དབུ་ཤོག>སྲིད་དོན།
  • ​ 2016ལོའི་གཞུང་ལམ་འགྲིམ་འགྲུལ་གྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བཀོད་སྒྲིག་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-02-16

    ཚེས་11ཉིན་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་2016ལོའི་གཞུང་ལམ་འགྲིམ་འགྲུལ་གྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བཀོད་སྒྲིག་གནང་སྟེ་འབད་འབུངས་ཡར་བརྩོན་གྱི་རྣམ་པའི་ཐོག་ནས“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་ལེན་བསྟར་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་སྟེ་འགོ་འཛུགས་པའི་ཐད་ལེགས་སྐྱེས་གསར་པ་དང་རྣམ་པ་གསར་པ་ཡོད་པ་བྱེད་དགོས་ཞེས་གསུངས་པ་རེད། ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་གྲོས་འཆམ་བྱུང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དོན་འཁྱོལ་ཡག་པོ་བྱས་ནས། གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་གལ་ཆེན་ཁག་གཅིག་ལག་ལེན་བསྟར་ཏེ་2016ལོར་གཞུང་ལམ་འགྲིམ་འགྲུལ་ཐད་གཏན་འཇགས་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་400ཟིན་པ་བྱེད་དགོས། དེ་ནི་འགོ་འཛུགས་པའི་ཐོག་ལེགས་སྐྱེས་གསར་པ་ཡོད་པ་འགན་ལེན་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་པ་དང་། གཞུང་ལམ་འགྲིམ་འགྲུལ་གྱི་རྨང་གཞིའི་རང་བཞིན་དང་། སྔོན་ཁྲིད་རང་བཞིན། ཞབས་ཞུའི་རང་བཞིན་བཅས་ཀྱི་ནུས་པ་སྔར་བས་འདོན་སྤེལ་གྱིས་དབུལ་སྐྱོར་དབུལ་སྒྲོལ་གསར་སྤེལ་འཐབ་ཇུས་དང་ས་ཡོམ་གེགས་ཁུལ་སླར་གསོ་བསྐྱར་སྐྲུན་ལ་རྒྱབ་སྐྱོར་བྱེད་རྒྱུར་ཕན་པ་ཡོད་པ་དང་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་གཏོང་བ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་འགོ་ཡག་པོ་འཛུགས་པ་དང་གོམ་སྟབས་ཡག་པོ་སྤོ་རྒྱུའི་ངོས་ནས་བརྗོད་ཚེ་དོན་སྙིང་གལ་ཆེན་ལྡན་ཡོད་པའི་མཛུབ་སྟོན་གནང་བ་རེད།

    ཚོགས་འདུའི་ཐོག་2016ལོར་ལག་ལེན་བསྟར་རྒྱུའི་འགྲིམ་འགྲུལ་གྱི་གཙོ་གནད་རྣམ་གྲངས་16ལ་རེ་རེ་བཞིན་ལེགས་སྒྲིག་དང་གོ་རིམ་དབྱེ་ནས་རྣམ་གྲངས་འཛུགས་སྐྲུན་གྱི་གོ་རིམ་དང་། འགག་རྩའི་ལྷུ་ཚིགས། འགན་འཁྲིའི་ཚན་པ། འཛུགས་སྐྲུན་གྱི་བྱེད་པོ་དང་ལག་བསྟར་བྱ་ཐབས་བཅས་གཏན་འཁེལ་བྱས་ཡོད་པ་རེད། ཚོགས་འདུའི་ཐོག་གསལ་སྟོན་བྱས་དོན།

    གཅིག དུས་ཚིགས་དང་པོའི་ནང་ལྷ་ཉིང་རིམ་མཐོའི་གཞུང་ལམ(དུས་ཐེངས་གཉིས་པ)དང་། རྒྱལ་ལམ་318ལམ་རྒྱུད་ཀྱི་ལྷ་ས་གྲོང་ཁྱེར་གྱི་ལྷོ་སྐོར་ལམ་དང་རྒྱལ་ལམ་109ལམ་རྒྱུད་ཀྱི་ལྷ་ས་གྲོང་ཁྱེར་གྱི་ནུབ་སྐོར་ལམ་བཅས་དང་དེ་བཞིན་ཞིང་ཆེན་ལམ་303རྒྱུད་ཀྱི་ལྷ་རི་རྫོང་གྲོང་ཡུལ་ཤང་ནས་སྤོ་བོ་རྫོང་བྲག་སྐས་ཤང་བར་གྱི་ལས་གྲྭ་བཅས་སྐྲུན་འགོ་འཛུགས་རྒྱུ་དང་འདི་ལོའི་ནང་ལས་གྲྭ་གཙོ་བོ་ལེགས་སྒྲུབ་ཐུབ་པའི་བརྩོན་ལེན་བྱ་རྒྱུ་དང་། གཞིས་རྩེ་ནས་གཞིས་རྩེ་གནམ་ཐང་བར་གྱི་རིམ་མཐོའི་གཞུང་ལམ་དང་། “4·25”ས་ཡོམ་གེགས་རྗེས་ཀྱི་འགྲིམ་འགྲུལ་སླར་གསོ་བསྐྱར་སྐྲུན་རྣམ་གྲངས། གོང་དཀར་གནམ་ཐང་ནས་རྩེད་ཐང་བར་གྱི་རིམ་མཐོའི་གཞུང་ལམ། ཁ་རུབ་ཆུས་ནས་ལྕགས་ཁའི་བར་གྱི་རིམ་མཐོའི་གཞུང་ལམ་བཅས་སྐྲུན་འགོ་འཛུགས་རྒྱུ། སྔར་ལས་ལྷག་པའི་ངང་གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་དང་། མཚོ་གཉིས་རྫོང་དུ་ཤར་གཏོང་ཐུབ་པའི་སྣུམ་ནག་གཞུང་ལམ་རྣམ་གྲངས་ལག་ལེན་བསྟར་མགྱོགས་སུ་གཏོང་བ། ཤང་གྲོང་63དང་སྒྲིག་གཞི་ཚང་བའི་གྲོང་ཚོ་411ཏུ་གཞུང་ལམ་ཤར་གཏོང་ལས་གྲྭ་སྐྲུན་འགོ་འཛུགས་རྒྱུ་སོགས་ཡིན་པ་དང་།

    གཉིས། དུས་ཚིགས་གཉིས་པའི་ནང་ལྷ་ས་ནས་ནག་ཆུའི་བར་གྱི་མྱུར་བགྲོད་གཞུང་ལམ་དང་ལྷ་ཉིང་རིམ་མཐོའི་གཞུང་ལམ་ཀླུ་ནང་དུ་སྣུར་སྲིང་བྱེད་པའི་ལས་གྲྭ་སྐྲུན་འགོ་འཛུགས་རྒྱུ་དང་། ལྗོངས་ཡོངས་ཀྱི་འགྲིམ་འགྲུལ་དབུལ་སྒྲོལ་རྣམ་གྲངས་ཁག་གཅིག་ལས་འགོ་འཛུགས་རྒྱུ།

    གསུམ། དུས་ཐེངས་གསུམ་པའི་ནང་མིང་ཕུང་ནས་སྒེར་རྩེའི་བར་དང་། དགུན་ས་ནས་རྩ་མདའི་བར་སོགས་འགག་རྩའི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་སྐྲུན་འགོ་འཛུགས་རྒྱུ་དང་། ལྷ་ས་ནས་རྩེད་ཐང་བར་གྱི་མྱུར་བགྲོད་གཞུང་ལམ་དང་འབྲི་ཆུའི་སྒང་ཐོག་ཟམ་ཆེན་ནས་ཆབ་མདོ་བར་དང་མེ་ཏོག་གི་གཞུང་ལམ(དུས་ཐེངས་གཉིས་པ)གྱི་དུས་འགོའི་ལས་དོན་སྤྱིར་ན་ལེགས་སྒྲུབ་བྱ་རྒྱུ། ལམ་རྒྱུད་ཀྱི་འཕྲེད་བཅད་བགྲོད་ལམ་ཆེན་པོ(བར་དུམ)དང་། དཔལ་འབར་ནས་ལྷ་རི་དང་། མལ་གྲོ་གུང་དཀར། རྩེད་ཐང་བཅས་བར་གྱི་གཞུང་ལམ་རྣམ་གྲངས་ཀྱི་གོང་རིམ་གྱི་ཆོག་མཆན་ཞུ་བ་དང་འཛུགས་སྐྲུན་ལས་དོན་ཧུར་ཐག་བསྒྲུབ་རྒྱུ་བཅས་རེད།

    ཚོགས་འདུའི་ཐོག་རིམ་ཁག་འབྲེལ་ཡོད་སྡེ་ཚན་ཁག་གིས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དོན་འཁྱོལ་དང་། གཤམ་སྤྲོད་དང་དོ་དམ་ཟུང་འབྲེལ། ཞབས་ཞུ་ལེགས་པ་བཅས་ཀྱི་བླང་བྱ་གཞིར་བཟུང་མ་འཇོག་དང་མ་དངུལ་བསྡུ་སྒྲིལ་གྱི་སྒྲིག་གཞི་སྒྱུར་བཅོས་མགྱོགས་སུ་གཏོང་བ་དང་། མ་འཇོག་ཡོང་ཁུངས་ཐབས་ལམ་རྒྱ་ཆེར་གཏོང་བ། སྲིད་གཞུང་གི་ནུས་པ་དང་ཁྲོམ་རའི་ནུས་པ་ཟུང་འབྲེལ་དེ་བས་ལེགས་པ་བྱེད་པ། ལྗོངས་དང་། ས་ཁུལ། རྫོང་བཅས་ཀྱི་ཧུར་སེམས་སྐོང་འཐེན་གང་ལེགས་བཅས་བྱེད་པ་དང་། ཚན་རིག་དང་མཐུན་པའི་ངང་སྒྲིག་འཛུགས་དང་། འཕེལ་རིམ་མགྱོགས་སུ་གཏོང་བ། ཚད་གཞི་ནན་པོ། སྤུས་ཚད་འགན་ལེན། ཁོར་ཡུག་སྲུང་སྐྱོང་འགོ་ནས་མཇུག་བར་ཁྱབ་པ། ལྗང་མདོག་འཕེལ་རྒྱས་གཏོང་བ། དོ་དམ་ནན་པོ། བདེ་འཇགས་ལ་ཤུགས་སྣོན། ལྟ་སྐུལ་དོ་དམ་ལ་ཤུགས་སྣོན། ཡོངས་བསྒྲགས་བཅས་ཐུབ་པ་བྱེད་པ། འགོ་ཁྲིད་ལ་ཤུགས་སྣོན་དང་། འགན་འཁྲི་ཁ་གསལ། འགན་འཁྲི་འཁུར་ཕོད་པ། དུས་ཚོད་རེའུ་མིག་དང་། འགན་འཁྲིའི་ཡི་གེ ལམ་རིས་བཅས་ཁ་གསལ་བཟོ་བ་དང་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་2016ལོ་འཁོར་གྱི་གཞུང་ལམ་འགྲིམ་འགྲུལ་གཙོ་གནད་རྣམ་གྲངས་དུས་བཀག་བཞིན་ལས་འགོ་འཛུགས་པ་དང་འཕེལ་རིམ་མགྱོགས་པོ་ཡོང་བ་དང་གཞུང་ལམ་འཛུགས་སྐྲུན་འགྲིམ་འགྲུལ་གྱི་མཐོ་རླབས་གསར་པ་ཞིག་འཕྱུར་བ་བྱས་ནས་རང་ལྗོངས་ཀྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་ཀྱི་འཇུར་མིག་ཚོད་འཛིན་གྱི་གནད་དོན་སེལ་ཐོག“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་ལེན་བསྟར་རྒྱུར་རྨང་གཞི་བཟང་པོ་འདིང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།