སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ། དམིགས་འཁྲོལ་ལས་གཉེར་ཁྱབ་ཁོངས་ནང་སྤྱི་དབང་མིན་པའི་ལམ་ལུགས་ཁེ་ལས་འཛུལ་ཞུགས་བྱེད་པའི་ཞིབ་ཕྲའི་བྱ་ཐབས་གང་མགྱོགས་བཟོ་འདོན་བྱ་རྒྱུ། དམངས་ཁྲོད་ཀྱི་མ་འཇོག་ལོ་རེར་ཆ་སྙོམས་15%འཕར་བ་དང་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་གྱི་ཁྲོམ་ར་གཉེར་མཁན་ལོ་རེར་ཆ་སྙོམས་15%ཡན་འཕར་ཐུབ་པ་བྱ་རྒྱུ། སྲིད་འཛིན་དང་། ཁྲིམས་འཛིན། ཚོང་དོན། འབྱུང་ཁམས་བཅས་ཀྱི་སྒྲིག་སྲོལ་དང་། དེ་བཞིན་སྤྱི་ཚོགས་ཁྱབ་ཁོངས་ཀྱི་བསྒྱུར་བཅོས་ཁག་ལ་སྐུལ་སྤེལ་ཧུར་ཐག་གཏོང་རྒྱུ། ལོ་འཁོར་བརྒལ་བའི་སྔོན་རྩིས་དོ་སྙོམས་ལམ་སྲོལ་བཙུགས་ཏེ་ནོར་སྲིད་ཀྱི་གཏོང་སྒོའི་ལས་རྗེས་ལ་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་། དོན་དག་གཅོད་དབང་དང་གཏོང་སྒོའི་འགན་འཁྲི་ཕན་ཚུན་འཚམ་མཐུན་ཐུབ་པའི་སྤོ་སྒྱུར་གཏོང་སྤྲོད་ལམ་ལུགས་ཆ་ཚང་བཟོ་རྒྱུ། ལས་ཁྲལ་ནས་འཕར་ཁྲལ་དུ་སྒྱུར་རྒྱུར་ཕྱོགས་ཡོངས་ནས་སྐུལ་སྤེལ་བཏང་ཐོག རྒྱལ་ཁབ་དང་ས་གནས་ཀྱི་དཔྱ་ཁྲལ་བསྡུ་འདོམས་སྒྲིག་སྲོལ་བསྒྱུར་བཅོས་གཏིང་ཟབ་བྱ་རྒྱུ། མ་རྩར་དོ་དམ་བྱ་རྒྱུ་གཙོ་བོར་བྱེད་པའི་གཞུང་ཁོངས་རྒྱུ་ནོར་གྱི་ལྟ་སྐུལ་དོ་དམ་སྒྲིག་སྲོལ་བཙུགས་ནས་གཞུང་ཁོངས་མ་རྩར་དབང་སྐུར་གཉེར་སྐྱོང་བྱ་རྒྱུར་སྐུལ་སྤེལ་བཏང་སྟེ་གཞུང་ཁོངས་མ་རྩ་འཁོར་སྐྱོད་ཚད་ལྡན་ཐུབ་པ་བྱ་རྒྱུ། རང་སྐྱོང་ལྗོངས་ནས་དོ་དམ་བྱེད་པའི་གཞུང་ཁོངས་ཁེ་ལས་ལ་དབང་བའི་ལམ་ལུགས་མཉམ་འདྲེས་ཀྱི་བསྒྱུར་བཅོས་བྱ་རྒྱུར་སྐུལ་སྤེལ་ཤུགས་ཆེ་གཏོང་རྒྱུ།

    གཉིས། མཐུན་སྦྱོར་གོང་འཕེལ་གཏོང་རྒྱུ་རྒྱུན་འཁྱོངས་ཀྱིས་གྲུབ་ཆའི་ཁྱབ་བཀོད་ལེགས་སུ་གཏོང་རྒྱུ།

    གཞི་རྩའི་སྤྱི་པའི་ཞབས་ཞུ་སྙོམས་མཚུངས་གོང་འཕེལ་གཏོང་རྒྱུར་ཕྱོགས་ཡོངས་ནས་གཅིག་གྱུར་འཆར་འགོད་བྱས་ཏེ་ལེགས་ཆ་ཆེ་བའི་ཁུལ་ཁོངས་དཔལ་འབྱོར་སྔོན་ལ་གོང་འཕེལ་གཏོང་རྒྱུ་དང་ཉམས་ཞན་ཁུལ་ཁོངས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཐོག མ་འཇོག་གི་ཕན་འབྲས་སྔར་བས་ཆེ་རུ་བཏང་སྟེ་གོང་འཕེལ་གྱི་སྤུས་ཚད་ལེགས་སུ་ཟམ་མི་ཆད་པ་གཏོང་རྒྱུ།

    ཁུལ་ཁོངས་གོང་འཕེལ་གཏོང་རྒྱུར་གཅིག་གྱུར་འཆར་འགོད་བྱས་ནས་སྐུལ་སྤེལ་གཏོང་རྒྱུ། ལྷ་ས་ལྟེ་བར་བྱས་ཏེ་གཞིས་རྩེ་དང་། ལྷོ་ཁ། ཉིང་ཁྲི། ནག་ཆུ་བཅས་ལ་ཁྱབ་འགྱེད་བྱེད་པའི་ཆུ་ཚོད་3གྱི་དཔལ་འབྱོར་ཁུལ་ཧུར་ཐག་བསྐྲུན་རྒྱུ། ལྷ་ས་དེ་ཉིད་རྒྱལ་སྤྱིའི་ཡུལ་སྐོར་རིག་གནས་ཀྱི་གྲོང་ཁྱེར་ཞིག་དང་ཨེ་ཤེ་ཡ་ལྷོ་མར་སྒོ་མོ་འབྱེད་པའི་ལྟེ་བའི་གྲོང་ཁྱེར་ཞིག་ཏུ་འཛུགས་སྐྲུན་བྱ་རྒྱུ་དང་། གཞིས་རྩེ་དེ་ཉིད་ཨེ་ཤེ་ཡ་ལྷོ་མར་སྒོ་མོ་འབྱེད་པའི་ས་ཁུལ་མདུན་མ་དང་གལ་ཆེའི་ཚོང་དོན་ཟོག་འགྲེམས་ལྟེ་གནས་སུ་འཛུགས་སྐྲུན་བྱ་རྒྱུ། ལྷོ་ཁ་དེ་ཉིད་བོད་དབུས་གམ་གཙང་ནུས་རྒྱུའི་རྟེན་གཞིར་འཛུགས་སྐྲུན་བྱ་རྒྱུ། ཉིང་ཁྲི་དེ་ཉིད་རྒྱལ་སྤྱིའི་འབྱུང་ཁམས་ཡུལ་སྐོར་ཁུལ་དུ་འཛུགས་སྐྲུན་བྱ་རྒྱུ། ཆབ་མདོ་དེ་ཉིད་བོད་ཁྲོན་ཡུན་མཚོ་བཅས་ཞིང་ལྗོངས་བཞིའི་འབྲེལ་མཚམས་ཁུལ་ཁོངས་ཀྱི་དཔལ་འབྱོར་ལྟེ་གནས་དང“ནུབ་གློག་ཤར་འཁྲིད”གྱི་སྦྲེལ་མཐུད་རྟེན་གཞིར་འཛུགས་སྐྲུན་བྱ་རྒྱུ། ནག་ཆུ་དེ་ཉིད་ས་མཐོའི་འབྱུང་འཕྲོད་ཕྱུགས་ལས་རྟེན་གཞི་དང་བྱང་ཐང་བདག་མེད་སྲོག་ཆགས་ཀྱི་རྒྱལ་ཁབ་སྤྱི་གླིང་དུ་འཛུགས་སྐྲུན་བྱ་རྒྱུ། མངའ་རིས་དེ་ཉིད་གངས་ཏི་སེའི་རྒྱལ་སྤྱིའི་ཡུལ་སྐོར་མཉམ་ལས་ཁུལ་དུ་འཛུགས་སྐྲུན་བྱས་ནས་གནས་མཇལ་ཡུལ་སྐོར་གྱི་འགྲོ་ལམ་རྩེ་གྲ་ཞིག་གཏོད་རྒྱུ། མཐའ་མཚམས་ས་ཁུལ་དང་། ས་ཁད་མཐོ་ཞིང་གྲང་ངར་ཆེ་བའི་ས་ཁུལ་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། མཐའ་དར་དམངས་ཕྱུག་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་ཐོག མི་འབོར་ཅུང་ཉུང་བའི་མི་རིགས་གོང་འཕེལ་གཏོང་རྒྱུར་རོགས་སྐྱོར་བྱ་རྒྱུ།

    རྣམ་གསར་གྲོང་ཁྱེར་གྲོང་རྡལ་ཅན་དང་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱ་རྒྱུར་གཅིག་གྱུར་འཆར་འགོད་བྱས་ནས་སྐུལ་སྤེལ་གཏོང་རྒྱུ། མི་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་ཐོག གྲོང་ཁྱེར་གོང་འཕེལ་གཏོང་བའི་རྒྱུན་མཐུད་རང་བཞིན་དང་གནས་འཕྲོད་རང་བཞིན་ཆེ་རུ་གཏོང་རྒྱུར་ཤུགས་བརྒྱབ་སྟེ་ཐོན་སྐྱེད་བྱེད་གནས་ལེགས་བསྡུས་ནུས་ཆེ་དང་། འཚོ་སྡོད་བྱེད་གནས་བདེ་ལྡན་འཚམ་འཕྲོད། འབྱུང་ཁམས་ཡུལ་ཀླུངས་དྭངས་གཙང་སྔོ་ལྗང་བཅས་ཡོང་ཐུབ་པ་བྱ་རྒྱུ། འཆར་འགོད་སྔོན་འགྲོ་རྒྱུན་འཁྱོངས་ཀྱིས་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་སྣང་ཆེན་དང་ས་ཁོངས་ཀྱི་ཁྱད་ཆོས་མངོན་ཆེར་བཟུང་ནས་ས་གནས་དང་རྫོང་གི་སྲིད་འཛིན་ལྟེ་གནས་དང་། ཁྱད་ལྡན་གྲོང་རྡལ་ཆུང་གྲས། དེ་བཞིན་གཞུང་ལམ་གཙོ་རྐང་གནས་སའི་གྲོང་རྡལ་ཆུང་གྲས་དང་མཐའ་མཚམས་གྲོང་རྡལ་ཆུང་གྲས་བཅས་འཛུགས་སྐྲུན་བྱ་རྒྱུར་ཤུགས་བརྒྱབ་ཐོག གྲོང་ཁྱེར་གྲོང་རྡལ་གྱི་ཕྱོགས་བསྡུས་ཐེག་ནུས་དང་ཁུལ་ཁོངས་ཀྱི་ཁྱབ་འགྱེད་ནུས་པ་ཆེ་རུ་གཏོང་རྒྱུ། གྲོང་ཁྱེར་གྲོང་རྡལ་གྱི་གྲོང་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རྫོང་གྲོང་གཙོ་བོའི་ཆུ་འདོན་ཆུ་འགྲོ་དང་ཆུ་སྙིགས་གཙང་སེལ་སྒྲིག་བཀོད་འཛུགས་སྐྲུན་ཐུབ་པ་དང་། རྫོང་གྲོང་ཚང་མ་དང་། ཤང་གྲོང་གཙོ་བོ། ཡུལ་སྐོར་གནས་ལྗོངས་གཙོ་གནད་རིགས་བཅས་ལ་གད་སྙིགས་སྦས་ས་བཟོ་རྒྱུ་དང་། གྲོང་ཁུལ་རྙིང་པ་དང་སྡོད་ཁང་སྐྱོ་ཁུལ་བཟོ་བཅོས་རྒྱག་ཤུགས་ཆེ་རུ་གཏོང་རྒྱུ། གནས་སྡོད་ལག་ཁྱེར་བཟོ་བའི་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ཞིང་འབྲོག་ཁུལ་གྱི་མི་རྣམས་གྲོང་ཁྱེར་གྲོང་རྡལ་དུ་རུབ་འདུས་འོས་འཚམ་བྱ་རྒྱུར་བརྟན་པོའི་ངང་སྐུལ་སྤེལ་བཏང་སྟེ་གྲོང་རྡལ་ཅན་དུ་འགྱུར་ཚད་30%ཡན་ཟིན་པ་བྱ་རྒྱུ། “འཆར་མང་གཅིག་སྒྲིལ”བྱ་རྒྱུར་སྐུལ་སྤེལ་བཏང་ནས་གོང་འཕེལ་གྱི་འཆར་འགོད་དང་། རྨང་གཞིའི་སྒྲིག་བཀོད། གཞི་རྩའི་སྤྱི་པའི་ཞབས་ཞུ་བཅས་ཞིང་འབྲོག་ཁུལ་དུ་རྒྱ་སྐྱེད་ཐུབ་པ་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཧེ་བག་རིམ་བཞིན་ཆུང་དུ་གཏོང་རྒྱུ། “ཞིང་དུད་ལ་རིགས་བརྒྱད་བཟོ་ཁྲིད་བྱེད་པའི”ལས་གཞི་མུ་མཐུད་གཏིང་ཟབ་སྤེལ་ཏེ་གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་ཟམ་མི་ཆད་པར་ལེགས་སུ་བཏང་ཐོག སྲོལ་རྒྱུན་གྱི་གྲོང་སྡེ་དང་ཡུལ་མིའི་སྡོད་ཁང་། ལོ་རྒྱུས་དང་རིག་གནས་ཀྱི་གྲགས་ཅན་གྲོང་རྡལ་དང་གྲོང་ཚོ་བཅས་ལ་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ནས་མཛེས་སྡུག་ལྡན་ལ་འཚོ་སྡོད་འཕྲོད་པའི་གྲོང་གསེབ་འཛུགས་སྐྲུན་ཤུགས་ཆེ་བྱ་རྒྱུ།

    དཔལ་འབྱོར་འཛུགས་སྐྲུན་དང་རྒྱལ་སྲུང་འཛུགས་སྐྲུན་བྱ་རྒྱུར་གཅིག་གྱུར་འཆར་འགོད་བྱས་ནས་སྐུལ་སྤེལ་གཏོང་རྒྱུ། དམག་དམངས་མཉམ་འདྲེས་ཀྱིས་གོང་འཕེལ་གཏོང་བའི་འཐབ་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་རྒྱུ་དང་། གོང་འཕེལ་དང་བདེ་འཇགས་གཉིས་ཀར་ལྟ་རྟོག་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་རྒྱལ་སྲུང་འཛུགས་སྐྲུན་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་མ་ལག་ཁོངས་སུ་བཅུག་ཐོག འགྲིམ་འགྲུལ་དང་། ནུས་རྒྱུ། འཕྲིན་གཏོང་སོགས་གཙོ་ཆེའི་རྨང་གཞིའི་སྒྲིག་བཀོད་ཁྲོད་རྒྱལ་སྲུང་གི་མཁོ་དགོས་དོན་འཁྱོལ་བྱས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བཅད་སྲ་བརྟན་དུ་གཏོང་རྒྱུ། དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོ་རྒྱ་ཁྱབ་སྤེལ་ནས་རྒྱལ་སྲུང་སྐུལ་སློང་མ་ལག་ཚགས་ཚུད་དུ་གཏོང་རྒྱུ། མི་དམངས་མཁའ་ཟོན་གྱི་ལས་དོན་སྤེལ་རྒྱུར་ཤུགས་སྣོན་བརྒྱབ་ཐོག གྲ་སྒྲིག་དམག་ཞབས་དཔུང་སྡེ་འཛུགས་རྒྱུར་སྐུལ་སྤེལ་གཏོང་རྒྱུ། དམག་དམངས་མཉམ་སྐྲུན་དང“གཉིས་བཀུར”བྱེད་སྒོ་གཏིང་ཟབ་སྤེལ་ནས་དམག་སྲིད་དབར་དང་དམག་དམངས་དབར་གྱི་མཐུན་སྒྲིལ་སྲ་བརྟན་གོང་འཕེལ་གཏོང་རྒྱུ།

    གསུམ། འབྱུང་འཕྲོད་གོང་འཕེལ་གཏོང་རྒྱུ་རྒྱུན་འཁྱོངས་ཀྱིས་མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་རྒྱུ།

    འབྱུང་ཁམས་ལ་བརྟེན་ནས་བོད་དར་དང་འབྱུང་ཁམས་ལ་བརྟེན་ནས་དམངས་ཕྱུག་ཡོང་བ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཐོག སྲུང་སྐྱོབ་དང་གོང་འཕེལ་གལ་ཆེ་མཉམ་འཛིན་དང་། སྦགས་བཙོག་འགོག་བཅོས་དང་འབྱུང་ཁམས་སླར་གསོ་མཉམ་སྤེལ་བྱས་ཏེ་འབྱུང་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་བསྐྲུན་རྒྱུར་ཤུགས་རྒྱག་པ་དང་། འབྱུང་འཕྲོད་ལྡན་པའི་གོང་འཕེལ་གཏོང་སྟངས་དང་འཚོ་བ་སྐྱེལ་སྟངས་ཤིག་ཆགས་པ་བྱས་ཏེ་མི་དང་རང་བྱུང་ཁམས་ཞི་མཐུན་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུ།

    གཙོ་ནུས་ཐོན་ཁུལ་གྱི་འཐབ་ཇུས་ལག་བསྟར་བྱ་རྒྱུ། འབྱུང་ཁམས་སྲུང་སྐྱོབ་བྱེད་པའི་མཐའ་ཚད་ནན་སྲུང་གིས་དམར་ཐིག་ལས་མི་བརྒལ་ཞིང་མཐོ་གློག་ལ་རེག་ཐུག་མི་བྱེད་པ་དང་། རྒྱལ་ཁབ་ཀྱི་ས་ཆའི་བར་ཁམས་གསར་སྤེལ་ལེགས་སྒྱུར་བྱས་ནས་ཚན་རིག་དང་ལུགས་མཐུན་གྱི་ཐོན་སྐྱེད་དང་། འཚོ་བ། འབྱུང་ཁམས་བཅས་ཀྱི་འཁོར་རྒྱའི་ཁྱབ་བཀོད་ཆགས་པ་བྱ་རྒྱུ། གཙོ་ནུས་ཐོན་ཁུལ་གྱི་འཆར་འགོད་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་གཙོ་གནད་འབྱུང་ཁམས་ནུས་ཐོན་ཁུལ་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་། རང་བྱུང་སྲུང་སྐྱོབ་ཁུལ་རིགས་ཁག་བདག་སྐྱོང་བྱེད་སྟངས་ཚད་ལྡན་བཟོ་རྒྱུ། རྒྱལ་ཁབ་ཀྱི་གཙོ་གནད་འབྱུང་ཁམས་ནུས་ཐོན་ཁུལ་ལ་མ་དངུལ་སྒྱུར་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ནགས་ཚལ་འབྱུང་ཁམས་ཀྱི་ཕན་འབྲས་སྐྱོང་གསབ་དང་རྩྭ་ཐང་འབྱུང་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་རོགས་དངུལ་སྤྲོད་པའི་བྱ་དགའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། གཤེར་ས་དང་ཆུའི་འབྱུང་ཁམས་སྲུང་སྐྱོབ་བྱེད་པའི་ཁ་གསབ་རོགས་དངུལ་གྱི་བྱ་དགའི་ལམ་སྲོལ་མགྱོགས་མྱུར་བཟོ་རྒྱུ། འབྱུང་ཁམས་དཔལ་ཡོན་ལྡན་པའི་སྔོན་སྤེལ་དཔེ་སྟོན་ཁུལ་དང་རྒྱལ་ཁབ་སྤྱི་གླིང་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུ།

    འབྱུང་ཁམས་སྲུང་སྐྱོབ་དང་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ། བོད་ཀྱི་འབྱུང་ཁམས་བདེ་འཇགས་སྲུང་བཅད་སྲུང་སྐྱོབ་དང་འཛུགས་སྐྱོང་བྱེད་པའི་འཆར་འགོད་ལག་བསྟར་ཤུགས་ཆེ་བྱ་རྒྱུ། “གཙང་གཉིས་ཆུ་བཞིའི”རྒྱུད་ཀྱི་ནགས་བཟོ་སྔོ་འགྱུར་ལས་གཞི་ལག་བསྟར་ཏན་ཏིག་བྱས་ཐོག རང་བྱུང་ནགས་གླིང་དང་གཙོ་གནད་སྤྱི་ཕན་ནགས་གླིང་སྲུང་སྐྱོབ་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་། ནགས་སྦོལ་ཞིང་ཁ་ནགས་སུ་བསྒྱུར་བ་དང་། སྐྱས་སྤོས་རྩྭ་གསོ། རྩྭ་ར་འདེབས་པ་བཅས་བྱ་རྒྱུ། གཙང་པོའི་ཆུ་འགོའི་ཁུལ་དང་། འབྱུང་ཁམས་གཉོད་ཆུང་བའི་ཁུལ། ས་མཐོའི་མཚེའུ་དང་ཆུ་རྩ་གསོ་ཁུལ་གལ་ཆེན་བཅས་ཀྱི་འབྱུང་ཁམས་སྲུང་སྐྱོབ་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ། ས་ཆ་དང་། རྩྭ་ཐང་། ནགས་ཚལ་བཅས་བསྡུ་སྤྱོད་བྱ་རྒྱུར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། བེད་མེད་དུ་བསྐྱུར་བའི་གཏེར་ཁ་དང་གཤེར་སའི་འབྱུང་ཁམས་ཁོར་ཡུག་སླར་གསོ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཡར་ཀླུང་གཙང་པོའི་དཀྱིལ་རྒྱུད་ཀྱི་ས་ཆ་བྱེ་འགྱུར་དང་། བོད་ནུབ་བྱང་གི་ས་ཆ་ཐང་རྒོད་དུ་འགྱུར་བ། བོད་ཤར་ལྷོའི་ས་ཆུ་ཤོར་བ་དང་གཙང་ཆུ་རྒྱུག་ཁུལ་ཆུང་གྲས་བཅས་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱ་རྒྱུར་སྐུལ་སྤེལ་གཏོང་རྒྱུ།

    ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་དམིགས་ཚད་དོ་དམ་ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུ། གཏེར་རྫས་ཐོན་ཁུངས་རྩད་ཞིབ་གསར་སྤེལ་བྱེད་པར་རང་སྐྱོང་ལྗོངས་སྲིད་གཞུང་ནས“སྨྱུག་གཅིག་མའི”ཞིབ་མཆན་འགོད་པའི་ལམ་ལུགས་དང་ཁོར་ཡུག་སྲུང་སྐྱོབ་ཐད“སྤ་སེ་གཅིག་གིས་ཁྲུ་སློག་གཏོང་བའི”ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ“མཐོ་གསུམ”རྣམ་གྲངས་གཏན་འགོག་བྱ་རྒྱུ། འགོ་ཁྲིད་ལས་བྱེད་པར་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་དོ་དམ་ཐད་ལ་གནས་འཁྱུར་རྩིས་བཤེར་བྱེད་པའི་ལམ་ལུགས་བཟོ་རྒྱུ། ལྗོངས་ཡོངས་ཀྱི་ཁོར་ཡུག་ལ་ཚད་ལེན་ལྟ་ཞིབ་དང་ཁྲིམས་སྒྱུར་བྱེད་པའི་ཐད་ཀར་དོ་དམ་བྱ་རྒྱུ་དང་ས་གནས་དང་གྲོང་ཁྱེར་གྱི་ཁོར་ཡུག་སྲུང་སྐྱོབ་ཚན་པ་བསྒྱུར་བཅོས་བྱ་རྒྱུར་སྐུལ་སྤེལ་བཏང་ནས་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་པའི་བྱས་འབྲས་ལ་ཞིབ་དཔྱད་དང་སྐབས་བསྟུན་ལྟ་ཞིབ་ཚད་ལེན་བྱེད་པའི་ལམ་སྲོལ་འཛུགས་རྒྱུ། རླུང་ཁམས་ཆེན་པོ་དང་། ཆུ། ས་རྒྱུ་བཅས་ཀྱི་བཙོག་སྐྱོན་འགོག་བཅོས་བྱེད་པའི་འཆར་གཞི་དང་། བཟོ་ལས་ཀྱི་སྦགས་བཙོག་ཡོང་གཞིའི་འབུད་གཏོང་ཚད་ལོན་ཐུབ་པའི་འཆར་གཞི་ལག་བསྟར་གཏིང་ཟབ་བྱ་རྒྱུ། ནགས་ལས་དོ་དམ་ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན་དུ་སྐུལ་སྤེལ་བཏང་ནས་ནགས་ས་སྲུང་འཛིན་བྱེད་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུ། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ། འགྲིམ་འགྲུལ་གཞུང་ལམ་ཨ་མ་དང་། ཡུལ་སྐོར་གནས་ལྗོངས། གྲོང་ཚོ་དང་གྲོང་རྡལ་བཅས་ཀྱི་ཁོར་ར་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་རྒྱུ། ཚན་རིག་དང་མཐུན་པའི་སྒོ་ནས་རང་བྱུང་ཐོན་ཁུངས་བེད་སྤྱད་དེ་འབྱུང་ཁམས་དཔལ་འབྱོར་གོང་འཕེལ་ཤུགས་ཆེ་བཏང་ནས་འབྱུང་འཕྲོད་ཐཱན་ཉུང་གི་རྒྱུན་འཁོར་གོང་འཕེལ་ཡོང་བར་སྐུལ་སྤེལ་གཏོང་རྒྱུ། བཙོག་དངོས་གཙོ་བོ་དང་ཐཱན་འབུད་གཏོང་སྤྱི་འབོར་དང་། ཐོན་སྐྱེད་སྤྱིའི་རིན་ཐང་རྩིས་གཞིའི་ནུས་རྒྱུ་དང་ཆུའི་ཐོན་ཁུངས་ཀྱི་ཟད་འབོར་དེ་རྒྱལ་ཁབ་ནས་ཞིབ་གཏན་འཁེལ་བའི་ཁྱབ་ཁོངས་ནང་ཚོད་འཛིན་ཐུབ་པ་བྱས་ཐོག གྲོང་ཁྱེར་གྲོང་རྡལ་གྱི་ཁོར་ཡུག་དང་མཁའ་རླུང་གི་སྤུས་ཚད་ཡག་པོ་ཡོང་ཚད་95%ཡན་རྒྱུན་འཁྱོངས་ཐུབ་པ་བྱ་རྒྱུ།

    བཞི། སྒོ་དབྱེ་གོང་འཕེལ་གཏོང་རྒྱུ་རྒྱུན་འཁྱོངས་ཀྱིས་གཉིས་ཕན་མཉམ་ལས་གཏིང་ཟབ་བྱ་རྒྱུ།

    “རྒྱུད་གཅིག་ལམ་གཅིག”གི་འཐབ་ཇུས་ལ་དམ་པོར་དམིགས་ཏེ་བསྟུན་མཁས་དང་། སྒོ་དབྱེ། མཉམ་ལས་བཅས་བྱེད་པའི་སྲིད་ཇུས་མ་ལག་འཛུགས་རྒྱུ་དེ་འགག་གནད་སྒྲོལ་སར་བརྩིས་ཐོག ནང་ཁུལ་དུ་སྒོ་མོ་འབྱེད་རྒྱུ་གཙོ་གནད་དུ་བཟུང་ནས་ཨེ་ཤེ་ཡ་ལྷོ་མར་སྒོ་མོ་འབྱེད་པའི་བགྲོད་ལམ་གལ་ཆེན་ཞིག་མགྱོགས་མྱུར་བསྐྲུན་ཏེ་སྒོ་དབྱེ་རྣམ་པའི་དཔལ་འབྱོར་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ།

    ཕྱི་ནང་གཉིས་སུ་སྒོ་མོ་དབྱེ་རྒྱ་ཆེ་རུ་གཏོང་རྒྱུ། ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་དེ་རང་ལྗོངས་འདི་ཉིད་སྒོ་དབྱེའི་གོང་འཕེལ་གཏོང་བའི་སྒུལ་ཤུགས་གསར་པ་ཞིག་ཏུ་ཆགས་པ་བྱས་ཐོག རྒྱལ་སྤྱིར་བག་ཆགས་འཇོག་ཤུགས་དང་། རྒྱལ་ཡོངས་ལ་ཟེར་འགྱེད་བྱེད་ཤུགས། ཁུལ་ཁོངས་ལ་སྐུལ་ཁྲིད་བྱེད་ཤུགས་བཅས་ལྡན་པའི་སྤེལ་རེས་མཉམ་ལས་ཀྱི་ལས་སྟེགས་རྩེ་གྲ་ཞིག་ཏུ་བསྐྲུན་རྒྱུ། རྨང་གཞིའི་སྒྲིག་བཀོད་མཉམ་འབྲེལ་མཉམ་མཐུད་བྱ་རྒྱུར་སྐུལ་འདེད་བཏང་ནས་མཐའ་སྐོར་ཞིང་ལྗོངས་དང་གཞི་གཅིག་ཅན་ཆགས་རྒྱུར་སྐུལ་མ་གཏོང་རྒྱུ། བྷང་ཀྲུང་ཧིན་འབར་བཞིའི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་བྱེད་པའི་ནང་ཐེ་ཞུགས་ཧུར་ཐག་བྱ་རྒྱུ་དང་། ཧི་མ་ལ་ཡའི་རྒྱུད་ཀྱི་དཔལ་འབྱོར་མཉམ་ལས་ཁུལ་དང་སྐྱིད་རོང་གི་མཚམས་གྲོལ་དཔལ་འབྱོར་མཉམ་ལས་ཁུལ་འཛུགས་རྒྱུར་སྐུལ་སྤེལ་ཧུར་ཐག་གཏོང་རྒྱུ། ཕྱི་ཕྱོགས་ལ་སྒོ་མོ་དབྱེ་བའི་འགག་སྒོའི་ཁྱབ་བཀོད་ལེགས་སྒྱུར་བྱས་ཏེ་སྐྱིད་རོང་འགག་སྒོ་གཙོ་གནད་དུ་བཟུང་ནས་འཛུགས་སྐྲུན་བྱ་རྒྱུ་དང་། སྤུ་ཧྲེང་འགག་སྒོ་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུ། གྲོ་མོའི་འགག་སྒོ་སྒོ་དབྱེ་སླར་གསོ་བྱ་རྒྱུ། འདྲེན་ཐང་དང་རི་འོག་འགག་སྒོ་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུ། ཧི་མ་ལ་ཡའི་མཁའ་འགྲུལ་ཀུང་སིར་རོགས་སྐྱོར་བྱས་ནས་རྒྱལ་སྤྱིའི་མཁའ་ལམ་རྒྱ་སྐྱེད་གཏོང་རྒྱུ། གཟིགས་སྐྱོང་སྲིད་ཇུས་བཟོས་ནས་ཁེ་ལས་ཆེ་མོ་དང་ཚོགས་པ་ཆེ་མོའི་རིགས་བོད་དུ་དཔལ་འབྱོར་སྡེ་གཞི་གསར་འཛུགས་དང་མ་འཇོག་ལས་གཏོད་བྱེད་པར་ནང་འདྲེན་ཧུར་ཐག་བྱ་རྒྱུ།

    རོགས་སྐྱོར་དང་ལེན་ཞུ་བའི་ལས་དོན་ཡག་པོ་བསྒྲུབ་རྒྱུ། ག་སྦྱར་རོགས་སྐྱོར་གྱི་གཟིགས་སྐྱོང་སྲིད་ཇུས་བེད་སྤྱོད་གང་ལེགས་བྱས་ཏེ་དཔལ་འབྱོར་དང་། སློབ་གསོ། འཕྲོད་བསྟེན། ཚན་རྩལ། ལས་ཞུགས། ལས་བྱེད་ཤེས་ལྡན་པ་བཅས་ཐད་ཀྱི་བོད་སྐྱོར་དང་ལེན་ཞུ་བའི་ལས་དོན་ཡག་པོ་བསྒྲུབ་རྒྱུ། གནད་འཕིགས་བོད་སྐྱོར་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་བོད་སྐྱོར་མ་དངུལ་དང་རྣམ་གྲངས་གཅིག་གྱུར་འཆར་འགོད་བཟོས་ནས་གཙོ་གནད་དུ་དབུལ་སྒྲོལ་འགག་སྒྲོལ་བྱེད་པའི་ཐོག་འཕར་གཟིགས་བྱ་རྒྱུ། ཀྲུང་དབྱང་གི་བོད་སྐྱོར་ཁེ་ལས་དང་ག་སྦྱར་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་ཁེ་ལས་ཆེ་རིགས་ལྗོངས་ནང་ཁུལ་གྱི་ཁེ་ལས་དང་མ་རྩ་མཉམ་འཇོག་གིས་མཉམ་ལས་བྱ་རྒྱུར་སྐུལ་མ་གཏོང་རྒྱུ། ག་སྦྱར་རོགས་སྐྱོར་བྱེད་མཁན་ཞིང་ཆེན་གྲོང་ཁྱེར་དང་མཉམ་དུ་ཐོན་ལས་མཉམ་གཉེར་གྱི་དཔེ་སྟོན་སྡེ་གླིང་བསྐྲུན་རྒྱུ། ཕུལ་བྱུང་གི་བོད་སྐྱོར་ལས་བྱེད་པ་དང་ལག་རྩལ་མི་སྣ་ཡུན་རིང་བོད་དུ་ལས་ཀ་བྱེད་པར་སྡོད་རྒྱུའི་སྐུལ་ལྕག་གཏོང་རྒྱུ།

    ལྔ།   མཉམ་སྤྱོད་གོང་འཕེལ་གཏོང་རྒྱུ་རྒྱུན་འཁྱོངས་ཀྱིས་དམངས་འཚོ་ཕྱོགས་ཡོངས་ནས་ལེགས་བཅོས་བྱ་རྒྱུ།

    དམངས་འཚོ་སྔོན་སྤེལ་ཤུགས་ཆེ་བྱས་ཏེ་ཁ་ཞེ་གཉིས་མེད་དང་། བརྩེ་སེམས་ཟབ་མོ། ཇུས་བཟང་འདོན་པ་བཅས་བྱས་ཏེ་ལོ་རེར་དམངས་ཕན་གྱི“བྱ་བ་དངོས་བཅུ”ཡག་པོ་གཉེར་རྒྱུ་རྒྱུན་འཁྱོངས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཚོས་བསྒྱུར་བཅོས་དང་གོང་འཕེལ་གྱི་འབྲས་བུ་མཉམ་སྤྱོད་དེ་བས་ཡག་པོ་ཐུབ་པ་བྱ་རྒྱུ།

    དབུལ་སྒྲོལ་འགག་སྒྲོལ་མཐའ་གཅིག་ཏུ་བྱ་རྒྱུ། ལྗོངས་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་འཆར་འགོད་ལག་བསྟར་ཡག་པོ་བྱས་ཏེ་ཆེད་དམིགས་དང་། ལས་རིགས། སྤྱི་ཚོཌ། དངུལ་རྩ། བོད་སྐྱོར་བཅས“གནས་ལྔ་གཞི་གཅིག་འདུས”ཀྱི་དབུལ་སྐྱོར་བྱེད་སྟངས་འཐུས་སྒོ་ཚང་དུ་གཏོང་རྒྱུ། གནད་འཕིགས་དབུལ་སྐྱོར་བྱ་རྒྱུ་ཁྱབ་གདལ་གཏོང་བ་དང་། གནད་འཕིགས་དབུལ་སྐྱོར་ཆ་འཕྲིན་ཅན་གྱི་ལས་སྟེགས་བཟོ་རྒྱུ་དང་སྐབས་བསྟུན་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། དབུལ་སྐྱོར་བྱ་ཡུལ་དམིགས་བཀར་དབྱེ་འབྱེད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་དབུལ་སྐྱོར་བྱ་ཡུལ་གནད་འཕིགས་དང་། རྣམ་གྲངས་བཀོད་སྒྲིག་གནད་འཕིགས། མ་དངུལ་བེད་སྤྱོད་གནད་འཕིགས། བྱ་ཐབས་དུད་ཚང་ལ་དོན་འཁྱོལ་གནད་འཕིགས། གྲོང་ཚོར་གཞིགས་ནས་མི་སྣ་མངགས་གཏོང་གནད་འཕིགས། དབུལ་སྒྲོལ་ཕན་འབྲས་གནད་འཕིགས་བཅས་ཐུབ་པ་བྱ་རྒྱུ། ཐོན་སྐྱེད་གོང་འཕེལ་བཏང་ནས་ཁག་གཅིག་དབུལ་སྒྲོལ་ཐུབ་པ་དང་། ས་ཡུལ་གཞན་ལ་གནས་སྤོ་བྱས་ནས་ཁག་གཅིག་དབུལ་སྒྲོལ་ཐུབ་པ། འབྱུང་ཁམས་སྐྱོང་གསབ་བྱས་ནས་ཁག་གཅིག་དབུལ་སྒྲོལ་ཐུབ་པ། སློབ་གསོ་གོང་འཕེལ་བཏང་ནས་ཁག་གཅིག་དབུལ་སྒྲོལ་ཐུབ་པ། སྤྱི་ཚོགས་འགན་སྲུང་བྱས་ནས་ཐ་གྲས་ཁག་གཅིག་སྐྱོང་ཐུབ་པ་བཅས་བྱ་རྒྱུ། དབུལ་སྐྱོར་དབུལ་སྒྲོལ་གྱི་དམིགས་ཚད་དོ་དམ་འགན་འཁྲིའི་ལམ་ལུགས་ནན་པོ་ལག་བསྟར་བྱས་ཏེ་རང་སྐྱོང་ལྗོངས་ཀྱིས་སྤྱི་འགན་འཁུར་བ་དང་། ས་གནས་གྲོང་ཁྱེར་གྱིས་ཐད་སྡོམ། རྫོང་ཁག་གིས་དོན་འཁྱོལ། ཤང་གྲོང་གིས་ཆེད་གཉེར་བཅས་བྱེད་པའི་ལམ་སྲོལ་དང“ལས་ཀ་གྲོང་ཚོར་བྱེད་པ་དང་དབུལ་སྐྱོར་དུད་ཚང་དུ་འཁྱོལ་བའི”ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ།

    སྤྱི་ཚོགས་ལས་ཞུགས་བྱེད་རྒྱ་ཆེ་རུ་ཧུར་ཐག་གཏོང་རྒྱུ། དགེ་མཚན་ལྷག་པར་ཆེ་བའི་ལས་ཞུགས་སྲིད་ཇུས་ལག་ལེན་བསྟར་ཐོག ཁྲོམ་རས་ཕྱོགས་སྟོན་བྱས་ཏེ་སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་སྐུལ་སྤེལ་འཆར་གཞི་དང་སློབ་ཆེན་སློབ་མའི་བྱ་གཞག་གསར་གཏོད་ཀྱི་སྣེ་ཁྲིད་འཆར་གཞི་ལག་བསྟར་བྱས་ནས་ཁེ་ལས་དང་ནང་སར་ལས་ཞུགས་བྱེད་པ་དང་རང་བརྟེན་བྱ་གཞག་གཏོད་རྒྱུར་སྐུལ་མ་བཏང་སྟེ་ལོ་ལྔའི་ནང་གྲོང་ཁྱེར་གྲོང་རྡལ་གྱི་ལས་ཞུགས་གསར་པ་མི་ཁྲི་18ཟིན་ཐུབ་པ་བྱ་རྒྱུ། ལས་ཞུགས་ཀྱི་རོགས་སྐྱོར་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ཐོག སྤྱི་ཕན་རང་བཞིན་གྱི་ལས་གནས་བཟོ་འདོན་བྱ་རྒྱུ་ཚད་ལྡན་བཟོས་ཏེ་ལས་ཞུགས་ཐད་དཀའ་ངལ་ཡོད་པའི་མི་སྣ་ལས་ཞུགས་ཐུབ་པ་བྱ་རྒྱུ། ཞིང་འབྲོག་ལས་མིའི་ལས་རིགས་རྩལ་ནུས་ཆེ་རུ་གཏོང་རྒྱུའི་འཆར་གཞི་ལག་བསྟར་བྱས་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་རྒྱུ། ཆ་རྐྱེན་ཡོད་པའི་ཁྱིམ་ཚང་ནང་མ་མཐར་ཡང་མི་གཅིག་གིས་གོ་ཆོད་ལག་རྩལ་རེ་ཤེས་ཐུབ་པ་བྱས་ཏེ་ཞིང་འབྲོག་པ་ཁྲོམ་ར་ཅན་གྱི་ལས་ཞུགས་བྱེད་ནུས་རྒྱུན་མི་ཆད་པར་ཆེ་རུ་གཏོང་རྒྱུ། སྲིད་གཞུང་གི་མ་འཇོག་རྣམ་གྲངས་དང་། གཞུང་ཁོངས་ཁེ་ལས། ག་སྦྱར་རོགས་སྐྲུན་རྣམ་གྲངས་བཅས་ལ་ས་ཆ་དེ་གའི་ངལ་ནུས་གཞན་གྱི་སྔོན་དུ་ལས་ཞུགས་བྱེད་པར་བསྡུ་འཇུག་བྱས་ཏེ་ལོ་རེར་ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་མ་མི་ཐེངས་ཁྲི་96སྤོ་སྒྱུར་ཐུབ་པ་བྱ་རྒྱུ། ཞིང་འབྲོག་པ་ནང་སར་ལས་ཀ་བྱེད་པ་དང་ཚོང་རྒྱག་པར་འགྲོ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ།

    སློབ་གསོའི་སྤུས་ཚད་ལེགས་སུ་གཏོང་རྒྱུར་ཤུགས་རྒྱག་རྒྱུ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་། རྒྱལ་གཅེས་རིང་ལུགས། མི་རིགས་མཐུན་སྒྲིལ་ཡར་ཐོན་བཅས་ཀྱི་སློབ་གསོ་སྤེལ་རྒྱུར་ཤུགས་སྣོན་རྒྱག་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་ཞུགས་གོང་གི་སློབ་གསོར་གཏོང་ཆ་ཆེ་རུ་བཏང་ནས་སློབ་ཞུགས་གོང་གི་སློབ་གསོར་ན་འདྲེས་བྱིས་པ་ཞུགས་ཚད་80%ཟིན་པ་བྱ་རྒྱུ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་གསོ་ཁྱབ་གདལ་ཤུགས་ཆེ་གཏོང་བ་དང་མི་རིགས་ཁག་གི་སློབ་མ་འཛིན་གྲྭ་མཉམ་བསྲེས་ཐོག་སློབ་ཁྲིད་བྱ་རྒྱུར་སྐུལ་སྤེལ་བཏང་ནས་སྐད་གཉིས་སློབ་གསོ་ཁེབས་ཚད་100%ཟིན་ཐུབ་པ་བྱ་རྒྱུ། འགན་བབས་སློབ་གསོའི་སློབ་གྲྭ་ཚད་ལྡན་ཅན་དུ་གང་མགྱོགས་བསྐྲུན་ནས་རྩ་བའི་ཆར་རྫོང་ཁོངས་སྙོམས་མཚུངས་གོང་འཕེལ་ཡོང་བ་དང་འགན་བབས་སློབ་གསོ་སྲ་བརྟན་གཏོང་ཚད་95%ཟིན་པ་བྱ་རྒྱུ། མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་ན་འདྲེས་སློབ་གྲྭར་ཞུགས་ཚད་90%ཟིན་པ་བྱ་རྒྱུ། ངལ་ནུས་གསར་འཕར་རྣམས་ལ་ཆ་སྙོམས་སློབ་གསོ་ཐོབ་ཚད་ལོ་13ཡན་ཟིན་པ་བྱ་རྒྱུ། ས་གནས་གྲོང་ཁྱེར་ཁག་དང་ཆ་རྐྱེན་འཛོམས་པའི་རྫོང་ཁག་ལ་ཉུང་མཐར་ཡང་འབྲིང་རིམ་ལས་རིགས་སློབ་གྲྭ་རེ་གཙོ་གནད་དུ་ཡག་པོ་གཉེར་ནས་འབྲིང་རིམ་ལས་རིགས་སློབ་གསོ་དང་མཐོ་རིམ་སློབ་འབྲིང་དཀྱུས་མའི་བསྡུར་ཚད་སྤྱིའི་ཆར་འཚམ་པ་དང་མཐུན་སྦྱོར་ངང་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་རྒྱུ། ལས་ཞུགས་ཕྱོགས་སྟོན་དུ་བཟུང་ནས་སློབ་ཆེན་རིག་ཚན་གྱི་ཆེད་ལས་གྲུབ་ཆ་བཟོ་སྒྲིག་ལེགས་སྒྱུར་བྱས་ཐོག བཟོ་ཞིང་དང་གསོ་རིག་སོགས་ཀྱི་རིག་ཚན་ཆེད་ལས་དཀོན་རིགས་ཡག་པོ་གཉེར་རྒྱུ། ནང་སའི་བོད་ལྗོངས་འཛིན་གྲྭ་གཉེར་རྒྱུའི་གཞི་ཁྱོན་བརྟན་པོའི་ངང་རྒྱ་སྐྱེད་གཏོང་རྒྱུ། སྐད་གཉིས་དགེ་རྒན་ལ་སྦྱོང་བརྡར་སྤྲོས་ཤུགས་ཆེ་རུ་གཏོང་རྒྱུ། རྒྱང་འཁྲིད་སློབ་གསོ་གོང་འཕེལ་བཏང་ནས་གྲོང་ཁྱེར་གྲོང་གསེབ་དབར་དང་སློབ་གྲྭའི་དབར་དགེ་རྒན་སྤེལ་རེས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྤུས་ལེགས་སློབ་གསོའི་ཐོན་ཁུངས་དེ་ཞིང་འབྲོག་ཁུལ་དང་། མཐའ་མཚམས་ཐག་རིང་དང་དབུལ་ཕོངས་ས་ཁུལ་དུ་འཕར་གཟིགས་བྱ་རྒྱུ།

    བདེ་ཐང་གི་བོད་ལྗོངས་བསྐྲུན་རྒྱུར་སྐུལ་སྤེལ་ཤུགས་ཆེ་གཏོང་རྒྱུ། རྫོང་ཤང་གི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་གཞི་གཅིག་ཅན་དུ་གང་མགྱོགས་བསྐྲུན་རྒྱུ། ཁུལ་ཁོངས་ཀྱི་ལྟེ་གནས་སྨན་ཁང་ཚད་ལྡན་ཅན་དུ་འགྱུར་བ་བྱས་ནས་ལྗོངས་དང་ས་གནས་གྲོང་ཁྱེར་རིམ་གཉིས་ཀྱི་སྨན་ཁང་གི་ནད་ཐོག་གཙོ་གནད་ཆེད་ལས་ཚན་ཁག་འཛུགས་རྒྱུར་ཤུགས་སྣོན་རྒྱག་རྒྱུ། རིམ་དབྱེའི་བརྟག་བཅོས་རིམ་བཞིན་བྱ་རྒྱུ་དང་། སྐོར་སྐྱོད་སྨན་བཅོས་ཞབས་ཞུ་སྒྲུབ་ཤུགས་ཆེ་རུ་གཏོང་རྒྱུ། རྒྱང་བསྟེན་སྨན་བཅོས་གོང་འཕེལ་གཏོང་རྒྱུ། མིའི་བདེ་ཐང་ཆ་འཕྲིན་མ་ལག་ཚགས་ཚུད་བཟོ་རྒྱུ། གློ་བུར་དུ་ཐོན་པའི་ཚབས་ཆེའི་སྤྱི་པའི་འཕྲོད་བསྟེན་ དོན་རྐྱེན་འཕྲལ་སྡོམ་ཐག་གཅོད་བྱེད་ནུས་ཆེ་རུ་གཏོང་རྒྱུ། བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་གོང་འཕེལ་ཤུགས་ཆེ་བཏང་ཐོག རྫོང་རིམ་པའི་སྨན་རྩིས་ཁང་ལོགས་སུ་འཛུགས་རྒྱུ། གཞི་རིམ་དུ་བོད་ལུགས་དང་ཕྱི་ལུགས་ཀྱི་གསོ་རིག་ཟུང་འབྲེལ་བྱེད་པའི་སྨན་བཅོས་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་རྒྱུ། མི་སྟོང་རེར་དེབ་འཛིན་སྨན་པ་2.2ཁེབས་པ་བྱ་རྒྱུ། ས་མཐོར་ཐོན་རྟག་པའི་ནད་གཞི་ཕོག་མཁན་གྱི་སྨན་བཅོས་འགྲོ་གྲོན་དེ་སྨན་བཅོས་འགན་བཅོལ་ནས་གཏོང་སྤྲོད་དང་ཚོང་ལས་འགན་བཅོལ་ནས་གཏོང་འཇལ་བྱས་རྗེས་ད་དུང་དཀའ་ངལ་ཡོད་རིགས་ལ་ནོར་སྲིད་ནས་ཁ་གསབ་རོགས་དངུལ་སྤྲོད་རྒྱུ། བུད་མེད་དང་བྱིས་པའི་བྱ་གཞག་འཆར་འགོད་ལག་བསྟར་བྱ་རྒྱུར་སྐུལ་སྤེལ་གཏོང་རྒྱུ། བུད་མེད་དང་ཕྲུ་གུ་དམར་འབྱར་གྱི་འཕྲོད་སྦྱོར་དང་གཞི་རིམ་གྱི་སྐྱེ་གསོ་གཉིས་ལེགས་ཀྱི་ཞབས་ཞུའི་མ་ལག་འཐུས་ཚང་བཟོ་རྒྱུ། སྦྲུམ་མ་སྨན་ཁང་དུ་བསྡད་ནས་ཕྲུ་གུ་སྐྱེ་བསུ་བྱེད་ཚད་95%ཡན་ཟིན་པ་བྱ་རྒྱུ། སྦྲུམ་མ་དང་ཕྲུ་གུ་དམར་འབྱར་ཤི་ཚད་ཁག་སོ་སོར་ཁྲི་80/དང་ཁྲི་10 12‰ཆག་པ་བྱ་རྒྱུ། ཆ་སྙོམས་སྔོན་དཔག་ཚེ་ཚད་རིམ་བཞིན་ལོ་70ཡན་ཟིན་པའི་བརྩོན་ལེན་བྱ་རྒྱུ།

    སྤྱི་པའི་རིག་གནས་དར་སྤེལ་གཏོང་རྒྱུར་ཤུགས་སྣོན་རྒྱག་རྒྱུ། སྤྱི་པའི་རིག་གནས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུར་ནུས་ཤུགས་ཡོད་རྒུ་བཏོན་ཐོག དཔེ་མཛོད་ཁང་དང་། མང་ཚོགས་སྒྱུ་རྩལ་ཁང་། རྟེན་རྫས་བཤམས་སྟོན་ཁང་། རིག་གནས་ས་ཚུགས་བཅས“ཁང་གསུམ་ཚུགས་གཅིག”ཁེབས་ཚད་85%ཟིན་པ་བྱ་རྒྱུ། རང་སྐྱོང་ལྗོངས་གཞོན་ནུ་ལོ་ཆུང་བྱེད་སྒོའི་ལྟེ་གནས་དང་། རླུང་འཕྲིན་བརྙན་འཕྲིན་ལྟེ་གནས། བོད་ལྗོངས་ཟློས་གར་ཁང་ཆེན། བོད་ལུགས་གསོ་རིག་རྟེན་རྫས་བཤམས་སྟོན་ཁང་བཅས་བསྐྲུན་རྒྱུ་དང་། རང་སྐྱོང་ལྗོངས་རྟེན་རྫས་བཤམས་སྟོན་ཁང་བཟོ་བཅོས་རྒྱ་སྐྱེད་གཏོང་རྒྱུ། རླུང་འཕྲིན་བརྙན་འཕྲིན་ལེ་ཚན་ཁེབས་ཚད་དང་། ཕབ་སྒྱུར་སྒྲིག་བཟོ། མི་རིགས་ཀྱི་ཡི་གེའི་ཐོག་ནས་དཔེ་སྐྲུན་བྱེད་པ་བཅས་ཀྱི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་བཏང་ཐོག རླུང་འཕྲིན་བརྙན་འཕྲིན་མི་མགོར་ཕྱོགས་བསྡུས་ཁེབས་ཚད་99%ཟིན་པ་བྱ་རྒྱུ། རིག་གནས་སྒྱུ་རྩལ་རྩེར་སོན་གྱི་བརྩམས་ཆོས་གསར་རྩོམ་ལས་གཞི་ལག་བསྟར་ཤུགས་ཆེ་བྱ་རྒྱུ་དང་། བོད་སྐད་ཡིག་ཐོག་ནས་གཙོ་བོར་བྱས་པའི་གར་སྟེགས་སྒྱུ་རྩལ་དང་། དཔེ་སྐྲུན་དངོས་པོ། རླུང་འཕྲིན་བརྙན་འཕྲིན་ལེ་ཚན། དེ་བཞིན་གྲངས་འཛིན་རིག་གནས་ཐོན་ཁུངས་བཅས་བཟོ་འདོན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། རིག་གནས་དང་རང་བྱུང་ཤུལ་བཞག་སྲུང་སྐྱོབ་ལས་གཞི་ལག་བསྟར་བྱས་ཏེ་ཁྱད་ལྡན་རིག་གནས་དང་གཙོ་གནད་རིག་དངོས་སྲུང་སྐྱོབ་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག བོད་རིག་པ་བཅས་དར་རྒྱས་གོང་འཕེལ་གཏོང་རྒྱུ། དམངས་ཡོངས་ཀྱི་ལུས་སྦྱོང་ལུས་རྩལ་རྒྱ་ཁྱབ་ཏུ་སྤེལ་བ་དང་རྩལ་འགྲན་ལུས་རྩལ་གོང་འཕེལ་ཧུར་ཐག་གཏོང་རྒྱུ།

    སྤྱི་ཚོགས་འགན་སྲུང་གི་བདེ་འཇགས་དྲ་རྒྱ་བརྟན་པོ་བཟོ་རྒྱུ། དམངས་ཡོངས་འགན་བཅོལ་ནང་ཞུགས་པའི་ཐོ་འགོད་འཆར་གཞི་ལག་བསྟར་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིར་ཁེབས་པའི་སྤྱི་ཚོགས་འགན་བཅོལ་མ་ལག་དང་སྤྱི་ཚོགས་རོགས་སྐྱོབ་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ། ལས་ཁུངས་དང་བྱ་གཞག་ཚན་པའི་རྒན་གསོའི་འགན་བཅོལ་ལམ་ལུགས་བསྒྱུར་བཅོས་ཏན་ཏིག་བྱས་ཐོག གྲོང་ཁྱེར་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། གཞི་རྩའི་སྤྱི་ཚོགས་འགན་བཅོལ་ཁེབས་ཚད་95%ཡན་ལ་གནས་ཐུབ་པ་བྱ་རྒྱུ། “འགན་འཕྲིན་ལས་གཞི”ལེགས་སྒྲུབ་བྱ་རྒྱུ། ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་དང་གྲོང་ཁྱེར་གྲོང་རྡལ་གྱི་ཡུལ་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་སྒྲིལ་བཅོས་བྱས་ཏེ་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་གཅིག་གྱུར་འཆར་འགོད་བྱེད་པའི་བང་རིམ་མཐོ་རུ་གཏོང་རྒྱུ། ཚོང་ལས་ཀྱི་སྨན་བཅོས་འགན་བཅོལ་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ། གྲོང་ཁྱེར་གྲོང་གསེབ་ཀྱི་ཡུལ་མིའི་མ་མཐའི་འཚོ་བ་འགན་སྲུང་དང་ཞིང་འབྲོག་ཁུལ་གྱི་འགན་ལེན་ལྔའི་འཚོ་སྐྱོང་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ཐོག སྲིད་གཞུང་ནས་ཁ་གསབ་རོགས་དངུལ་སྤྲོད་པའི་ཚད་གཞི་རིམ་བཞིན་མཐོ་རུ་གཏོང་རྒྱུ། སྤྱི་ཚོགས་རྒན་གསོ་དང་། སྡེ་ཁུལ་ཞབས་ཞུ། དབང་སྐྱོན་ཞབས་ཞུ་བཅས་ཀྱི་མ་ལག་དང་བྱིས་པའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ། ས་ཞིང་བསྡུས་པའི་ཞིང་འབྲོག་པའི་བཀོད་སྒྲིག་ཁུལ་ཆུང་དུ་ཁྲལ་བསྡུ་རྩ་ཆག་གཏོང་རྒྱུ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་བོགས་གཏོང་སྡོད་ཁང་གི་ཁ་གསབ་མཐོ་རུ་གཏོང་རྒྱུ། སྤྱི་པའི་བོགས་གཏོང་སྡོད་ཁང་དང་ལས་བྱེད་ལས་བཟོའི་ལས་ཤག་གསར་རྒྱག་དང་ཉམས་གསོ་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ། གྲོང་གསེབ་ཀྱི་ཁང་གོག་ཉེན་ཆེའི་རིགས་བསྒྱུར་བཀོད་བྱེད་པའི་ལས་གྲྭ་ལག་བསྟར་བྱ་རྒྱུ། གནམ་གཤིས་དང་། ས་གཤིས། ས་ཡོམ་བཅས་ཀྱི་གནོད་འཚེ་བརྟག་ཞིབ་ཚད་ལེན་དང་བརྡ་གཏོང་འགོག་སྲུང་བྱེད་པའི་ནུས་པ་ཆེ་རུ་གཏོང་རྒྱུ་དང་། མཁའ་ལམ་འཕྲལ་སྡོམ་རོགས་སྐྱོབ་ནུས་པ་ཆེ་རུ་བཏང་ནས་གནོད་འགོག་དང་གནོད་འཚེ་ཉུང་གཏོང་གི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ།

    དྲུག   ཞི་མཐུན་གོང་འཕེལ་གཏོང་རྒྱུ་རྒྱུན་འཁྱོངས་ཀྱིས་རྒྱུན་མཐུད་དང་། ཡུན་རིང་། ཕྱོགས་ཡོངས་བཅས་ཀྱི་བརྟན་ལྷིང་ཡོང་བ་བྱ་རྒྱུ།

    བོད་ཀྱི་ལས་ཀའི་དམིགས་ས་དང་ཤུགས་རྒྱག་སར་དམ་པོར་དམིགས་ཏེ་བོད་ཀྱི་འགལ་བ་གཙོ་བོ་དང་དམིགས་བསལ་འགལ་བ་སྟངས་འཛིན་ཡང་དག་བྱས་ཐོག བརྟན་ལྷིང་སྲུང་སྐྱོང་བྱ་ཐབས་ཁག་བཅུ་དོན་འཁྱོལ་གཏིང་ཟབ་དང་སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་བྱས་ཏེ་མེས་རྒྱལ་གོང་བུ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་བཅས་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་གོང་འཕེལ་མྱུར་པོ་འགྲོ་བ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་གཏོང་རྒྱུ།

    མི་རིགས་མཐུན་སྒྲིལ་སྲ་བརྟན་དང་གོང་འཕེལ་གཏོང་རྒྱུ། ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་གི་འགྲོ་ལམ་ཐོག་བསྐྱོད་ནས་མི་རིགས་ཁག་གི་མི་དམངས་རྣམས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱ་རྒྱུར་སྐུལ་འདེད་བཏང་ཐོག མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་ཁུལ་གཏོད་རྒྱུ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་དང་གསར་གཏོད་བྱེད་སྒོ་རྒྱ་ཆེར་སྤེལ་ནས“མོས་སེམས་ལྔ”དང“ཁ་འབྲལ་ཐབས་མེད་པ་གསུམ”དེ་དག་སློབ་གྲྭ་དང་། དགོན་སྡེ། གྲོང་གསེབ། སྡེ་ཁུལ། ཁེ་ལས། ལས་ཁུངས། དམག་སྒར་བཅས་ལ་སྤེལ་རྒྱུར་སྐུལ་འདེད་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་གཏོང་རྒྱུ།

    ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱ་རྒྱུ། ཏང་གི་ཆོས་ལུགས་ལས་ཀའི་གཞི་རྩའི་མཛད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱ་རྒྱུ་དང་། ཆོས་ལུགས་བྱ་བར་ཁྲིམས་ལྟར་དོ་དམ་བྱས་ཐོག དགོན་སྡེའི་དོ་དམ་བྱེད་སྟངས་གསར་གཏོད་བྱས་པའི་འབྲས་བུ་སྲ་བརྟན་དུ་བཏང་ནས་ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་ཡོང་བར་སྐུལ་འདེད་སྔར་ལས་ལྷག་པ་གཏོང་རྒྱུ། དགོན་པ་དང་གྲྭ་བཙུན་ལ་ཕན་པའི་སྲིད་ཇུས་དོན་འཁྱོལ་བྱས་ནས་དགོན་སྡེའི་སྤྱི་པའི་ཞབས་ཞུ་འཐུས་སྒོ་ཚང་དུ་གཏོང་རྒྱུ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་བོད་བརྒྱུད་ནང་བསྟན་གྱི་འདུལ་ཁྲིམས་དང་བསྟན་དོན་ལ་འཆད་འགྲེལ་བྱ་རྒྱུར་ཁྲིད་སྟོན་བྱས་ཐོག ཞི་མཐུན་སྤྱི་ཚོགས་འཛུགས་སྐྱོང་ཁྲོད་དུ་བོད་བརྒྱུད་ནང་བསྟན་གྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུ། ཆོས་ལུགས་ལ་ཁ་གཡར་ནས་ཁ་ཕྲལ་དང་གཏོར་བཤིག་གཏོང་བའི་བྱེད་སྤྱོད་སྤེལ་རིགས་ལ་ཁྲིམས་བཞིན་རྡུང་རྡེག་གཏོང་རྒྱུ། སློབ་གསོ་ཁྲིད་སྟོན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རྒྱ་ཆེའི་གྲྭ་བཙུན་གྱི་ཀྲུང་ཧྭ་མི་རིགས་ཀྱི་འདུ་ཤེས་དང་། རྒྱལ་ཁབ་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས། སྤྱི་དམངས་ཀྱི་འདུ་ཤེས་བཅས་ཟབ་ཏུ་ཏན་ཏིག་གཏོང་རྒྱུ། 

    སྤྱི་ཚོགས་བཅོས་སྐྱོང་གི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་རྒྱུ། ཁྲིམས་བཞིན་བཅོས་སྐྱོང་དང་། རང་འགུལ་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་བཅས་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་སྲིད་ཇུས་དང་ཁྲིམས་སྲོལ་མ་ལག་འཐུས་སྒོ་ཚང་དུ་བཏང་ཐོག ཏང་སྲིད་དམག་ཉེན་དམངས་བཅས་ཀྱིས་མཉམ་འགོག་མཉམ་འཛིན་བྱེད་པའི་ལས་ཀའི་ལམ་སྲོལ་ཚགས་ཚུད་བཟོ་རྒྱུ། ཏཱ་ལའི་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ལ་འཐབ་རྩོད་བྱེད་པའི་མཛད་ཕྱོགས་གཡོ་འགུལ་མི་གཏོང་བར་མཐའ་འཁྱོངས་བྱས་ཐོག ཁ་ཕྲལ་དང་གཏོར་བཤིག་གི་བྱེད་སྤྱོད་སྣ་ཚོགས་ལ་དོགས་ཟོན་ནན་པོ་དང་རྡུང་རྡེག་ཚ་ནན་གཏོང་རྒྱུ། ལས་བྱེད་པ་གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་བྱེད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་ལ་དྲ་མིག་ཅན་གྱི་དོ་དམ་བྱེད་པ། སྔོན་ཐོན་གཉིས་ལྡན་དུད་སྦྲེལ་གསར་གཏོད་བྱེད་པ་སོགས་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་བཅུ་མུ་མཐུད་གཏིང་ཟབ་ཏུ་གཏོང་རྒྱུ། འགལ་ཟླ་འདུམ་སེལ་བྱེད་སྟངས་སྣ་མང་སྤྱོད་པའི་ལམ་སྲོལ་འཛུགས་པ་དང་ཚགས་ཚུད་དུ་གཏོང་རྒྱུ་དང་། ཕྱོགས་འགྲུལ་མི་སྣར་ཞབས་ཞུ་དང་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ། ཕྱོགས་མཐའ་ཀུན་འཛོམས་ཀྱི་སྤྱི་ཚོགས་བདེ་འཇགས་བཅོས་སྐྱོང་མ་ལག་གསར་གཏོད་དང་འཐུས་སྒོ་ཚང་དུ་བཏང་ནས་སྤྱི་པའི་བདེ་འཇགས་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཏང་སྲིད་འགན་འཁྲི་མཉམ་འཁུར་དང་། གནས་གཅིག་འགན་གཉིས་འཁུར་བ། ལས་འཛོལ་འགན་འདེད་གཏོང་བ་བཅས་བྱས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱ་རྒྱུ། བཟའ་བཅའ་དང་སྨན་རྫས་ལ་ལྟ་འདོམས་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་། རྒྱ་ལམ་འགྲིམ་འགྲུལ་དང་། མེ་ཟོན་བདེ་འཇགས། ནགས་ཚལ་མེ་སྐྱོན་སྔོན་འགོག དམིགས་བསལ་སྒྲིག་ཆས་སོགས་གཙོ་གནད་ཁྱབ་ཁོངས་ལ་ལྟ་སྐུལ་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོབ་བྱ་རྒྱུ།

    2016ལོའི་གཙོ་གནད་ལས་ཀ

    2016ལོ་ནི“ལོ་ལྔ་ཚན་བཅུ་གསུམ་པ”འགོ་ཚུགས་པའི་ལོ་ཞིག་ཡིན་ཞིང་། གོམ་པ་ཡག་པོ་སྤོ་རྒྱུ་དང་འགོ་ཡག་པོ་རྩོམ་རྒྱུ་དེས“ལོ་ལྔ་ཚན་བཅུ་གསུམ་པའི”དམིགས་ཚད་ལས་འགན་ཁག་ཕྱོགས་ཡོངས་ནས་ལེགས་འགྲུབ་ཡོང་བ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།

    དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་སྔོན་དཔག་དམིགས་ཚད་གཙོ་བོ་ནི། ས་གནས་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་10%ཡན་འཕར་བ་བྱ་རྒྱུ་དང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་20%འཕར་བ་བྱ་རྒྱུ། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་ཟོག་སིལ་འཚོང་སྤྱི་འབོར་13%ཡན་འཕར་བ་བྱ་རྒྱུ། སྤྱི་པའི་ནོར་སྲིད་ཀྱི་སྔོན་རྩིས་ཡོང་འབབ་15%འཕར་བ་བྱ་རྒྱུ། གྲོང་ཁྱེར་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་10%འཕར་བ་བྱ་རྒྱུ། གྲོང་གསེབ་ཡུལ་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་13%འཕར་བ་བྱ་རྒྱུ། གྲོང་ཁྱེར་གྲོང་རྡལ་གྱི་ལས་ཤོར་ཐོ་ལ་འཁོད་ཚད་3%ནང་ཚུན་དུ་ཚོད་འཛིན་བྱ་རྒྱུ་བཅས་ཡིན།

    གཅིག    རྨང་གཞིའི་སྒྲིག་འགོད་འཛུགས་སྐྲུན་ལ་དམ་འཛིན་ལྷོད་མེད་བྱ་རྒྱུ།

    ཀྲུང་དབྱང་གི་མ་འཇོག་སྒོར་དུང་ཕྱུར་500ཡན་དོན་འཁྱོལ་ཐུབ་པ་བྱ་རྒྱུ་དང་། སྤྱི་ཚོགས་ནས་མ་རྩ་འཇོག་པར་སྐུལ་སྤེལ་ཤུགས་ཆེན་བཏང་སྟེ་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་སྒོར་དུང་ཕྱུར་1600ཡན་ལེགས་འགྲུབ་ཐུབ་པ་བྱ་རྒྱུ། གཞུང་ལམ་གྱི་འཛུགས་སྐྲུན་རྣམ་གྲངས་ཆེ་རིགས་ཁག་12གཉེར་རྒྱུ་ཡིན་ཞིང་། ལྷོ་ཁའི་གོང་དཀར་ནས་རྩེད་ཐང་བར་དང་། གཞིས་རྩེའི་བསམ་གྲུབ་རྩེ་ཆུད་ནས་ཞི་བདེ་གནམ་ཐང་བར། ཆབ་མདོའི་ཁ་རུབ་ཆུད་ནས་ལྕགས་ཁ་བར་བཅས་ཀྱི་རིམ་མཐོའི་གཞུང་ལམ་སྐྲུན་འགོ་འཛུགས་རྒྱུ་དང་། ལྷ་ཉིང་རིམ་མཐོའི་གཞུང་ལམ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུ། ལྷ་སའི་གྲོང་སྐོར་གཞུང་ལམ་བསྐྲུན་ཟིན་པ་བྱ་རྒྱུ། ལྷ་ས་ནས་ནག་ཆུ་བར་གྱི་རིམ་མཐོའི་གཞུང་ལམ་བཟོ་རྒྱུའི་སྔོན་གྲབས་ལས་དོན་སྤེལ་རྒྱུ། ལྷ་ཉིང་ལྕགས་ལམ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ། མཚོ་བོད་ལྕགས་ལམ་གོར་མོ་ནས་ལྷ་སའི་དུམ་བུའི་བྱེད་ནུས་རྒྱ་སྐྱེད་ལས་གྲྭ་བསྐྲུན་རྒྱུ། ཁྲོན་བོད་ལྕགས་ལམ་དར་རྩེ་མདོ་ནས་ཉིང་ཁྲི་བར་གྱི་དུམ་བུ་དང་། མཚོ་བོད་ལྕགས་ལམ་གཞིས་རྩེ་ནས་སྐྱིད་རོང་བར་གྱི་དུམ་བུ། ཡུན་བོད་ལྕགས་ལམ་སེམས་ཀྱི་ཉི་ཟླ་ནས་སྤོ་མེས་བར་གྱི་དུམ་བུ། ནག་ཆབ་ལྕགས་ལམ་ནག་ཆུ་ནས་ཆབ་མདོ་བར་གྱི་དུམ་བུ་བཅས་ཀྱི་སྔོན་གྲབས་ཞིབ་འཇུག་ལས་འགོ་འཛུགས་རྒྱུ། གོང་དཀར་དང་། སྨན་གླིང་། སྤང་མདའ་བཅས་ཀྱི་གནམ་ཐང་སྒྱུར་བཀོད་རྒྱ་སྐྱེད་ལས་གྲྭ་སྤེལ་མགྱོགས་སུ་གཏོང་རྒྱུ། གོ་དོག་གློག་ཁང་གི་འཕྲུལ་ཚན་ཆ་ཚང་བསྐྲུན་ཟིན་ནས་གློག་གཏོང་ཐུབ་པ་བྱ་རྒྱུ་དང་། སོལ་བ་ལུང་ཆུ་ཤུགས་གློག་ཁང་དང་། བོད་དབུས་རྒྱུད་གློག་དྲ། ཆབ་མདོའི་གློག་དྲ་བཅས་ཀྱི་དྲ་སྦྲེལ་ལས་གྲྭ་སྐྲུན་འགོ་འཛུགས་རྒྱུ། རྒྱལ་མོ་རྔུལ་ཆུའི་སྟོད་རྒྱུད་དང་ཡར་ཀླུང་གཙང་པོའི་སྨད་རྒྱུད་ཀྱི་ཆུ་གློག་འཆར་འགོད་གང་མགྱོགས་བཟོ་རྒྱུ། ཤངས་ཆུའི་ཆུ་བེད་ལྟེ་བའི་ལས་གྲྭ་སྐྲུན་འགོ་འཛུགས་རྒྱུ། ས་གནས་དང་གྲོང་ཁྱེར་བདུན་གྱི་སྦྲག་སྲིད་མྱུར་སྐྱེལ་ཟོག་འགྲེམས་ལྟེ་གནས་འཛུགས་སྐྲུན་བྱ་རྒྱུ། ནག་ཆུ་གྲོང་རྡལ་དང་སེང་གེ་ཁ་འབབ་གྲོང་རྡལ་གྱི་དྲོད་གཏོང་ལས་གྲྭ་ལེགས་འགྲུབ་ཐུབ་པ་བྱ་རྒྱུ། “4·25”ས་ཡོམ་གནོད་འཚེ་ཕོག་རྗེས་ཀྱི་སླར་བཟོ་བསྐྱར་སྐྲུན་ཏན་ཏིག་བྱ་རྒྱུ།

    གཉིས། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་ཀར་དམ་འཛིན་ལྷོད་མེད་བྱ་རྒྱུ།

    གནད་འཕིགས་དབུལ་སྐྱོར་དང་གནད་འཕིགས་དབུལ་སྒྲོལ་འགག་སྒྲོལ་བྱེད་པའི་ལག་བསྟར་ཇུས་གཞི་བཏོན་ནས་དམིགས་ཚད་དང་། འགན་འཁྲི། ལས་འགན་བཅས་ཁ་གསལ་བཟོས་ཐོག རིམ་པ་སྟར་ཆགས་ཀྱི་འགན་ཡིག་བཞག་སྟེ་ཞིབ་དཔྱད་ཀྱི་བྱ་དགའ་ཆད་གཅོད་ལམ་ལུགས་ནན་པོ་ལག་བསྟར་བྱ་རྒྱུ། མ་དངུལ་སྒོར་དུང་ཕྱུར་85གཏོང་རྒྱུ་དང་། དེའི་ནང་ནས་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར་24བཏང་སྟེ་མི་ཁྲི་12.97གནད་འཕིགས་དབུལ་སྒྲོལ་ཐུབ་པ་དང་དབུལ་སྐྱོར་གནས་སྤོ་མི་ཁྲི་2.5བྱ་རྒྱུ། དབུལ་སྐྱོར་གསར་སྤེལ་ཀུང་སི་བཙུགས་ཏེ་དབུལ་ཕོངས་ས་ཁུལ་གྱི་སྤྱི་པའི་སྤྱི་ཕན་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུ་དང་། དབུལ་པོའི་ཞིང་འབྲོག་པ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱེད་པའི་ས་མཐོའི་ཁྱད་ལྡན་ཐོན་ལས་རྣམ་གྲངས་གོང་འཕེལ་ཤུགས་ཆེན་གཏོང་རྒྱུ། དབུལ་པོའི་ཞིང་འབྲོག་པར་སྦྱོང་བརྡར་སྤྲས་ནས་སྤོ་སྒྱུར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཆ་རྐྱེན་དང་འཚམ་པའི་དབུལ་པོ་ཚང་མ་སྤྱི་ཚོགས་འགན་སྲུང་གི་ཁྱབ་ཁོངས་ནང་འཇུག་རྒྱུ། ཤང་དང་ཁོའོ་རིམ་པ་ཡན་གྱི་ཏང་ཡོན་ལས་བྱེད་པ་རེ་རེས་དཀའ་ངལ་ཡོད་པའི་མང་ཚོགས་དུད་ཚང་གཅིག་ནས་གཉིས་བར་ལ་འབྲེལ་གཏུག་བྱེད་པའི་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུ་དང་། དུད་སྦྲེལ་དབུལ་སྒྲོལ་དང་དུད་སྦྲེལ་ཕྱུག་འགྱུར་ཡོང་བ་བྱ་རྒྱུ། སྤྱི་ཚོགས་ཀྱི་སྟོབས་ཤུགས་ཀྱིས་གྲོང་ཚོ་དང་དུད་ཚང་ལ་རོགས་སྐྱོར་བྱེད་པའི་བྱེད་སྟངས་སྤྱད་ནས་དབུལ་སྐྱོར་གསར་སྤེལ་ནང་ཞུགས་རྒྱུར་སྐུལ་ལྕག་གཏོང་རྒྱུ། བོད་སྐྱོར་མ་དངུལ་60%ཡན་དབུལ་སྐྱོར་གསར་སྤེལ་ཐོག་བེད་སྤྱོད་གཏོང་རྒྱུ།

    གསུམ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་ལ་དམ་འཛིན་ལྷོད་མེད་བྱ་རྒྱུ།

    གཏོང་སྒོ་སྒོར་དུང་ཕྱུར་167བཏང་ནས་དམངས་འཚོའི་ཐད་ཀྱི“བྱ་བ་དངོས་བཅུ”ཡག་པོ་བསྒྲུབ་རྒྱུ་དང་། ཕྱོགས་10ཐད་ཀྱི་དམངས་ཕན་སྲིད་ཇུས་རྣམ་གྲངས་29ཡི་ཚད་གཞི་མཐོ་རུ་གཏོང་རྒྱུ། དེ་དག་ནང་སློབ་གསོའི“འགན་ལེན་གསུམ”གྱི་གྲོན་དངུལ་གྱི་ལོ་རེར་སློབ་མ་རེའི་ཆ་སྙོམས་ཚད་གཞི་སྒོར་240མཐོ་རུ་གཏོང་རྒྱུ་དང་། ཤང་དང་གྲོང་རྡལ་གྱི་དགེ་རྒན་དང་སྨན་དོན་མི་སྣའི་འཚོ་སྣོན་རོགས་དངུལ་ཟླ་རེར་མི་རེར་ཆ་སྙོམས་སྒོར་200མཐོ་རུ་གཏོང་རྒྱུ། གྲོང་ཚོའི་སྨན་པ་དང་ཕྱུགས་ནད་སྨན་པའི་ཐོབ་ཐང་ཚད་གཞི་དེ་ཟླ་རེར་མི་རེར་ཆ་སྙོམས་སྒོར་100མཐོ་རུ་གཏོང་རྒྱུ། གྲོང་གསེབ་ཀྱི་འགན་ལེན་ལྔའི་དུད་ཚང་གི་འཚོ་སྐྱོང་ཚད་གཞི་ལོ་རེར་མི་རེར་ཆ་སྙོམས་སྒོར་4740བར་མཐོ་རུ་གཏོང་རྒྱུ། ཤང་དང་གྲོང་རྡལ་གྱི་ལས་བྱེད་པའི་འཚོ་སྣོན་རོགས་དངུལ་དེ་ཟླ་རེར་མི་རེར་ཆ་སྙོམས་སྒོར་100མཐོ་རུ་གཏོང་རྒྱུ། གྲོང་ཚོའི་ལས་བྱེད་པའི་གཞི་རྩའི་ཐོབ་ཆ་དང་ལས་ཀའི་བྱས་འབྲས་དཔྱད་ཞིབ་ཀྱི་བྱ་དགའི་ཁ་གསབ་ཚད་གཞི་དེ་2014ལོ་ལས་ལྡབ་གཅིག་འཕར་བ་བྱ་རྒྱུ། གྲོང་ཁྱེར་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཁ་གསབ་རོགས་དངུལ་སྤྲོད་པའི་ཚད་གཞི་དེ་ལོ་རེར་མི་རེར་ཆ་སྙོམས་སྒོར་420བར་མཐོ་རུ་གཏོང་རྒྱུ། ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཐད་ཀྱི་ཁ་གསབ་རོགས་དངུལ་སྤྲོད་པའི་ཚད་གཞི་དེ་ལོ་རེར་མི་རེར་ཆ་སྙོམས་སྒོར་435བར་མཐོ་རུ་གཏོང་རྒྱུ། གྲོང་ཁྱེར་གྲོང་རྡལ་གྱི་གྲོང་མིའི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་དེ་ཟླ་རེར་མི་རེར་ཆ་སྙོམས་སྒོར་640བར་མཐོ་རུ་གཏོང་རྒྱུ། གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་དེ་ལོ་རེར་མི་རེར་ཆ་སྙོམས་སྒོར་2550བར་མཐོ་རུ་གཏོང་རྒྱུ།

    སློབ་ཆེན་གྱི་སློབ་ཐོན་སློབ་མ་དང་ཞིང་འབྲོག་ལས་མི་སོགས་གཙོ་གནད་མི་ཚོགས་ལས་ཞུགས་དང་ལས་ལམ་གསར་གཏོད་བྱེད་པར་རྒྱབ་སྐྱོར་བྱེད་པའི་གཟིགས་སྐྱོང་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དབུལ་པོའི་ཁྱིམ་ཚང་གི་བུ་ཕྲུག་ལ་སློབ་གསོའི་རོགས་སྐྱོར་བྱེད་ལམ་འཐུས་སྒོ་ཚང་དུ་བཏང་ཐོག མཐོ་རིམ་སློབ་གསོའི་དུས་མཚམས་ཀྱི་སློབ་སྐྱོར་རོགས་དངུལ་སྤྲོད་ཤུགས་ཆེ་རུ་གཏོང་རྒྱུ། གྲོང་གསེབ་ཀྱི་སྐད་གཉིས་བུ་བཅོལ་ཁང་250བསྐྲུན་ཐུབ་པ་བྱ་རྒྱུ་དང་། རྫོང་ཁག་14ཡི་འགན་བབ་སློབ་གསོ་དོ་སྙོམས་ངང་གོང་འཕེལ་གཏོང་བར་ཚོད་སྐོར་བྱས་ནས་ཞིབ་བཤེར་རྩིས་ལེན་བྱ་རྒྱུ། སྐད་གཉིས་དགེ་རྒན་དང་རིག་ཚན་དཀོན་རིགས་ཀྱི་དགེ་རྒན་1000ཁ་ཕྱོགས་གཏན་འཁེལ་གྱིས་གསོ་སྐྱོང་དང་སྦྱོང་བརྡར་སྤྲོས་རྒྱུ་དང་། དགེ་རྒན་800ཡི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་ཀ་སྤེལ་རྒྱུ། གཞུང་བཙུགས་སྨན་ཁང་བསྒྱུར་བཅོས་ཏན་ཏིག་བྱ་རྒྱུ། བོད་ལྗོངས་ཁྲེང་སྡོད་དོན་གཅོད་ཁྲུའུ་སྨན་ཁང་བཟོ་བཅོས་རྒྱ་སྐྱེད་བཏང་ནས་ནད་ཁྲི་800ཡན་མང་དུ་གཏོང་རྒྱུ། རྫོང་དང་ཆུད་41གི་སྨན་བཅོས་མཐོ་གནོན་དབྱང་ཚང་བསྐྲུན་ཐུབ་པ་བྱ་རྒྱུ། མངགས་འདེམས་ཁ་ཕྱོགས་གཏན་འཁེལ་གྱིས་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་རྫོང་དང་ཤང་ལ་ཁ་ཕྱོགས་གཏན་འཁེལ་གྱིས་སྨན་དོན་མི་སྣ་གསོ་སྐྱོང་བྱ་རྒྱུ། ཁེ་ལས་དང་། ལས་ཁུངས། བྱ་གཞག་ཚན་པ་བཅས་ཀྱི་རྒན་ཡོལ་ཞུས་པའི་མི་སྣའི་གཞི་རྩའི་རྒན་གསོའི་གྲོན་དངུལ་ལེགས་སྒྲིག་བྱ་རྒྱུ་དང་། ས་ཆ་བསྡུ་སྤྱོད་བྱས་པའི་ཞིང་འབྲོག་པའི་སྤྱི་ཚོགས་ཀྱི་འགན་སྲུང་སྲིད་ཇུས་བཟོ་འདོན་བྱ་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་ནད་ཆེན་འགན་བཅོལ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ། ལས་བཟོའི་སྨན་བཅོས་འགན་བཅོལ་ཐད་ཀྱི་ཞིང་ཆེན་བརྒལ་བའི་ས་ཆ་གཞན་དུ་སྨན་བཅོས་འགྲོ་གྲོན་དུས་རྩིས་རྒྱག་ཐུབ་པ་བཟོ་རྒྱུ། རྫོང་གྲོང་གི་གྲངས་འཛིན་གློག་བརྙན་ཁང་ཕྱོགས་ཡོངས་ནས་བསྐྲུན་ཐུབ་པ་བྱ་རྒྱུ། རྒྱལ་རྩེ་དང་། སྟེང་ཆེན། འཇོ་མདའ་བཅས་རྫོང་གྲོང་ཁྱེར་དུ་བསྒྱུར་རྒྱུའི་ལས་ཀ་སྤེལ་མགྱོགས་སུ་གཏོང་རྒྱུ།

    བཞི། ཁྱད་ལྡན་ཐོན་ལས་གོང་འཕེལ་གཏོང་རྒྱུར་དམ་འཛིན་ལྷོད་མེད་བྱ་རྒྱུ།

    རང་སྐྱོང་ལྗོངས་ཀྱི་ཐོན་ལས་གཞོགས་སྐྱོར་མ་དངུལ་རིགས་ཁག་སྒྲིལ་སྤྱོད་བྱས་ཐོག རང་སྐྱོང་ལྗོངས་ཀྱི་ཐོན་ལས་གོང་འཕེལ་ཐེབས་རྩ་འཛུགས་རྒྱུ། ཁྱད་ལྡན་ཞིང་འབྲོག་ལས་གོང་འཕེལ་ཤུགས་ཆེན་གཏོང་རྒྱུ། ཚད་གཞི་མཐོ་བའི་ས་ཞིང་མུའུ་ཁྲི་39བཟོ་རྒྱུ་དང་། “བོད་ནས་2000རྟགས་ཅན”སོགས་སོན་རིགས་གསར་པ་མུའུ་ཁྲི་170ཁྱབ་གདལ་གཏོང་རྒྱུ། འབྲོག་ལས་རྩྭ་འདེབས་རྟེན་གཞི་མུའུ་ཁྲི་15གསར་བཟོ་བྱ་རྒྱུ། བ་གླང་མགོ་གྲངས་ཁྲི་23.5རྒྱུད་པ་བཟང་དུ་གཏོང་རྒྱུ། ཚད་ལྡན་གཞི་ཁྱོན་ཆགས་པའི་གསོ་སྤེལ་དཔེ་མཚོན་འཛུགས་སྐྱོང་བྱེད་སྒོ་ཧུར་ཐག་སྤེལ་རྒྱུ། རང་བྱུང་འཐུང་ཆུའི་ཐོན་ལས་གོང་འཕེལ་ཇེ་མགྱོགས་སུ་བཏང་ནས་ཕྱིར་འཚོང་བྱེད་འབོར་ཀྲོན་ཁྲི་100ཡན་ཟིན་པ་བྱ་རྒྱུ། ཡུལ་སྐོར་ཁྲོམ་རར་ལྟ་སྡོམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་ཡུལ་སྐོར་གྱི་དོ་དམ་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ནས་ལོ་ཧྲིལ་པོར་ཡུལ་སྐོར་བར་སྣེ་ལེན་བྱེད་ཚད་མི་ཐེངས་ཁྲི་2300ལས་བརྒལ་བ་དང་15%འཕར་བ་བྱ་རྒྱུ་དང་། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་330ཟིན་པ་བྱས་ནས་17%འཕར་བ་བྱ་རྒྱུ། སྡེ་གླིང་དཔལ་འབྱོར་གོང་འཕེལ་ཤུགས་ཆེན་བཏང་ནས་བོད་མཚོ་བཟོ་ལས་སྡེ་གླིང་དང་། ལྷ་སའི་མཐོ་གསར་ལག་རྩལ་གསར་སྤེལ་ཁུལ། གཞིས་རྩེ་དང་ནག་ཆུའི་ཟོག་འགྲེམས་སྡེ་གླིང་བཅས་འཛུགས་སྐྲུན་བྱས་ནས་རང་ལྗོངས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་བའི་སྒུལ་ཤུགས་གསར་པ་ཞིག་ཏུ་འགྱུར་བ་བྱ་རྒྱུ། བོད་མཚོ་བཟོ་ལས་སྡེ་གླིང་གི་ཐོན་སྐྱེད་རིན་ཐང་ལྡབ་1ཡན་འཕར་ཐུབ་པ་བྱ་རྒྱུ།

    ལྔ། བསྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་བྱ་རྒྱུར་དམ་འཛིན་ལྷོད་མེད་བྱ་རྒྱུ།

    མཁོ་འདོན་བྱེད་མཁན་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་བསྒྱུར་བཅོས་བྱེད་ཤུགས་ཆེ་རུ་བཏང་སྟེ་དཔལ་འབྱོར་རྒྱུན་མཐུད་ནས་གོང་འཕེལ་འགྲོ་བའི་སྒུལ་ཤུགས་ཆེ་རུ་གཏོང་རྒྱུ། ས་ཞིང་དང་རྩྭ་ར་འགན་གཙང་གཉེར་སྐྱོང་བྱེད་དབང་གཏན་འཁེལ་ཐོ་འགོད་དང་ལག་ཁྱེར་སྤྲོད་པའི་ལས་དོན་སྤེལ་མགྱོགས་སུ་གཏོང་རྒྱུ་དང་། ས་ཆ་སྤོ་བཤུག་བྱ་རྒྱུར་བརྟན་པོའི་ངང་སྐུལ་སྤེལ་གཏོང་རྒྱུ། རྒྱུ་ནོར་བདག་དབང་ཉོ་ཚོང་དང་སྤྱི་པའི་ཐོན་ཁུངས་ཉོ་ཚོང་བྱེད་པའི་ལས་སྟེགས་འཛུགས་རྒྱུ། རྣམ་གྲངས་ཀྱི་དྲ་ཐོག་ཞིབ་མཆན་འགོད་པ་དང་རྣམ་གྲངས་འཛུགས་སྐྲུན་བྱེད་པའི་སྤྱིའི་འགན་གཙང་ལམ་ལུགས་དང་ཚབ་འཛུགས་ལམ་ལུགས་ཁྱབ་སྤེལ་གཏོང་རྒྱུ། སྲིད་གཞུང་གིས་སྤྱི་པའི་ཞབས་ཞུ་ཉོ་སྒྲུབ་བྱ་རྒྱུ་ཁྱབ་གདལ་གཏོང་རྒྱུ་དང་། སྤྱི་ཕན་རང་བཞིན་གྱི་རྣམ་གྲངས་ཁྲོམ་ར་ཅན་གྱི་འཁོར་རྒྱུག་བྱ་རྒྱུར་སྐུལ་སྤེལ་གཏོང་རྒྱུ། སྲིད་གཞུང་ནས་མ་དངུལ་བསྡུ་རྒྱུག་བྱེད་ལམ་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་ས་གནས་ཀྱི་སྲིད་གཞུང་བུ་ལོན་ལ་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ། ནོར་སྲིད་གཏོང་སྒོའི་གྲུབ་ཆ་ལེགས་སྒྱུར་བྱ་རྒྱུ་དང་། སྤྱིར་བཏང་རང་བཞིན་གྱི་སྒྱུར་སྤྲོད་བསྡུར་ཚད་མཐོ་རུ་བཏང་ནས་ནོར་སྲིད་མ་དངུལ་བེད་སྤྱོད་གཏོང་བའི་ནུས་ཕྱོད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུ། ཕྱོགས་ཡོངས་ནས་རྩིས་བཤེར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཞིང་གློག་དོ་དམ་ལམ་སྲོལ་བསྒྱུར་བཅོས་གང་མགྱོགས་བྱ་རྒྱུ། དངུལ་རྩའི་ཕན་ལྡན་མཁོ་སྤྲོད་མང་དུ་བཏང་སྟེ་ཡིད་རྟོན་དངུལ་བུན་20%ཡན་འཕར་བ་བྱ་རྒྱུ། གྲོང་ཚོ་གྲོང་རྡལ་གྱི་དངུལ་ཁང་འཛུགས་རྒྱུར་སྐུལ་ལྕག་གཏོང་རྒྱུ་དང་། ས་གནས་རང་བཞིན་གྱི་འགན་བཅོལ་ཁྲིམས་མིའི་ཚན་པ་འཛུགས་རྒྱུར་དམ་འཛིན་བྱ་རྒྱུ། ཚབས་ཆེའི་གནོད་འཚེའི་འགན་བཅོལ་ལམ་ལུགས་གང་མགྱོགས་འཛུགས་རྒྱུ་དང་། ཞིང་ལས་འགན་བཅོལ་ཐོག་ནས་གནོད་འཚེ་ཚབས་ཆེའི་ཉེན་ཁ་འགྲེམས་སེལ་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ། ཀྲུང་དབྱང་ཁེ་ལས་ས་ཁོངས་ཅན་གྱི་དོ་དམ་བྱ་རྒྱུར་སྐུལ་སྤེལ་བཏང་ཐོག བོད་དུ་ཡན་ལག་ཀུང་སི་འཛུགས་རྒྱུར་སྐུལ་ལྕག་གཏོང་རྒྱུ། སྒྲིག་འཛུགས་ཚགས་ཚུད་བྱས་ནས་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་གསུམ་པ་ཚད་གཞི་མཐོ་པོའི་ངང་ཡག་པོ་གཉེར་རྒྱུ། སྟོབས་ཤུགས་ཆེ་རིགས་འདྲེན་འགུག་བྱས་ནས་ཚོང་དང་མ་རྩ་འདྲེན་འགུག་བྱེད་པའི་གཞི་ཁྱོན་དང་ཆུ་ཚད་མཐོ་རུ་ཤུགས་ཆེ་གཏོང་རྒྱུ་དང་། སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ། དུས་ཁག་བདུན་པ་དང་བརྒྱད་པའི་བོད་སྐྱོར་ལས་བྱེད་པ་བརྗེ་རེས་ཡག་པོ་བྱ་རྒྱུ།

    དྲུག “མཐའ་ཚད་གསུམ”བརྟན་སྲུང་ལ་དམ་འཛིན་ལྷོད་མེད་བྱ་རྒྱུ།

    ཞི་མཐུན་བརྟན་ལྷིང་གི་མཐའ་ཚད་བརྟན་སྲུང་བྱས་ཏེ། སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་། བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་བཅུ་དོན་འཁྱོལ་གཏིང་ཟབ་བྱས་ནས་སྤྱི་ཚོགས་ཀྱི་དུས་བབ་བརྟན་ལྷིང་འགན་སྲུང་བྱ་རྒྱུ། མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་སྤེལ་རྒྱུ་དང་། དགོན་པ་དང་གྲྭ་བཙུན་ལ་ཕན་པའི་སྲིད་ཇུས་དོན་འཁྱོལ་བྱས་ཐོག མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་བྱེད་སྒོ་དང་། ཞི་མཐུན་དཔེ་བཟང་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་འཛུགས་སྐྱོང་དཔྱད་འདེམས་བྱེད་སྒོ་སྤེལ་རྒྱུ། འབྱུང་ཁམས་སྲུང་སྐྱོང་གི་མཐའ་ཚད་བརྟན་སྲུང་བྱས་ཏེ། འབྱུང་ཁམས་ནུས་ཐོན་ཁུལ་གྱི་འཆར་འགོད་བཟོ་འབེབས་བྱས་ནས་འབྱུང་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག་གཏན་འཁེལ་བྱེད་པ་དང་། འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་གང་མགྱོགས་བྱ་རྒྱུའི་བསམ་འཆར་བཏོན་ནས་ཆུ་བོའི་འབྱུང་ཁམས་སྐྱོང་གསབ་ཚོད་ལྟ་བྱ་རྒྱུར་མུ་མཐུད་སྐུལ་སྤེལ་གཏོང་རྒྱུ་དང་། ནགས་བཟོ་སྔོ་སྒྱུར་མུའུ་ཁྲི་100ལེགས་སྒྲུབ་བྱ་རྒྱུ། ཁོར་ཡུག་སྲུང་སྐྱོབ་དང་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ་འབྱུང་ཁམས་ཁོར་ཡུག་རྒྱུན་མཐུད་བཟང་འཁྱོངས་ཐུབ་པ་བྱ་རྒྱུ། བདེ་འཇགས་ཐོན་སྐྱེད་ཀྱི་མཐའ་ཚད་བརྟན་སྲུང་བྱས་ཏེ། གཞུང་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་དང་ཚེ་སྲོག་སྲུང་སྐྱོབ་ལས་གཞི་ལག་བསྟར་ཤུགས་ཆེ་བྱས་ཐོག གཙོ་གནད་ཁྱབ་ཁོངས་ཀྱི་མངོན་མེད་རྐྱེན་ངན་རྩད་བཤེར་དམ་འཛིན་བྱས་ནས་ཚབས་ཆེའི་བདེ་འཇགས་དོན་རྐྱེན་རིགས་མི་ཐོན་པ་བྱ་རྒྱུ།

    འཐུས་མི་རྣམ་པ།

    དུས་བབ་གསར་པ་དང་ལས་འགན་གསར་པའི་ཐོག་ནས་སྲིད་གཞུང་གི་ལས་དོན་ལ་བླང་བྱ་གསར་པ་དེ་བས་མཐོ་བ་བཏོན་ཡོད་པས་རིམ་ཁག་སྲིད་གཞུང་གིས་རང་ངོས་ལེགས་སྐྱོང་བྱ་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་དགོས་ཤིང་། ངེས་པར་དུ་ཏང་གི་འགོ་ཁྲིད་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་སྔ་ཕྱི་བར་གསུམ་དུ་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་ལ་མིག་ལྟོས་དང་། སྔ་ཕྱི་བར་གསུམ་དུ་ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས། མཛད་ཕྱོགས། སྲིད་ཇུས་བཅས་ལ་བལྟས་ནས་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱས་ཏེ་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་ལ་ལྷག་བསམ་རྣམ་དག་བྱེད་དགོས། ངེས་པར་དུ་སྲིད་གཞུང་གི་འགན་ནུས་བརྗེ་སྒྱུར་ཏན་ཏིག་བྱས་ཏེ་དོ་དམ་བྱེད་ཤུགས་ཆེ་བ་དང་ཞབས་ཞུ་སྤུས་ལེགས་བསྒྲུབས་ཐོག དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བར་འཆིང་རྒྱ་བཟོ་བའི་སྲིད་འཛིན་ཞིབ་མཆན་འགོད་པའི་དོན་གནད་མཐའ་དག་མཐའ་གཅིག་ཏུ་གཙང་སེལ་བྱ་རྒྱུ་དང་། འཁྲི་འགན་མི་སྒྲུབ་པ་དང་གང་བྱུང་བྱེད་རིགས་མཐའ་གཅིག་ཏུ་འགོག་བཅོས་བྱ་རྒྱུ། ངེས་པར་དུ་ཁྲིམས་སྐྱོང་གི་སྲིད་གཞུང་ཕྱོགས་ཡོངས་ནས་འཛུགས་སྐྱོང་དང་ཁྲིམས་ལྟར་སྲིད་གཞུང་གི་འགན་ནུས་བསྒྲུབས་ཐོག ཁྲིམས་བཞིན་སྲིད་འཛིན་དང་ཁྲིམས་བཞིན་བོད་སྐྱོང་མཐའ་འཁྱོངས་ཀྱིས་ཁྲིམས་སྐྱོང་ལ་གཙིགས་ཆེན་དང་ཚད་ལྡན་ནན་བཟུང་བྱས་ཏེ་ཁྲིམས་སྐྱོང་ཅན་དང་སྟབས་བདེ་བའི་ཚོང་གཉེར་ཁོར་ཡུག་ཧུར་ཐག་གཏོད་རྒྱུ་དང་། མང་ཚོགས་དང་། ཁེ་ལས། གཞི་རིམ་བཅས་ལ་སྟབས་བདེ་གང་ལེགས་བསྐྲུན་རྒྱུ། ཇུས་ཐག་གཅོད་རྒྱུ་ཚན་རིག་ཅན་དང་། དམངས་གཙོ་ཅན། ཁྲིམས་ལུགས་ཅན་དུ་སྐུལ་སྤེལ་གཏོང་རྒྱུ། དེ་བཞིན་མི་དམངས་འཐུས་ཚོགས་ཀྱི་བཅའ་ཁྲིམས་ཀྱི་ལྟ་སྐུལ་དང་ལས་ཀའི་ལྟ་སྐུལ་ཁྲིམས་བཞིན་དང་ལེན་ཞུ་བ་དང་རང་རྟོགས་ངང་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་དང་ལེན་ཞུ་རྒྱུ། རང་འགུལ་ངང་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་གླེང་ཕྱོགས་ཀྱི་ལྟ་སྐུལ་དང་ལེན་བྱ་རྒྱུ། ངེས་པར་དུ་སློབ་སྦྱོང་རྣམ་པའི་སྲིད་གཞུང་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རིགས་གཞུང་གསར་པ་དང་། ཤེས་བྱ་གསར་པ། ཐབས་ཤེས་གསར་པ་བཅས་སློབ་སྦྱོང་ནན་ཏན་བྱས་ནས་གོང་འཕེལ་ལ་སྐུལ་འདེད་དང་། མི་དམངས་ལ་ཞབས་ཞུ། བརྟན་ལྷིང་སྲུང་སྐྱོང་བཅས་བྱེད་པའི་ནུས་པ་དང་ཆུ་ཚད་མཐོ་རུ་ཟམ་མི་ཆད་པ་གཏོང་རྒྱུ། ངེས་པར་དུ་སྤྱོད་ཚུལ་འགྱུར་ལྡོག་བཏང་སྟེ་བསྒྱུར་བཅོས་བྱེད་སེམས་དང་གསར་གཏོད་བྱེད་སེམས་བརྟན་པོ་བཅངས་ཐོག བསྒྱུར་བཅོས་ཀྱི་བསམ་གཞི་གསར་པ་དང་། གོང་འཕེལ་གྱི་བྱ་ཐབས་གསར་པ། ལས་ཀའི་བྱེད་སྟངས་གསར་པ་བཅས་འཚོལ་ཞིབ་བྱེད་ཕོད་པ་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་དམིགས་ཚད་དང་ལས་འགན་ཁག་ལྟ་སྐུལ་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ལྷོད་མེད་བྱ་རྒྱུ། ངེས་པར་དུ“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་བཏང་ཐོག ཀྲུང་དབྱང་གི་གཏན་འབེབས་ཁག་བརྒྱད་དང་། ལྗོངས་ཏང་ཨུད་ཀྱི“བསྲུང་བྱ་རྣམ་བཅུ”དང་། “བླང་བྱ་ཁག་དགུ”བཅས་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། སྒྲིག་ཁྲིམས་དང་སྒྲིག་སྲོལ་གཙིགས་ཆེར་བཟུང་ནས་མཐའ་འཁྱོངས་ཀྱིས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས། མང་ཚོགས་ཀྱི་སྒྲིག་ཁྲིམས། ལས་ཀའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་བཅས་ནན་སྲུང་བྱ་རྒྱུ་དང་། ཐར་པར་གཏན་ནས་མི་གཏོང་བའི་རྣམ་འགྱུར་བཟུང་ནས་རུལ་སུངས་ལ་ཉེས་ཆད་གཅོད་པ་དང་། གྲོན་ཆུང་བསྲི་ཚགས་བྱེད་པ་དང་ཆུད་ཟོས་ལ་ངོ་རྒོལ་བྱས་ནས་གཞུང་དྲང་སྤྱོད་གཙང་གི་གཟུགས་བརྙན་བཏོད་དེ་མི་དམངས་ཀྱི་ཡིད་ཆེས་ཐོབ་པ་བྱ་རྒྱུ།

    འཐུས་མི་རྣམ་པ།

    མཛེས་སྡུག་ལྡན་པའི་དཔེ་རིས་བཀོད་ཟིན་ལ་མདུན་སྐྱོད་ཀྱི་དུང་བརྡ་ཡང་བསྒྲགས་ཟིན། ང་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཐོག རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་བརྒྱད་པའི་འཐབ་ཇུས་བཀོད་སྒྲིག་གཞིར་བཟུང་བསམ་བློ་བཅིངས་འགྲོལ་དང་། ལམ་བཤངས་གསར་གཏོད། འགན་འཁྲི་འཁུར་ཕོད་པ། རང་འགུལ་ངང་ལས་ཀ་བྱེད་པ་བཅས་བྱས་ནས“ལོ་ལྔ་ཚན་བཅུ་གསུམ་པའི”དམིགས་ཚད་དང་ལས་འགན་ཁག་ལེགས་སྒྲུབ་བྱ་རྒྱུ་དང་། 2020ལོར་སླེབས་སྐབས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས།

    (ཚོགས་འདུ་གཉིས་ཀྱི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།