དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་གཞིས་རྩེར་ཕེབས་ཏེ་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  索朗旺堆   |     སྤེལ་དུས།  2016-02-10

    ཟླ་2ཚེས་6ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། རང་སྐྱོང་ལྗོངས་འཚམས་འདྲིའི་བྱེད་སྒོའི་སྤྱི་ཁྱབ་ཚོགས་པའི་ཚོགས་གཙོ་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་གཞིས་རྩེར་ཕེབས་ཏེ་གེགས་ཁུལ་གྱི་མང་ཚོགས་དང་། འགན་ལེན་ལྔའི་རྒན་རྒོན། ཕན་བདེ་ཁང་གི་བྱིས་པ། དབུལ་པོའི་དུད་ཚང་བཅས་དང་། བཅིངས་འགྲོལ་དམག་གི་བཀོད་འདོམས་པ། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་བཅས་ལ་གཟིགས་པ་དང་འཚམས་འདྲི་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ཧྲུའུ་ཅི་ཁྲེན་ཆོན་གོའི་ཚབ་ཞུས་ནས་མི་རིགས་ཁག་གི་མི་དམངས་ཚོར་དཔྱིད་གསར་གྱི་རྟེན་འབྲེལ་ཞུས་གནང་ནས་བོད་ལྗོངས་དེ་བས་ཞི་མཐུན་མཛེས་སྡུག་དང་མི་དམངས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་ཡོང་བའི་སྨོན་འདུན་ཞུས་གནང་བ་རེད།

    ལོ་གསར་གྱི་ལྒང་བཞུ་དང་དཔྱིད་གསར་གྱི་བསོད་ནམས་མཚོན་པའི་རྒྱ་ཡིག་ཕུའུ་ཡིས་བརྒྱན་པའི་ཁང་གླ་དམའ་བའི་སྡོད་ཁང་དུ་བཀོད་སྒྲིག་བྱས་པའི་འགྲམ་ཁུལ་ཆུང་དུ་ལོ་གསར་གྱི་རྣམ་པ་ཧ་ཅང་ཟབ་མོ་ལྡན་པ་དང་། གེགས་ཁུལ་གྱི་མང་ཚོགས་ཚོས་ལོ་གསར་གྱི་ཉེར་མཁོ་གྲ་སྒྲིག་འདང་ངེས་བྱས་ཏེ་དགའ་དགའ་སྤྲོ་སྤྲོའི་ངང་བཀོད་སྒྲིག་བྱ་ཡུལ་གྱི་ལོ་གསར་དང་པོ་དེ་གཏོང་རྩིས་ཡོད་པ་རེད། བློ་བཟང་རྒྱལ་མཚན་སྔ་རྗེས་སུ་ངག་དབང་ལྷུན་གྲུབ་དང་། བཀྲ་ཤིས་ཚེ་རིང་། བསྟན་འཛིན་དབང་རྒྱལ། བློ་བཟང་བཅས་དུད་ཚང་བཞི་རུ་ཕེབས་ནས་གེགས་ཁུལ་མང་ཚོགས་ཚོར་འཚམས་འདྲི་ཞུས་གནང་བ་རེད། ཁོང་གིས་ཁྱིམ་ཚང་གི་ནང་མི་རྒན་གཞོན་ཚང་མ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བ་མ་ཟད། ད་དུང་དཀའ་ངལ་དང་དགོས་མཁོ་བཀའ་འདྲི་གནང་བ་རེད། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལོ་གསར་གོང་ཁྱིམ་དུ་ཕེབས་པས་ཚང་མ་དགའ་ཐག་ཆོད་དེ་ཏང་དང་སྲིད་གཞུང་གིས་གེགས་ཁུལ་མི་དམངས་ཀྱི་འཚོ་བར་ཐུགས་ཁུར་ཟབ་བཞེས་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། བློ་བཟང་རྒྱལ་མཚན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་སེམས་པ་གཅིག་ཏུ་སྦྲེལ་བའི་སྐུ་པར་དེར་ཞལ་ཕྱོགས་ནས་ཞིས་ཅིན་ཕིང་སོགས་ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་ཚོས་བོད་ཀྱི་གེགས་ཁུལ་མི་དམངས་ལ་ཐུགས་ཁུར་ཟབ་བཞེས་གནང་ནས་གཞིས་རྩེའི་གནོད་འཚེ་ཕོག་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ཐད་མཆན་བཀོད་མཛུབ་སྟོན་གལ་ཆེན་མང་དག་གནང་ཡོད། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་འོག་དང་གེགས་ཁུལ་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་ང་ཚོར་ཡོམ་འགོག་གེགས་སེལ་གྱི་ཕུ་ཐག་གཅོད་པའི་རྒྱལ་ཁ་ཐོབ་ངེས་ཡིན་ལ་དེ་བས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྱར་སྐྲུན་ཐུབ་རྒྱུ་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད། བློ་བཟང་རྒྱལ་མཚན་གྱིས་འཚམས་འདྲི་གནང་ཞོར་དུ་འགྲམ་ཁུལ་ཆུང་གི་ཁྱིམ་ཚང་90%ཡན་ལ་མི་སྣ་གཅིག་གམ་གཅིག་ལས་མང་བ་ལས་ཞུགས་ཐུབ་པ་མཁྱེན་རྟོགས་བྱུང་རྗེས་དགྱེས་ཚོར་ཧ་ཅང་ཆེན་པོ་བྱུང་ནས་བར་བརྒལ་བཀོད་སྒྲིག་གི་ལས་དོན་ཁག་ལ་མུ་མཐུད་དམ་འཛིན་ཡག་པོ་བྱས་ཏེ་གེགས་ཁུལ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་ཞི་མཐུན་དང་གོ་རིམ་ལྡན་པ་ཞིག་ཡོང་བ་བྱེད་དགོས་པའི་ཐུགས་རེ་གནང་བ་རེད།

    འགྲམ་ཁུལ་ཆུང་གི་ཐང་ཆེན་ཐོག་གྲོང་ཚོར་བཅའ་སྡོད་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་ཕྱི་ཕྱོགས་དྲིལ་བསྒྲགས་གཞུང་ལས་ཁང་གི་ལས་དོན་རུ་ཁག་གིས་འགྲམ་གྲོང་རྡལ་ལི་ཤིང་གྲོང་ལྷན་དང་མཉམ་དུ་ལོ་གསར་བསུ་བའི་ཇ་ཚོགས་འཚོག་བཞིན་ཡོད་པ་རེད། བློ་བཟང་རྒྱལ་མཚན་གྱིས་རང་འགུལ་ངང་བྱེད་སྒོའི་ནང་ཞུགས་གནང་བ་རེད། ལོ་གསར་པ་འཆར་ཉེའི་སྐབས་སུ་གྲོང་ལྷན་དུ“དྲིན་ཚོར། རྒྱལ་ཡོངས་མི་དམངས་ལ་སྤྲིངས་པའི་གཏོང་ཡིག་ཅིག”ཅེས་པའི་སློབ་མའི་རྩོམ་ཡིག་བསྡུ་བའི་འགྲན་བསྡུར་བྱས་པ་རེད། ཇ་ཚོགས་ཐོག་གེགས་ཁུལ་གྱི་སློབ་མ་ཚེ་བཟང་གིས་བརྩེ་བ་ཟབ་མོས“ཁྱེད་རྣམ་པའི་གཅེས་སེམས་དང་རེ་བས་ཁེངས་པའི་ལག་ཟུང་གིས་ང་ཚོར་རོགས་རམ་གནང་བ་མ་ཟད་ང་ཚོར་དེ་བས་བློ་རྩ་བརྟན་པོ་དགོས་པའི་ལྕག་སྐུལ་གནང་བས་ཁྱེད་རྣམ་པ་ནི་དེ་ལྟ་བུའི་རླབས་ཆེན་ཞིག་རེད”ཅེས་པའི་སྙན་ཚིག་གྱེར་ཀློག་བྱས་པ་བློ་བཟང་རྒྱལ་མཚན་གྱིས་གཟབ་ནན་ངང་གསན་པ་མ་ཟད་བྱ་དགའ་ཐོབ་མཁན་སློབ་མར་བྱ་དགའ་ཡང་གནང་བ་རེད།

    གཞིས་རྩེ་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་དང་པོ་ནི་རང་སྐྱོང་ལྗོངས་ཀྱི་དྭ་ཕྲུག་གཅིག་སྡུད་གསོ་ཉར་ཁང་ཡིན་པ་དང་ན་ནིང་ལོ་མཇུག་ཏུ་དུས་བཀག་ཐོག་སྤྱོད་འགོ་ཚུགས་ནས་མིག་སྔར་བྱིས་པ་474དེ་གར་འཚོ་བ་སྐྱེལ་གྱི་ཡོད། བློ་བཟང་རྒྱལ་མཚན་གྱི་མཐའ་སྐོར་ནས་བསྡད་པའི་བྱིས་པ་ཚོར་ཁོང་གིས“ལོ་གསར་པར་སླེབས་པས་ལོ་གཅིག་ཆེ་རུ་ཕྱིན་ཡོད”དང“ཕན་བདེ་ཁང་གི་འཚོ་བ་གང་འདྲ་འདུག”སོགས་བྱམས་བརྩེའི་ངང་བཀའ་འདྲི་གནང་བ་དང་བྱིས་པ་ཚོས་མ་གྲོས་གཅིག་མཐུན་ངང“ཡག་པོ་འདུག”ཅེས་བརྗོད། བློ་བཟང་རྒྱལ་མཚན་གྱིས་ཚང་མར་ཁོང་ནང་སར་སློབ་གཉེར་བྱེད་པའི་ཉམས་མྱོང་གསུངས་ཏེ་བྱིས་པ་ཚོར་སློབ་སྦྱོང་ཡག་པོ་བྱས་ནས་ནང་སའི་བོད་ལྗོངས་འཛིན་གྲྭ་དང་སློབ་ཆེན་དུ་ཚུད་པ་བྱས་ཏེ་མཛེས་སྡུག་ལྡན་པའི་ཕ་ཡུལ་སྐྲུན་དགོས་པའི་ལྕག་སྐུལ་གནང་བ་རེད།

    གཞིས་རྩེའི་ཕན་བདེ་ཁང་དང་པོར་བློ་བཟང་རྒྱལ་མཚན་གྱིས་རྒན་རྒོན་ཚོར་དཔྱིད་གསར་གྱི་འཚམས་འདྲི་གནང་ནས་ཚེ་རིང་ལོ་བརྒྱ་དང་ནད་མེད་ཚེ་རིང་ཡོང་བའི་སྨོན་འདུན་ཞུས་གནང་ཞིང་། ལས་དོན་པ་ཚོས་ནུས་ཤུགས་ཡོད་རྒུས་རྒན་རྒོན་ཚོའི་རྒྱུན་ལྡན་གྱི་འཚོ་བར་ལྟ་རྟོག་ཡག་པོ་བྱས་ཏེ་ཁོང་ཚོ་དེ་གར་ཡིད་རྣལ་དུ་ཕབ་ཐུབ་པ་དང་། འཚོ་བ་སྐྱིད་པོ་ཡོང་བ། ལུས་བདེ་སེམས་སྐྱིད་བཅས་བྱུང་ནས་ཁྱིམ་ཚང་ལྟར་གྱི་དྲོ་སྐྱིད་དངོས་འབྲེལ་ཚོར་ཐུབ་པ་དང་ཏང་དང་སྲིད་གཞུང་གི་ཐུགས་ཁུར་ཚོར་ཐུབ་པ་བྱེད་དགོས་པའི་ཐུགས་རེ་གནང་ཡོད།

    བསམ་གྲུབ་རྩེ་ཆུས་བདེ་ལེགས་གྲོང་ལྷན་གྱིས་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་བྱས་པ་བརྒྱུད་འགྲོ་སྐྱོད་ཀྱི་ཆ་རྐྱེན་ལེགས་སུ་ཤུགས་ཆེན་ཕྱིན་ཡོད། བློ་བཟང་རྒྱལ་མཚན་སྲང་ལམ་ནང་ཕེབས་ཏེ་གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་འཚམས་འདྲི་གནང་བ་དང་གཟིགས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་གནོད་འཚེ་ཚབས་ཆེན་ཕོག་པའི་ཤང་གི་མང་ཚོགས་ཀྱི་འཚོ་བར་དོ་ཁུར་ཆེན་པོ་གནང་གི་ཡོད་པ་དང་གཙོ་གནད་ཐོག་གཞིས་རྩེའི་གནོད་འཚེ་ཕོག་པའི་རྫོང་དང“4·25”ཡི་ས་ཡོམ་གྱི་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་གི་གནས་ཚུལ་སྙན་སེང་གསན་ཞིང་། ཁོང་གིས་མི་སེར་ནི་ཕ་ཡུལ་དང་རང་ཁྱིམ་ལ་ཤིན་ཏུ་གཅེས་པས་མང་ཚོགས་ལམ་ཕྱོགས་ལག་ལེན་བསྟར་རྒྱུ་གེགས་རྗེས་སླར་གསོ་བསྐྱར་བསྐྲུན་གྱི་ཐོག་མཐའ་བར་གསུམ་དུ་ཁྱབ་པ་བྱེད་པ་དང་མང་ཚོགས་ཀྱིས་གེགས་རྗེས་སླར་གསོ་བསྐྱར་བསྐྲུན་ལ་བཏོན་པའི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་གསན་ཏེ་སླར་གསོ་བསྐྱར་བསྐྲུན་ཐད་མང་ཚོགས་ཀྱིས་བཏོན་པའི་ལུགས་མཐུན་གྱི་བསམ་འཆར་དང་རེ་བ་ཡག་པོ་སྐོང་དགོས། མང་ཚོགས་ལ་ཡིད་ཆེས་དང་། མང་ཚོགས་སྐུལ་སློང་། མང་ཚོགས་སྒྲིག་འཛུགས་བཅས་གང་ལེགས་བྱེད་དགོས་པ་དང་། གེགས་རྗེས་ཞིང་འབྲོག་མང་ཚོགས་ཀྱི་ཨར་ལས་རུ་ཁག་གི་ནུས་པ་གང་ལེགས་འདོན་དགོས་པ། གེགས་རྗེས་མང་ཚོགས་ཀྱི་རང་སྟོབས་རང་སྤེལ་གྱིས་ཁྱིམ་གཞིས་བསྐྱར་བསྐྲུན་དང་རང་བརྟེན་ལས་གཏོད་བྱེད་པའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་ཆེ་རུ་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།