དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་དཔྱིད་གསར་དུས་ཆེན་གྱི་ཚེས་གཅིག་དང་བོད་ཀྱི་ལོ་གསར་གྱི་གནམ་གང་ཉིན་དུས་ཆེན་རིང་སྡོད་བྱ་བྱེད་མཁན་གྱི་མི་སྣར་གཟིགས་པ་དང་འབྲེལ་འཚམས་འདྲི་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛曲珍   |     སྤེལ་དུས།  2016-02-12

    ཟླ་2ཚེས་8ཉིན་ནི་ལུགས་རྙིང་ལོའི་ལོ་གསར་གྱི་ཚེས་གཅིག་དང་བོད་ཀྱི་ལོ་གསར་གྱི་གནམ་གང་ཡིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། རང་སྐྱོང་ལྗོངས་འཚམས་འདྲི་བྱེད་སྒོའི་སྤྱི་ཁྱབ་ཚོགས་པའི་ཚོགས་གཙོ་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་གྱིས་དུས་ཆེན་རིང་སྡོད་བྱ་བྱེད་མཁན་གྱི་མི་སྣར་གཟིགས་པ་དང་འབྲེལ་འཚམས་འདྲི་གནང་སྟེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་ལོ་གསར་གྱི་མཚམས་འདྲི་ཞུས་ཏེ་ཚང་མར་འཚོ་བ་སྐྱིད་པོ་དང་། བྱ་བ་ལམ་ལྷོངས། ཁྱིམ་ཚང་བདེ་སྐྱིད་བཅས་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུས་པ་རེད།

    ལྷ་ས་མེ་འཁོར་བབས་ཚུགས་ཀྱི་མེ་འཁོར་སྒུག་སའི་ཚོམས་ཆེན་ནང་བློ་བཟང་རྒྱལ་མཚན་གྱིས་ལས་གནས་བརྟན་སྲུང་བྱེད་མཁན་རེ་རེ་དང་བྱམས་བརྩེའི་ངང་ཕྱག་བཏང་ནས་དཀར་གཙང་མཇལ་དར་བསྒྲོན། བློ་བཟང་རྒྱལ་མཚན་གྱིས་ལྷ་ས་མེ་འཁོར་བབས་ཚུགས་ཀྱིས་ལས་སྒོ་གཉེར་ནས་ལོ་བཅུ་སོང་ཚུན། རྒྱ་ཆེའི་ལྕགས་ལམ་ལས་བྱེད་ལས་བཟོ་ཚོས་དོ་དོ་ཏན་ཏན་དང་སྒེར་སེམས་མེད་པའི་ལེགས་སྐྱེས་ཕུལ་ནས་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། རང་ལྗོངས་ཀྱི་སྐར་ཁུང་ཚན་པ་གལ་ཆེན་ཡིན་པའི་མེ་འཁོར་བབས་ཚུགས་ཀྱིས་བདེ་འཇགས་དང་། དོ་དམ། ཞབས་ཞུ། ཐོན་སྐྱེད་བཅས་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབས་ནས་སེམས་རྩ་འཁོལ་བའི་ཞབས་ཞུ་དང་ངང་རྒྱུད་རིང་ལ་ཞིབ་ཚགས་སྤུས་ལེགས་ཀྱི་ཞབས་ཞུའི་ཐོག་ནས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་། ཞི་མཐུན་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། ཤེས་དཔལ་ཡར་ཐོན་བཅས་ཀྱི་རྣམ་པ་བཟང་པོ་མངོན་པ་བྱས་ཏེ་ལྗོངས་ཕྱི་ནང་གི་ཡུལ་སྐོར་བ་ཁྱིམ་དུ་སླེབས་པ་ལྟ་བུའི་ཚོར་སྣང་ཡོང་བ་བྱེད་དགོས་ཞེས་གསུངས་པ་རེད།

    “དུས་ཆེན་སྤྲོ་པོ་ཡོང་བ་ཤོག བཀྲ་ཤིས་བདེ་ལེགས”ཞེས་བློ་བཟང་རྒྱལ་མཚན་གྱིས་ལྷ་ས་གྲོང་ཁྱེར་སྤྱི་སྤྱོད་རླངས་འཁོར་སྤྱི་ཁྱབ་ཀུང་སིའི་ལས་བྱེད་ལས་བཟོ་ཚོར་བྱམས་བརྩེའི་འཚམས་འདྲི་གནང་ཞིང་། ད་ཕན་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་གྱི་འགྲིམ་འགྲུལ་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་སྟེ་ཐཱན་ཉུང་ཕྱིར་ཐོན་དང་ལྗང་མདོག་ཕྱིར་ཐོན་ལ་སྐུལ་འདེད་ཤུགས་ཆེན་བཏང་བས་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་147སྤྱོད་འགོ་བཙུགས་ནས་སྤྱི་སྤྱོད་རླངས་འཁོར་གྱི་ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་ལས་འགན་སྔོན་ལ་ལེགས་གྲུབ་བྱུང་ཡོད། བློ་བཟང་རྒྱལ་མཚན་གྱིས་སྤྱི་སྤྱོད་རླངས་འཁོར་གྱིས་ལྷ་སའི་རྒྱལ་སྤྱིའི་ཡུལ་སྐོར་རིག་གནས་གྲོང་ཁྱེར་གཟུགས་བརྙན་གྱི་ཚབ་བྱེད་ཀྱི་ཡོད་པས་བོད་ཕྱི་ཕྱོགས་ལ་དྲིལ་བསྒྲགས་བྱེད་པའི་སྐར་ཁུང་གལ་ཆེན་དང་། མང་ཚོགས་ཚོའི་རྒྱུན་གཏན་གྱི་ཕྱིར་ཐོན་དང་འབྲེལ་བ་ཆེན་པོ་ཡོད་པས་དམངས་འཚོ་འགན་ལེན་གྱི་སྟེགས་བུ་གལ་ཆེན་ཞིག གྲོང་ཁྱེར་དོ་དམ་གྱི་ཆུ་ཚད་མཚོན་པས་གྲོང་ཁྱེར་ཤེས་དཔལ་གྱི་འཐབ་ཕྱོགས་དང་པོ། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་འབྲེལ་བ་ཡོད་པས་ཐཱན་ཉུང་ལྗང་མདོག་འཕེལ་རྒྱས་ཀྱི་གལ་ཆེའི་གནས་བཅས་ཡིན། དེར་བརྟེན་སྤྱི་པའི་འགྲིམ་འགྲུལ་གྱི་འཛུགས་སྐྲུན་དང་། དོ་དམ། ཞབས་ཞུ་བཅས་ཡག་པོ་བསྒྲུབ་རྒྱུ་ནི་གལ་འགངས་ཧ་ཅང་ཆེ་བ་དང་འགག་རྩ་ཞིག་ཡིན་པས་སྤྱི་སྤྱོད་དམངས་ཕན་ལ་མུ་མཐུད་སྐུལ་འདེད་བཏང་ནས་བདེ་འཇགས་དང་། སྟབས་བདེ། སྐྱིད་སྣང་དོད་པ་བཅས་ཀྱི་སྒོ་ནས་ཕྱིར་ཐོན་རྒྱུ་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ལྷ་ས་གྲོང་ཁྱེར་གློག་ལས་ཅུས་སུ་བློ་བཟང་རྒྱལ་མཚན་གྱིས་དུས་ཆེན་རིང་ལས་གནས་བརྟན་སྲུང་བྱེད་མཁན་གྱི་གློག་ཤུགས་ལས་དོན་མི་སྣ་ཚོར་དུས་ཆེན་གྱི་འཚམས་འདྲི་གནང་ཞིང་། བློ་བཟང་རྒྱལ་མཚན་གྱིས“ལོ་ལྔ་མཚན་བཅུ་གཉིས་པའི”རིང་། མཚོ་བོད་དང་ཁྲོན་བོད་གློག་དྲ་གཉིས་དྲ་སྦྲེལ་བྱུང་ནས་དངོས་ཨ་འཕྲང་དང་རྫམ་སོགས་ཆུ་ཤུགས་གློག་ཁང་ཁག་གཅིག་དངོས་སུ་སྤྱོད་འགོ་ཚུགས་ཏེ་བོད་དབུས་ཀྱི་གློག་དྲའི་གློག་ཚད་བཀག་གི་ལོ་རྒྱུས་མཇུག་འགྲིལ་ནས་གློག་ཤུགས་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ་དེའི་ནང་ལྗོངས་ཡོངས་ཀྱི་གློག་ཤུགས་ཁོངས་གཏོགས་ཀྱི་ལས་བྱེད་ལས་བཟོ་ཚོའི་སེམས་ནུས་གཅིག་ཏུ་འགྲིལ་ཡོད། གློག་དྲའི་འཛུགས་སྐྲུན་དང་གློག་ཤུགས་སྒྱུར་བཅོས་མུ་མཐུད་བྱེད་མགྱོགས་སུ་བཏང་སྟེ་ལྗོངས་ཡོངས་གཅིག་གྱུར་གི་གློག་དྲ་གང་མགྱོགས་བསྐྲུན་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་ཆེད་དེ་བས་ཆེ་བའི་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དུ་བློ་བཟང་རྒྱལ་མཚན་གྱིས་ནད་ཐོག་སྨན་བཅོས་ཀྱི་འཐབ་ས་དང་པོར་ལས་ཀ་བྱེད་མཁན་གྱི་སྨན་དོན་མི་སྣར་བྱམས་བརྩེའི་འཚམས་འདྲི་གནང་སྟེ་ལྗོངས་ཡོངས་ཀྱི་རིམ་ཁག་སྨན་ཁང་གི་སྨན་དོན་མི་སྣར་བླ་ན་མེད་པའི་གུས་འདུད་ཞུས་ཤིང་། ཚང་མས་འགོ་འཛུགས་ས་གསར་པའི་ཐོག་སྨན་ཁང་གི་སྲོལ་བཟང་དང་སྨན་པའི་ཀུན་སྤྱོད་ཀྱི་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ལས་སྒོའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུའི་ཐུགས་རེ་གནང་བ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།