“4·25”ནེ་པ་ལའི་ས་ཡོམ་གྱི་བོད་ཀྱི་གེགས་ཁུལ་གྱི་གནོད་འཚེ་ཕོག་རྗེས་ཀྱི་ སླར་གསོ་བསྐྱར་སྐྲུན་གྱི་སྤྱིའི་འཆར་འགོད་སོགས་གྲོས་འཆམ་བྱུང་ཞིང་། གེགས་ཁུལ་གྱི་གནོད་འཚེ་ཕོག་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ལས་དོན་སྤེལ་འགོ་ཚུགས་པ་དང་། 2016ལོའི་སྲིད་གཞུང་གི་གཙོ་གནད་ལས་དོན་གྱི་ལས་བགོས་གཏན་འཁེལ་བྱས་པ།
ཉིན་ཤས་གོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས《“4·25”ནེ་པ་ལའི་ས་ཡོམ་གྱི་བོད་ཀྱི་གེགས་ཁུལ་གྱི་གནོད་འཚེ་ཕོག་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་གྱི་སྤྱིའི་འཆར་འགོད》དང《“4·25”ནེ་པ་ལའི་ས་ཡོམ་གྱི་བོད་ཀྱི་གེགས་ཁུལ་གྱི་གནོད་འཚེ་ཕོག་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་གྱི་སྲིད་ཇུས་བྱ་ཐབས་ལ་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་བསམ་འཆར》དང《“4·25”ནེ་པ་ལའི་ས་ཡོམ་གྱི་བོད་ཀྱི་གེགས་ཁུལ་གྱི་གནོད་འཚེ་ཕོག་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་གྱི་འཆར་འགོད་རྣམ་གྲངས་ཇུས་གཞིར》ཞིབ་འཇུག་དང་གྲོས་ཞིབ་བྱས་ནས་གེགས་ཁུལ་གྱི་གནོད་འཚེ་ཕོག་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ལས་དོན་སྤེལ་འགོ་ཚུགས་པ་དང་། 2016ལོའི་སྲིད་གཞུང་གི་གཙོ་གནད་ལས་དོན་གྱི་ལས་བགོས་གཏན་འཁེལ་བྱས་པ་རེད།
ཚོགས་འདུའི་ཐོག 《སྤྱིའི་འཆར་འགོད》ཀྱིས་བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་བར་བརྒལ་བཀོད་སྒྲིག་དེ་གནོད་འཚེ་ཕོག་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་དང་ཟུང་འབྲེལ་དང་ཉེ་དུས་དང་རྒྱང་རིང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་དེ་སླར་གསོ་བསྐྱར་སྐྲུན་གྱི་གཞི་རྩའི་འགོ་འཛུགས་སར་བརྩིས་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་སྡོད་ཁང་དང་། སློབ་གྲྭ སྨན་ཁང་སོགས་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་སྔོན་ལ་བསྐྱར་སྐྲུན་ཐག་གཅོད་བྱེད་དགོས་པ་བཏོན་པ་དེས་མི་རྩ་བར་འཛིན་པ་དང་དམངས་འཚོ་སྔོན་ལ་འཇོག་པ་མཚོན་ཡོད། གེགས་ཁུལ་གྱི་སྣོད་བཅུད་ཁོར་ཡུག་གི་ཉམས་ཞན་རང་བཞིན་དང་སྣོད་བཅུད་མ་ལག་གི་གལ་ཆེའི་རང་བཞིན་ལ་བསམ་གཞིག་གང་ལེགས་བྱས་ཏེ་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་སྐྲུན་དགོས་པའི་བླང་བྱ་གཞིར་བཟུང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དེ་གནས་བབ་གལ་ཆེན་ཐོག་འཇོག་པ་དང་ཆབས་ཅིག་མི་རིགས་ཀྱི་རིག་གནས་ལ་ལྷག་པར་དུ་མཐོང་ཆེན་བྱེད་པ་དང་ས་གནས་དེ་གའི་འཛུགས་སྐྲུན་གྱི་ཁྱད་ཆོས་དང་ས་ཁོངས་ཀྱི་ཉམས་འགྱུར་མཚོན་དགོས་ཞེས་བསྟན་པ་རེད། ཚོགས་འདུའི་ཐོག《སྤྱིའི་འཆར་འགོད》བརྒྱུད་ཉེ་ཆར་མཆན་འགོད་བཀའ་ལན་ཐོབ་ནས་ཡོངས་བསྒྲགས་བྱ་རྒྱུ་ཡིན་པ་རེད།
ཚོགས་འདུའི་ཐོག གནོད་འཚེ་ཕོག་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་གྱི་འཆར་འགོད་ལ་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་113.12བཏང་ནས་རྣམ་གྲངས་དེ“གནོད་འཚེ་ཕོག་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན”དང་། “འགྲིམ་འགྲུལ་སྐྱེལ་འདྲེན་གྱི་གནོད་འཚེ་ཕོག་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་གྱི་ཆེད་དོན་རྣམ་གྲངས”“ས་གཤིས་གནོད་འཚེའི་འགོག་བཅོས་ཀྱི་ཆེད་དོན་རྣམ་གྲངས”“མཐའ་མཚམས་མེ་ཟོན་གྱི་རྨང་གཞིའི་སྒྲིག་བཀོད་སླར་གསོ་བསྐྱར་སྐྲུན་གྱི་ཆེད་དོན་རྣམ་གྲངས”བཅས་རིགས་ཆེ་གྲས་བཞིར་དབྱེ་ཡོད་པས་ནོར་སྲིད་དང་། ཁྲལ་བསྡུ། དངུལ་རྩ། ས་ཆ། སྤྱི་ཚོགས་འགན་སྲུང་། ཐོན་ལས། རྨང་གཞིའི་སྒྲིག་བཀོད། སྒོ་དབྱེ། ས་གཤིས་གནོད་འཚེ་བཅོས་སྐྱོང་སོགས་ཕྱོགས་9ཐད་ཀྱི་སླར་གསོ་བསྐྱར་སྐྲུན་གྱི་རྒྱབ་སྐྱོར་སྲིད་ཇུས་ཁ་གསལ་བཟོས་ཡོད་ཅེས་གཏན་འཁེལ་བྱས་པ་རེད།
ཚོགས་འདུའི་ཐོག “ལོ་གཉིས་ནང་སྤྱིར་ན་ལེགས་འགྲུབ་ཡོང་བ་དང་། ལོ་གསུམ་ནང་སྤྱི་ཡོངས་མཆོང་སྐྱོད་ཡོང་བ། ལོ་ལྔའི་ནང་གོམ་པ་གཅིག་མཚུངས་ཀྱིས་འབྱོར་འབྲིང་ཕྱོགས་སུ་སྐྱོད་ཐུབ་པ”བཅས་ཀྱི་བསྐྱར་སྐྲུན་དམིགས་ཚད་ལ་དམ་པོར་དམིགས་ཏེ་དབུན་ཁྲོན་དང་། ཡུལ་ཤུལ། ལུའུ་ཧྲན། གྲོ་མོ་བཅས་ཀྱི་ས་ཡོམ་གྱི་གནོད་འཚེ་ཕོག་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་གྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་དཔྱད་གཞིར་གང་ལེགས་འཛིན་པ་དང་། དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་པ། བསྐྱར་སྐྲུན་དམིགས་ཚད་དང་གཙོ་གནད་ལས་འགན་ཁ་གསལ་བཟོ་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྡོད་ཁང་བསྐྱར་སྐྲུན་སྔོན་ལ་སྐུལ་མ་གཏོང་བ། འགོག་སྲུང་དམག་གྲབས་ཀྱི་ཚད་གཞི་འོས་འཚམ་ངང་མཐོ་རུ་གཏོང་བ་བཅས་བྱས་ནས་བདེ་འཇགས་དང་། དཔལ་འབྱོར། སྤྱོད་གོ་ཆོད་པ་བཅས་བྱེད་དགོས་པ་དང་། སྤྱི་པའི་ཞབས་ཞུ་བསྐྱར་སྐྲུན་བྱེད་མགྱོགས་སུ་བཏང་ནས་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་དེ་བདེ་འཇགས་ལྡན་ཤོས་དང་། བརྟན་ཤོས། མང་ཚོགས་བློ་བདེ་ཤོས་བཅས་ཀྱི་སྐྲུན་དངོས་ཤིག་ཏུ་བསྐྲུན་ཐུབ་པ་བྱེད་དགོས་པ་དང་། རྨང་གཞིའི་སྒྲིག་བཀོད་བསྐྱར་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་རྨང་གཞིའི་སྒྲིག་བཀོད་ཀྱི་འགན་སྲུང་ནུས་པ་མཐོ་རུ་གཏོང་བ། གེགས་ཁུལ་གྱི་འཕེལ་རྒྱས་ཆ་རྐྱེན་ལེགས་སུ་ཏན་ཏིག་གཏོང་བ། འགོ་འཛུགས་ས་མཐོ་པོའི་ངང་ཐོན་ལས་བསྐྱར་སྐྲུན་ལ་སྐུལ་མ་གཏོང་བ། ཐོན་ལས་བཀོད་སྒྲིག་ལེགས་སྒྲིག་དང་ལེགས་སུ་བཏང་ནས་ཐོན་ལས་གཅིག་སྡུད་དང་། འདུ་འཛོམས། ལེགས་བསྡུས་ཞིབ་གཉེར་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་མ་གཏོང་དགོས་པ། སྣོད་བཅུད་བསྐྱར་སྐྲུན་ལ་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱས་ནས་གནོད་འཚེ་འགོག་བཅོས་དང་། སྣོད་བཅུད་བསྐྱར་གསོ། ཁོར་ཡུག་བཅོས་སྐྱོང་དང་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་སྣོད་བཅུད་ཤེས་དཔལ་གྱི་དཔེ་སྟོན་ཁུལ་སྐྲུན་དགོས་ཞེས་ནན་བཤད་གནང་བ་རེད།
ཚོགས་འདུའི་ཐོག རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་གྲོས་འཆམ་བྱུང་བའི《སྲིད་གཞུང་གི་ལས་དོན་སྙན་སྒྲོན》དང་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ། ལྗོངས་ཡོངས་ཀྱི་དབུལ་སྐྱོར་ལས་དོན་ཚོགས་འདུ་བཅས་ཀྱི་བཀོད་སྒྲིག་གཞིར་བཟུང་2016ལོའི་སྲིད་གཞུང་གི་གཙོ་གནད་ལས་འགན་དབྱེ་འབྱེད་ཞིབ་ཕྲ་བྱས་ཏེ་སྣེ་ཁྲིད་ཚན་པ་དང་མཉམ་སྐྲུན་ཚན་པ་གཏན་འཁེལ་བྱས་པ། ཞིབ་ཕྲའི་འགན་ཁུར་བ་དང་། འགན་འཁུར་མི་སྣ། དུས་བཀག་ལེགས་སྒྲུབ་བཅས་ཁ་གསལ་བཟོས་པ་རེད།