ཟླ་2ཚེས་1ཉིན་གྱི་ཕྱི་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་ལྷ་སར་ལས་གནས་ལས་བྲལ་ཉེར་ཡོད་པའི་ལྷ་སར་བཅའ་སྡོད་ནེ་པ་ལའི་ཁེ་སྐྱོང་ལས་ཤག་གི་སྤྱི་ཁྱབ་ཁེ་སྐྱོང་བ་ཧ་ལི·ཕུའུ་ལ་ས་ཏེ·པ་ཤའོ་དང་མཇལ་འཛོམས་གནང་བ་རེད།
བློ་བཟང་རྒྱལ་མཚན་གྱིས་ཧ་ལི·ཕུའུ་ལ་ས་ཏེ·པ་ཤའོ་ཡིས་གོ་གནས་བཞེས་རིང་ཀྲུང་ནེ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ལ་སྐུལ་འདེད་གཏོང་ཆེད་འབད་བརྩོན་ཧུར་ཐག་དང་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་དང་ལས་གནས་གསར་པའི་ཐོག་ཀྲུང་ནེ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འགྲོ་འོང་བྱ་གཞག་ནང་སྐུལ་འདེད་གཏོང་རྒྱུར་མུ་མཐུད་གཞོལ་ནས་བོད་རང་སྐྱོང་ལྗོངས་དང་ནེ་པ་ལའི་དབར་གྱི་སྤེལ་རེས་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་འགྲོ་རྒྱུར་ནུས་པ་འདོན་སྤེལ་གནང་རྒྱུའི་ཐུགས་རེ་གནང་བ་རེད།
བློ་བཟང་རྒྱལ་མཚན་གྱིས་ནེ་པ་ལས་སྔ་བར་ཕྱི་གསུམ་དུ་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་ལེན་བསྟར་ནས་ཕྱོགས་གཏོགས་གང་རུང་ཞིག་གིས་ནེ་པ་ལའི་མངའ་ཁོངས་ནང་ཀྲུང་གོར་ངོ་རྒོལ་གྱི་བྱེད་སྒོ་སྤེལ་དུ་མི་འཇུག་པར་ཚད་མཐོའི་བསྔགས་བརྗོད་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་བོད་རང་སྐྱོང་ལྗོངས་དང་ནེ་པ་ལའི་དབར་གྱི་དོན་གཉེར་མཉམ་ལས་ལ་ཚད་མཐོའི་ཁས་ལེན་གནང་བ་རེད། ཁོང་གིས་ཉེ་ལམ་ལོ་ཤས་རིང་ཀྲུང་ནེ་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་གྲུབ་འབྲས་ཉིན་རེ་བཞིན་ཕུན་སུམ་ཚོགས་སུ་ཕྱིན་པ་དང་། མི་སྣའི་དབར་ཕན་ཚུན་འགྲོ་འོང་དེ་བས་བྱེད་མང་དུ་ཕྱིན་པ། ཀྲུང་ནེ་རྒྱལ་ཁབ་གཉིས་པོའི་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་འབྲེལ་བའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་ཕྱིན་པ་བཅས་བྱུང་ནས་བོད་རང་སྐྱོང་ལྗོངས་དང་ནེ་པ་ལའི་དབར་གྱི་སྤེལ་རེས་མཉམ་ལས་ཐད་དབྱར་མཚོ་རྒྱས་པ་བཞིན་གྱི་འཕེལ་རྒྱས་ཀྱི་རྣམ་པ་ཞིག་མངོན་ཡོད་པ་སྟེ། གཅིག་ནས་མཐོ་རིམ་དབར་འགྲོ་འོང་བྱེད་ཟབ་ཏུ་ཕྱིན་ནས་ནེ་པ་ལའི་ཙུང་ཐུང་དང་ཙུང་ཐུང་གཞོན་པ་བོད་དུ་ལྟ་སྐོར་འཚམས་འདྲིར་ཁག་ཐེངས་མང་པོ་ཕེབས་པ་དང་། བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་འཐུས་མི་ཚོགས་པ་གྲུབ་འབྲས་ཐོབ་པའི་ངང་ནེ་པ་ལར་འཚམས་འདྲིར་བསྐྱོད་ནས་ཕན་ཚུན་ཡིད་ཆེས་བྱེད་ཟབ་ཏུ་དང་། མཐུན་ཆ་གཅིག་སྒྲིལ། མཉམ་ལས་ལ་སྐུལ་འདེད། མཛའ་གྲོགས་ཟབ་ཏུ་བཅས་ཕྱིན་པ་དང་། གཉིས་ནས་གཉིས་ཁེ་དང་ཕན་ཚུན་ཡིད་ཆེས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ནས་རོགས་སྐྱོར་འཆར་འགོད་བདེ་བླག་ངང་ལེགས་གྲུབ་བྱུང་བ་དང་ལས་དོན་ཐེངས་མང་སྤེལ་བ་དང་ལྷག་པར་དུ“4·25”ས་ཡོམ་ཁྲོད་མཉམ་ཤུགས་འདོན་སྤེལ་གྱིས་གེགས་སེལ་བྱས་པས་དཀའ་ཚེགས་ཆེ་བའི་དུས་སུ་བརྩེ་སེམས་ཟབ་མོ་ཆགས་པ། གསུམ་ནས་ཁྱབ་ཁོངས་ཁག་ནང་སྤེལ་རེས་མཉམ་ལས་ཉིན་རེ་བཞིན་ཟབ་ཏུ་ཕྱིན་ནས་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་སོགས་ཀྱི་གོ་སྐབས་གསར་པའི་སྐུལ་འདེད་འོག་དཔལ་འབྱོར་ཉོ་ཚོང་དང་། ཡུལ་སྐོར། འགྲིམ་འགྲུལ། རིག་གནས། ཉེན་རྟོག་ལས་དོན། འགག་སྒོ་འཛུགས་སྐྲུན་སོགས་ཀྱི་ཁྱབ་ཁོངས་ཁག་ནང་སྤེལ་རེས་མཉམ་ལས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ཡོད་ཅེས་གསུངས་པ་རེད།
ཧ་ལི·ཕུའུ་ལ་ས་ཏེ·པ་ཤའོ་ཡིས་བློ་བཟང་རྒྱལ་མཚན་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་མཇལ་འཛོམས་དང་། ཀྲུང་གོ་དང་བོད་རང་ལྗོངས་ཀྱིས་ནེ་པ་ལའི་བྱང་རྒྱུད་ས་ཁུལ་དུ་རོགས་སྐྱོར། “4·25”ས་ཡོམ་ཁྲོད་ནེ་པ་ལ་ཕྱོགས་ལ་ཤུགས་ཆེའི་རྒྱབ་སྐྱོར་བཅས་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་གོ་གནས་འཁུར་རིང་དེ་དུས་ཀྱི་ཙུང་ཐུང་གི་གོ་གནས་བཞེས་མཁན་ཡ་ཏ་ཕུའུ་ཚུད་པའི་ནེ་པ་ལའི་ཕྱོགས་ཀྱི་མཐོ་རིམ་འཚམས་འདྲི་ཚོགས་པ་ཁག་ཐེངས་མང་པོ་བོད་དུ་ལྟ་སྐོར་འཚམས་འདྲིར་སླེབས་པ་དང་། ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་ཚོགས་པའི་སྣེ་ཁྲིད་ནས་ལེགས་གྲུབ་ལྡན་པའི་ངང་ནེ་པ་ལར་འཚམས་འདྲི་གནང་ནས་ནེ་པ་ལ་དང་བོད་རང་སྐྱོང་ལྗོངས་ཀྱི་མཐོ་རིམ་དབར་རྒྱུན་ཆད་མེད་པ་འགྲོ་འོང་ཡོང་རྒྱུར་བསམ་ཤེས་བྱེད་ཤུགས་ཆེ་རུ་དང་མཛའ་གྲོགས་ཟབ་ཏུ་ཕྱིན་ནས་ཀྲུང་ནེ་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་མཉམ་ལས་འབྲེལ་བ་ཇེ་ཟབ་ཏུ་ཕྱིན་ཡོད། ལྷ་སར་བཅའ་སྡོད་ཁེ་སྐྱོང་ལས་ཤག་ཏུ་གོ་གནས་འཁུར་བའི་བརྒྱུད་རིམ་ཧ་ཅང་སྤྲོ་སྣང་ལྡན་པ་ཞིག་ཡིན་ཞིང་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་བྱུང་བ་དང་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པར་མྱོང་ཚོར་ཟབ་མོ་བྱུང་། ངས་འཕེལ་རྒྱས་ཞི་མཐུན་དང་མཛེས་སྡུག་བདེ་སྐྱིད་ལྡན་པའི་བོད་ལྗོངས་ཤིག་ནེ་པ་ལའི་མི་དམངས་ལ་ངོ་སྤྲོད་ཞུ་རྒྱུ་ཡིན་ཞེས་གསུངས་པ་དང་ཁོང་གིས་སྔ་བར་ཕྱི་གསུམ་དུ་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་ལེན་བསྟར་ནས་ཀྲུང་ནེ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཟབ་ཏུ་འགྲོ་རྒྱུར་འབད་བརྩོན་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།