སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གསུམ་པ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་སྒྲུབ་ཚུལ་སྐོར་གྱི་སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན།
ཨུ་ཡོན་རྣམ་པ།
སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར། ངས་སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གསུམ་པ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་སྒྲུབ་ཚུལ་ཚོགས་ཆེན་ཐོག་སྙན་སེང་ཞུ་རྒྱུ་ཡིན་པས་གྲོས་ཞིབ་གནང་རོགས་ཞུ་རྒྱུ་ཡིན།
2015ལོའི་གྲོས་གཞིའི་ལས་དོན་སྒྲུབ་ཚུལ།
རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གསུམ་པ་འཚོགས་ཚུན། རྒྱལ་ཡོངས་སྲིད་གྲོས་ཀྱི་མཛུབ་ཁྲིད་དང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་སྐུ་གཞོན། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་མཆོག་གི་སྣེ་ཁྲིད་འོག རྒྱུན་ལས་ཨུ་ལྷན་གྱིས་སྲིད་གྲོས་ཀྱི་ཐེ་ཞུགས་ཚན་པ་ཁག་དང་། རྒྱ་ཆེའི་ཨུ་ཡོན་སྒྲིག་འཛུགས་དང་སྐུལ་སློང་བྱས་ཏེ“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་རྒྱུན་འཁྱོངས་ཀྱིས་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དང་གྲོས་གཞིའི་ལས་ཀའི་མཛད་ཕྱོགས་དོན་འཁྱོལ་བྱས་ཐོག རང་འགན་གཙང་སྒྲུབ་དང་གྲོས་མོལ་སྲིད་གླེང་ཧུར་ཐག་བྱས་ཤིང་། ཁྱོན་བསྡོམས་གྲོས་གཞི་ཁག་495འདོན་འབུལ་ཞུས་པ་དང་། དེ་དག་ཚང་མ་ཞིབ་དཔྱད་བྱས་ནས་གྲོས་ཁོངས་སུ་བཅུག་ཡོད། གྲོས་གཞི་སྒྲུབ་འགན་འཁུར་མཁན(སྒྲུབ་སྐུལ་བྱེད་མཁན)ཚན་པས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། ན་ནིང་ཟླ་10པའི་ཟླ་མཇུག་བར་གྲོས་གཞི་ཚང་མ་གཉེར་སྒྲུབ་ལན་འདེབས་ཟིན་ཞིང་། དེའི་ནང་བཏོན་པའི་གནད་དོན་ཐག་གཅོད་བྱས་ཟིན་པའམ་ཡང་ན་གཞན་གྱིས་དང་ལེན་བྱས་པའི་བསམ་འཆར་དང་གྲོས་འགོ་ཁག་241ཡོད་པ་དང་། འཆར་གཞིའི་ནང་བཅུག་སྟེ་ཐག་གཅོད་དང་དང་ལེན་བྱེད་རྩིས་ཡོད་པའི་གྲོས་གཞི་ཁག་136ཡོད་པ། ཆ་རྐྱེན་མ་འཛོམས་པར་གནས་སྐབས་ཐག་གཅོད་བྱེད་དཀའ་བའམ་ཡང་ན་དཔྱད་གཞིར་འཛིན་རྒྱུའི་གྲོས་གཞི་ཁག་118ཡོད་པ་བཅས་ཀྱིས་ཁག་སོ་སོར་48.7%དང་། 27.5% 23.8%ཟིན་པས། གྲོས་གཞི་འདོན་མཁན་མོས་པོ་བྱུང་བ་དང་རྩ་བའི་ཆར་མོས་པོ་བྱུང་ཚད་མངོན་གསལ་དོད་པོས་མང་དུ་སོང་ཡོད།
གཅིག ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་ཞུ་བསྒྲུབས་ནས་གྲོས་གཞིའི་གལ་ཆེའི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ།
རྒྱུན་ལས་ཨུ་ལྷན་གྱིས་ཐོག་མཐའ་བར་གསུམ་དུ་གྲོས་གཞིའི་ལས་དོན་དེ་མངོན་ཆེའི་གནས་བབ་ཏུ་བཞག་ཐོག་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་ཞུ་བསྒྲུབས་ནས་གྲོས་གཞི་གཉེར་སྒྲུབ་དང་གྲོས་མོལ་བྱེད་པའི་ལས་དོན་ལ་སྐུལ་སྤེལ་གཏིང་ཟབ་བཏང་སྟེ་གྲོས་གཞིའི་ཐོག་ནས་འབྲེལ་བ་མཐུན་སྦྱོར་དང་། ནུས་ཤུཊ་གཅིག་སྒྲིལ། ཐབས་ཇུས་གཉིས་འདོན། སྤྱི་ཡོངས་ལ་ཞབས་ཞུ་བསྒྲུབ་པ་བཅས་བྱེད་པའི་གལ་ཆེའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད།
(གཅིག)རང་ལྗོངས་གོང་འཕེལ་ཆེན་པོ་ཡོང་བར་ཕན་སྐུལ་གཏོང་ཆེད་སྲིད་དོན་སྐྱོང་རོགས་ཀྱི་བསམ་ཇུས་བཏོན་པ། རྒྱུན་ལས་ཨུ་ལྷན་གྱིས་ཨུ་ཡོན་དང་སྲིད་གྲོས་ཀྱི་ཐེ་ཞུགས་ཚན་པ་ཁག་སྒྲིག་འཛུགས་བྱས་ཏེ་འཕར་སྣོན་བརྟན་པོ་དང་། གྲུབ་ཆ་ལེགས་སྒྲིག བསྒྱུར་བཅོས་ལ་སྐུལ་འདེད། དེ་བཞིན“ལོ་ལྔ་ཚན་བཅུ་གཉིས་པ”བདེ་བླག་ངང་མཇུག་བསྡུ་རྒྱུ་དང་“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་བཟོ་རྒྱུར་དམིགས་ཏེ་གྲོས་གཞི་ཁག་90བཏོན་ནས་ནུས་ཤུགས་ཡོད་རྒུས་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་འཕེལ་གཏོང་རྒྱུར་ཕན་སྐུལ་བཏང་ཡོད། དེ་བཞིན་ཨུ་ཡོན་སྒྲིག་འཛུགས་བྱས་ཏེ་སི་ཁྲོན་ཞིང་ཆེན་སྲིད་གྲོས་དང་མཉམ་འབྲེལ་ཐོག་བརྟག་ཞིབ་བྱས་ནས་རྒྱལ་ཡོངས་ཀྱི“ཚོགས་འདུ་གཉིས”ལ་ཕུལ་བའི“ཁྲོན་བོད་བགྲོད་ལམ་ཆེ་མོ་འཛུགས་སྐྲུན་གང་མགྱོགས་བྱ་རྒྱུའི་སྐོར་གྱི”མིང་མཉམ་འགོད་ཀྱི་གྲོས་གཞི་དེ་རྒྱལ་ཡོངས་སྲིད་གྲོས་ཀྱི་གཙོ་གནད་གྲོས་གཞིའི་ཁོངས་སུ་བཅུག་ཡོད། “རྒྱུད་གཅིག་ལམ་གཅིག”ནང་བོད་ལྗོངས་ཐེ་ཞུགས་བྱེད་པའི་འཐབ་ཇུས་འཆར་འགོད་བཟོ་རྒྱུ་དང་། “འབྲི་གཡག་ཐོན་ལས་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུ” “སྐྱེ་དངོས་ཀྱི་ནུས་པ་ལས་གྲུབ་པའི་འབུད་རྫས་ཁྱབ་གདལ་གཏོང་རྒྱུ”སོགས་སྐོར་གྱི་གྲོས་གཞིར་ལྗོངས་ཏང་ཨུད་དང་། སྲིད་གཞུང་། འབྲེལ་ཡོད་ཕྱོགས་ཁག་གིས་གཟིགས་མཐོང་ཆེན་པོ་གནང་ཞིང་། གྲོས་འཆར་མང་པོ་ཞིག《ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བར་སྔར་བས་སྐུལ་སྤེལ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ལག་བསྟར་བསམ་འཆར》དང་《“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་འགོད་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་གྲོས་འཆར》ནང་བཅུག་ཡོད། “དངུལ་རྩའི་ཐོག་ནས་ཆུ་ཤུར་རྫོང་གི་གྲོང་གསེབ་བསྒྱུར་བཅོས་བྱེད་པའི་ཚོད་ལྟའི་ཁུལ་ལ་རྒྱབ་སྐྱོར་བྱ་རྒྱུའི”སྐོར་གྱི་གྲོས་གཞི་བཏོན་པ་དེས་ལྷ་ས་གྲོང་ཁྱེར་ནས་གསེར་སྙེའི“ཞིང་ཕན”ལས་གཞིའི་འཆར་འགོད་སྔར་བས་ཡག་པོ་བཟོ་རྒྱུ་དང་། POSའཕྲུལ་འཁོར་དང་ATMདངུལ་ལེན་འཕྲུལ་འཁོར་སོགས་ཀྱི་ཞབས་ཞུའི་མཐའ་སྣེ་ཁྱབ་བཀོད་ཡག་པོ་བྱས་ཏེ་ཡིད་རྟོན་ཁོར་ཡུག་དང་། ཁག་ཐེག་མ་ལག ཡིད་རྟོན་དངུལ་བུན་ལམ་ལུགས་བཅས་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་ཡོད།
(གཉིས) རང་ལྗོངས་ཡུན་རིང་བདེ་འཁོད་ཡོང་ཆེད་ཇུས་ཤུགས་གཉིས་འདོན་བྱས་པ། རྒྱུན་ལས་ཨུ་ལྷན་གྱིས་ཨུ་ཡོན་དང་སྲིད་གྲོས་ཀྱི་ཐེ་ཞུགས་ཚན་པ་ཁག་སྒྲིག་འཛུགས་བྱས་ཏེ་ཏང་གི་བོད་སྐྱོང་མཛད་ཇུས་དང་། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”གལ་ཆེའི་འཐབ་ཇུས་དགོངས་པ་དང་། “མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་སྟེ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས”པའི་གལ་ཆེའི་མཛུབ་སྟོན། དེ་བཞིན་ལྗོངས་ཏང་ཨུད་ཀྱི“ཕྱོགས་བཅུའི་ཐད”ཀྱི་བརྟན་ལྷིང་སྲུང་སྐྱོང་བྱ་ཐབས་བཅས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་རྒྱུར་དམིགས་ནས་གྲོས་གཞི་ཁག་76བཏོན་པ་དེས་རང་ལྗོངས་ཡུན་རིང་བདེ་འཁོད་ཡོང་བར་ཐབས་ཇུས་བཟང་པོ་བཏོན་ཡོད། དེའི་ཁྲོད“མཐའ་མཚམས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ”དང་། “ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་བྱ་རྒྱུར་སྐུལ་སྤེལ་གཏོང་རྒྱུ” “དྲ་མིག་ཅན་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ” “སྡེ་ཁུལ་གྱི་ཡོ་བསྲང་བྱ་ཐབས་བཟོ་འདོན་བྱ་རྒྱུ” “ཁྲིམས་བཞིན་བོད་ལྗོངས་སྐྱོང་བའི་སྤྱི་ཚོགས་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུ”སོགས་སྐོར་གྱི་གྲོས་གཞི་བཏོན་ཞིང་། བསམ་འཆར་དང་གྲོས་འགོ་མང་པོ་ཞིག་ལྗོངས་ཏང་ཨུད་དང་། སྲིད་གཞུང་། འབྲེལ་ཡོད་འགན་ནུས་སྡེ་ཚན་བཅས་ཀྱིས་དང་ལེན་བྱས་པར་བརྟེན། གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་སྲིད་གྲོས་ཀྱི་ནུས་པ་འདོན་སྤེལ་ཐུབ་ཡོད། དེ་བཞིན“གྲོང་ཚོར་བཅའ་སྡོད་ལས་བྱེད་པའི་རྗེས་གྲབས་སྟོབས་ཤུགས་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ”དང་“དགོན་སྡེ་དོ་དམ་ཨུ་ལྷན་དུ་སྤྱི་ཚོགས་གསར་རྙིང་བསྡུར་བའི་འགྲེམས་སྟོན་ཁང་འཛུགས་སྐྲུན་བྱ་རྒྱུ”སོགས་ཀྱི་གྲོས་གཞིར། འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་སོགས་འགན་ནུས་སྡེ་ཚན་གྱིས་མཐོང་ཆེན་པོ་བྱས་པ་མ་ཟད་དོན་འཁྱོལ་བྱེད་རྒྱུར་སྐུལ་སྤེལ་བཏང་སྟེ་དགོན་སྡེའི་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ་དང་གསར་གཏོད་བྱེད་རྒྱུར་གལ་ཆེའི་དཔྱད་གཞི་མཁོ་འདོན་བྱས་ཡོད། གཞན་ཡང་“ཁྲིམས་བཞིན་བོད་ལྗོངས་སྐྱོང་རྒྱུ་དང་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་བྱ་རྒྱུར་སྐུལ་སྤེལ་གཏོང་རྒྱུའི”སྐོར་གྱི་གྲོས་གཞིར། ལྗོངས་ཁྲིམས་འཛིན་ཐིང་དང་ཁྲིམས་ལུགས་ཁྱབ་གདལ་གཞུང་ལས་ཁང་གིས་གཉེར་སྒྲུབ་འཆར་གཞི་ཡག་པོ་བཟོས་ཏེ“ལོ་ལྔ་ཚན་བདུན་པའི”ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་ཁྲོད་དོན་འཁྱོལ་བྱ་རྒྱུ་རེད།
(གསུམ) དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་ཆེད་ཐབས་འདོན་ཇུས་འབུལ་བྱས་པ། རྒྱུན་ལས་ཨུ་ལྷན་གྱིས་ཨུ་ཡོན་དང་སྲིད་གྲོས་ཀྱི་ཐེ་ཞུགས་ཚན་པ་ཁག་སྒྲིག་འཛུགས་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་ལག་བསྟར་དོན་འཁྱོལ་དང་། ལྗོངས་ཏང་ཨུད་ཀྱིས་དམངས་ཕན“བྱ་བ་དངོས་བཅུ”ཡག་པོ་བསྒྲུབ་པ། མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་གྱི་གནད་དོན་བཅས་ལ་དམིཊ་ཏེ་གྲོས་གཞི་ཁག་105བཏོན་ཞིང་། གྲོས་གཞིར་བརྟེན་ནས་མང་ཚོགས་དང་འབྲེལ་བ་བྱ་རྒྱུ་དང་། མང་ཚོགས་ལ་ཞབས་ཞུ་བསྒྲུབ་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད་པ་དཔེར་ན། “གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ནང་གྲོང་ཚོའི(གྲོང་མི)ཏང་ཀྲི་པུའུ་ཧྲུའུ་ཅི་དང་དྲུང་ཡིག་འདེམས་གཏོང་བྱ་རྒྱུའི”གྲོས་གཞིར། ལྗོངས་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་ནས་མཐོང་ཆེན་པོ་བྱས་ཤིང་། དུས་ཁག་ལྔ་པའི་ལས་དོན་རུ་ཁག་བརྗེ་པོ་རྒྱག་སྐབས་ཞིབ་འཇུག་ནན་ཏན་བྱས་ཏེ་ཐག་གཅོད་བྱ་རྒྱུ་རེད། “འགོ་འཇོ་རྫོང་གི་ས་ངན་ཁུལ་ཕྱོགས་བསྡུས་བཅོས་སྐྱོང་བྱ་རྒྱུའི”སྐོར་གྱི་གྲོས་གཞིར། ལྗོངས་སྲིད་གཞུང་གི་དབུ་ཁྲིད་ཀྱིས་བརྟག་ཞིབ་ཚོགས་ཆུང་གི་སྣེ་ཁྲིད་དེ་ས་ཡུལ་དངོས་སུ་བརྟག་ཞིབ་བྱས་ནས་ཡུག་འབྲེལ་བཅོས་སྒྲིག་དང་གནད་འཕིགས་དབུལ་སྐྱོར་སོགས་བྱ་རྒྱུའི་བྱེད་ཐབས་བཟོ་འདོན་བྱས་ཡོད། “ལྷ་གཞིས་ལྕགས་ལམ་འཁོར་སྐྱོད་བྱེད་པའི་ཁྲོད་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ”དང་། “གཞི་རིམ་གྱི་བཟའ་བཅའ་དང་སྨན་རྫས་ལ་ལྟ་སྐུལ་དོ་དམ་བྱེད་པའི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ” “འགན་བབས་སློབ་གསོའི་དུས་མཚམས་ཀྱི་སློབ་ཁྲིད་ཆུ་ཚད་མཐོ་རུ་གཏོང་རྒྱུ” “ལས་རིགས་སློབ་གསོ་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུ” “གཞི་རིམ་གྱི་ལས་བྱེད་པ་དང་ལས་བཟོའི་སྡོད་ཁང་ཐག་གཅོད་བྱ་རྒྱུ” “དབུལ་སྐྱོར་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ” “སྤྱི་ཕན་རང་བཞིན་གྱི་ལས་གནས་ཐོག་གི་ལས་བྱའི་གླ་ཕོགས་དང་ཕན་བདེའི་ཐོབ་ཐང་མཐོ་རུ་གཏོང་རྒྱུ”སོགས་ཀྱི་གྲོས་གཞིར། སྒྲུབ་འགན་འཁུར་མཁན་ཚན་པ་ཁག་གིས་བརྟག་ཞིབ་གཏིང་ཟབ་དང་གཉེར་སྒྲུབ་ནན་ཏན་བྱས་ཏེ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་བསྒྱུར་འཕེལ་བརྟན་གསུམ་གྱི་འབྲས་བུ་མཉམ་སྤྱོད་ཐུབ་རྒྱུར་སྐུལ་འདེད་བཏང་ཡོད།
(བཞི)རང་ལྗོངས་ཀྱི་རིག་གནས་དར་འཕེལ་ལ་སྐུལ་འདེད་གཏོང་ཆེད་ཐབས་ཇུས་བཏོན་པ། རྒྱུན་ལས་ཨུ་ལྷན་གྱིས་ཨུ་ཡོན་དང་སྲིད་གྲོས་ཀྱི་ཐེ་ཞུགས་ཚན་པ་ཁག་སྒྲིག་འཛུགས་བྱས་ཏེ་བོད་ལྗོངས་འདི་ཉིད་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུབ་སྐྱོབ་བྱེད་ཁུལ་དང་། གཞི་རྩའི་སྤྱི་པའི་རིག་གནས་ཀྱི་སྒྲིག་བཀོད་འཛུགས་སྐྲུན་གང་མགྱོགས་བྱ་རྒྱུ། དེང་རབས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་རྒྱུ་སོགས་ལ་དམིགས་ཏེ་གྲོས་གཞི་ཁག་110བཏོན་ནས་རང་ལྗོངས་ཀྱི་རིག་གནས་བྱ་གཞག་གོང་འཕེལ་གཏོང་རྒྱུར་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱས་པ་དཔེར་ན། “བོད་མི་རིགས་ཀྱི་དམིགས་བསལ་རིག་གནས་སྒྱུ་རྩལ་སློབ་སྦྱོང་བྱེད་སའི་འཕྲིན་ལམ་གསར་འཛུགས་བྱ་རྒྱུའི”གྲོས་གཞིར། ལྗོངས་གསར་འགྱུར་དཔེ་སྐྲུན་དང་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ནས་མཐོང་ཆེན་པོ་བྱས་ཏེ་རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་དང་རླུང་འཕྲིན་བརྙན་འཕྲིན་ཅུད་ལ་བོད་ལྗོངས་སྲུང་སྐར་བརྙན་འཕྲིན་གྱི་རིག་གནས་འཕྲིན་ལམ་འཛུགས་རོགས་ཧུར་ཐག་ཞུས་ཡོད། “དགོན་སྡེའི་རིག་དངོས་སྲུང་སྐྱོབ་ཀྱི་རྣམ་གྲངས་དོན་འཁྱོལ་བྱ་རྒྱུའི”སྐོར་གྱི་གྲོས་གཞི་དེ《བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་དོན་ཁོངས་གཏོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པའི་རྣམ་གྲངས》ནང་བཅུག་ཡོད། “མཁའ་དབྱིངས་ཀྱི་རིག་གནས་ཐོན་ལས་གོང་འཕེལ་གཏོང་རྒྱུའི”སྐོར་གྱི་གྲོས་གཞིར། མངའ་རིས་ས་གནས་སྲིད་འཛིན་ཀུང་ཧྲུའུ་ཡིས་མཐོང་ཆེན་བྱས་ཤིང་། ཆེད་དམིགས་མ་དངུལ་གཤམ་སྤྲོད་བྱས་ཏེ་མངའ་རིས་ས་གནས་ཀྱི་མཁའ་དབྱིངས་ཀྱི་རིག་གནས་གྲགས་རྟགས་བཏོད་ཡོད། “རིག་གནས་ཐོན་ལས་གོང་འཕེལ་གཏོང་རྒྱུ”དང་། “ཁྱུང་ལུང་གནའ་བོའི་མཁར་རྫོང་སྲུང་སྐྱོབ་བྱ་རྒྱུ” “ཉམས་ཉེན་ཆེ་བའི་རིག་དངོས་སྲུང་སྐྱོབ་ཚན་པ་ཉམས་གསོ་བྱ་རྒྱུ” “རིག་གནས་ཐོན་ལས་གོང་འཕེལ་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ” “རིག་གནས་ཀྱི་མོས་སེམས་ཆེ་རུ་གཏོང་རྒྱུ”སོགས་སྐོར་གྱི་གྲོས་གཞི་བཏོན་པ་དེ་དག་ཐོག་ནས་རང་ལྗོངས་ཀྱི་རིག་གནས་དར་འཕེལ་ཆེན་པོ་ཡོང་བར་ཇུས་འཆར་བཏོན་ཡོད།
(ལྔ)མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱ་རྒྱུར་ཕན་སྐུལ་གཏོང་ཆེད་སྲིད་དོན་སྐྱོང་རོགས་ཀྱི་གྲོས་འཆར་བཏོན་པ། རྒྱུན་ལས་ཨུ་ལྷན་གྱིས་ཨུ་ཡོན་དང་སྲིད་གྲོས་ཀྱི་ཐེ་ཞུགས་ཚན་པ་ཁག་སྒྲིག་འཛུགས་བྱས་ཏེ། བོད་ལྗོངས་འདི་ཉིད་འབྱུང་ཁམས་ཀྱི་བདེ་འཇགས་སྲུང་བཅད་གལ་ཆེན་ཞིག་དང་འཐབ་ཇུས་ཐོན་ཁུངས་ཀྱི་གྲབས་གསོག་རྟེན་གཞི་གལ་ཆེན་ཞིག་ཡིན་པ་དང་། མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་རྒྱུ་བཅས་ལ་དམིགས་ནས་གྲོས་གཞི་ཁག་101བཏོན་ཡོད། དེ་ཡང་“དཔལ་འབར་རྫོང་ལྕགས་གོང་ཤང་དེ་རྒྱལ་ཁབ་རིམ་པའི་བདག་མེད་སྲོག་ཆགས་སྲུང་སྐྱོབ་ཁུལ་ཁོངས་སུ་འཇུག་རྒྱུའི”སྐོར་གྱི་གྲོས་གཞིར་ལྗོངས་ཏང་ཨུད་དང་། སྲིད་གཞུང་། སྲིད་གྲོས་བཅས་ནས་མཐོང་ཆེན་པོ་གནང་སྟེ། ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པས་སྣེ་ཁྲིད་པའི་བརྟག་ཞིབ་ཚོགས་ཆུང་ས་ཡུལ་དངོས་སུ་བསྐྱོད་དེ་བརྟག་ཞིབ་བྱས་ཐོག རིམ་རིགས་ཁག་གི་བཞུགས་མོལ་ཚོགས་འདུ་ཐེངས་20ལྷག་ཙམ་སྐོང་འཚོགས་བྱས་པ་དང་། བརྟག་ཞིབ་སྙན་ཞུ་དང་འབྲེལ་ཡོད་ཀྱི་དཔྱད་ཡིག་ཁག་10ལྷག་ཙམ་གྲུབ་སྟེ་ལྗོངས་ནགས་ལས་ཐིང་ནས“ལྕགས་གོང་ཤང་རང་བྱུང་སྲུང་སྐྱོབ་ཁུལ”དང་བོད་ལྗོངས་ཀྱི་ལྗོངས་ལ་མཚོའི་འཁྱགས་རོམ་གྱི་རྒྱབ་ཁབ་རིམ་པའི་གཤེར་སའི་སྤྱི་གླིང་གི་སྔོན་གྲབས་སྙན་ཞུའི་ལས་ཀ་ལེགས་སྒྲུབ་བྱས་ཡོད། “མེ་ཏོག་རྫོང་དེ་འབྱུང་ཁམས་ཤེས་དཔལ་སྔོན་གཏོད་ཀྱི་དཔེ་སྟོན་ཁུལ་དུ་འཛུགས་སྐྲུན་བྱ་རྒྱུའི”སྐོར་གྱི་གྲོས་གཞི་དེར་ཉིང་ཁྲི་གྲོང་ཁྱེར་གྱིས་མཐོང་ཆེན་པོ་བྱས་ནས་ཡར་ཀླུང་གཙང་པོའི་གྲོག་རོང་ཆེ་མོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི(དུས་ཁག་བཞི་པ)ཞིབ་འཇུག་བྱེད་འཐུས་སྙན་ཞུ་དང་《མེ་ཏོག་རྫོང་དེ་རྒྱལ་ཁབ་ཀྱི་གཙོ་གནད་འབྱུང་ཁམས་ནུས་ཐོན་ཁུལ་དུ་སྐྲུན་རྒྱུའི་ཚོད་ལྟའི་དཔེ་སྟོན་ཇུས་གཞི》བཟོ་བའི་ལས་ཀར་སྐུལ་འདེད་བཏང་ཡོད། དེ་བཞིན“བོད་སྨན་སྨན་རྒྱུའི་ཐོན་ཁུངས་ཀྱི་དཀར་ཆག་ཆེ་མོ་གསུམ་ཞིབ་འཇུག་བཟོ་འབེབས”སྐོར་གྱི་གྲོས་གཞི་དེ《བོད་རང་སྐྱོང་ལྗོངས་ཀྱི་སྣེ་མང་སྐྱེ་དངོས་སྲུང་སྐྱོབ་བྱེད་པའི་འཐབ་ཇུས་དང་ལས་འགུལ་སྤེལ་རྒྱུའི་འཆར་གཞིའི(2015-2030ལོ)》ནང་བཅུག་ཡོད། “ས་སྐྱའི་གནའ་གྲོང་དེ་རྒྱལ་ཁབ་ཀྱི་A5རིམ་པའི་གནས་ལྗོངས་ཁུལ་ལ་རེ་ཞུ་བྱ་རྒྱུའི་སྐོར་གྱི་གྲོས་གཞི”དང་“ཡར་འབྲོག་གཡུ་མཚོའི་མཐའ་སྐོར་གྱི་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུའི་སྐོར་གྱི་གྲོས་གཞི”སོགས་ལ་འབྲེལ་ཡོད་ཕྱོགས་ཁག་ནས་མཐོང་ཆེན་པོ་བྱས་པ་དང་སྦྲགས་གཉེར་སྒྲུབ་ལན་འདེབས་བྱས་ཡོད།
(དྲུག)སྲིད་གྲོས་རང་ངོས་ལེགས་སྐྱོང་བྱ་རྒྱུར་རིག་ནུས་གང་ཡོད་བཏོན་པ། རྒྱུན་ལས་ཨུ་ལྷན་གྱིས་ཨུ་ཡོན་དང་སྲིད་གྲོས་ཀྱི་ཐེ་ཞུགས་ཚན་པ་ཁག་སྒྲིག་འཛུགས་བྱས་ཏེ། སྲིད་གྲོས་ཀྱི་ཨུ་ཡོན་དང་། ཆེད་དོན་ཨུ་ཡོན་ལྷན་ཁང་། རིགས་ཁོངས། ལས་ཁུངས་བཅས“ཕྱོཊ་བཞི་གཞི་གཅིག”གི་གནད་དོན་ལ་དམིཊ་ཏེ་གྲོས་གཞི་ཁག་13བཏོན་ཡོད་ཅིང་། དེ་དག་ཁྲོད་ནས“སྲིད་གྲོས་ཆ་འཕྲིན་ཅན་དུ་འཛུགས་སྐྱོང་གང་མགྱོགས་བྱ་རྒྱུའི”སྐོར་གྱི་གྲོས་གཞི་དེར་ལྗོངས་སྲིད་གྲོས་ཀྱིས་མཐོང་ཆེན་པོ་བྱས་ནས་རང་འགུལ་ངང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་རྒྱབ་སྐྱོར་ཐོབ་ཐབས་བྱས་པ་དང་། འབྲེལ་ཡོད་འགན་ནུས་སྡེ་ཚན་དང་མཐུན་སྦྱོར་བྱས་རྗེས་ལྗོངས་སྲིད་གྲོས་དོན་གཅོད་ཐིང་གི་ཆ་འཕྲིན་དྲ་རྒྱའི་ལྟེ་གནས་སྐྲུན་རྒྱུའི་ཆོག་མཆན་ཐོབ་སྟེ། མ་དངུལ་སྒོར་ཁྲི་1000ལྷག་ཙམ་བཏང་ནས་སྲིད་གྲོས་ལས་ཁུངས་ཀྱི་ཆ་འཕྲིན་དྲ་རྒྱའི་ལས་གཞི་གསར་སྐྲུན་བྱས་པས་སྲིད་གྲོས་ལས་ཁུངས་ཆ་འཕྲིན་ཅན་དུ་འཛུགས་སྐྱོང་བྱ་རྒྱུར་སྐུལ་འདེད་ཐུབ་ཡོད། དེ་བཞིན“ཤང་ཀང་དང་། ཨའོ་མོན། ཐའེ་ཝན། ཕྱིར་སྡོད་རང་མི་བཅས་ཀྱི་ཨུ་ཡོན་མང་དུ་གཏོང་རྒྱུའི་སྐོར་གྱི་གྲོས་གཞི”དང་“གཞི་རིམ་སྲིད་གྲོས་ལ་འབྲེལ་གཏུག་དང་མཛུབ་ཁྲིད་ཤུགས་ཆེ་བྱ་རྒྱུའི་སྐོར་གྱི་གྲོས་གཞི”སོགས་ལ་ལྗོངས་སྲིད་གྲོས་དང་འབྲེལ་ཡོད་འགན་ནུས་སྡེ་ཚན་གྱིས་མཐོང་ཆེན་པོ་བྱས་ནས་བསམ་འཆར་དང་གྲོས་འགོ་ཁག་གཅིག་ལོ་འཁོར་མོའི་ལས་ཀའི་འཆར་གཞི་དང་ཆེད་དོན་ལས་ཀའི་འཆར་འགོད་བཟོ་བའི་ནང་བཅུག་ཡོད། ལྗོངས་ཏང་ཨུད་དང་སྲིད་གཞུང་ནས་སྲིད་གྲོས་ཀྱི་གྲོས་གཞིའི་ལས་དོན་ལ་མཐོང་ཆེན་པོ་བྱས་ཏེ་སྤྱི་ཡོངས་ཀྱི་ལས་དོན་ནང་བཀོད་སྒྲིག་བྱས་ཁར། སྲིད་གྲོས་གྲོས་གཞི་བརྒྱུད་ནས་འགན་ནུས་སྒྲུབ་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཡོད། སྒྲུབ་འགན་འཁུར་མཁན(སྒྲུབ་སྐུལ་བྱེད་མཁན)ཚན་པ་ཁག་གིས་ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་དང་ལྗོངས་སྲིད་གྲོས་ཀྱི་སྤྱི་ཡོངས་བླང་བྱར་གཞིགས་ཏེ་གྲོས་གཞི་གཉེར་སྒྲུབ་འགན་འཁྲིའི་ལམ་ལུགས་ལག་བསྟར་དོན་འཁྱོལ་ནན་པོ་བྱས་ནས་གྲོས་གཞི་གཉེར་སྒྲུབ་བྱེད་རྒྱུ་དེ་སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་བྱེད་རྒྱུ་དང་ཟུང་འབྲེལ་ནུས་ལྡན་དང་། “ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་སྤེལ་རྒྱུ་དང་ཟུང་འབྲེལ་ནུས་ལྡན། རྒྱུན་གཏན་གྱི་ལས་དོན་སྤེལ་རྒྱུ་དང་ཟུང་འབྲེལ་ནུས་ལྡན་བཅས་བྱས་པས“ཏང་ཨུད་ཀྱིས་མཐོང་ཆེན་དང་། སྲིད་གཞུང་གིས་རྒྱབ་སྐྱོར། སྲིད་གྲོས་ཀྱིས་རང་འགུལ། སྡེ་ཚན་གྱིས་ཐེ་ཞུགས། སྤྱི་ཚོགས་ཀྱིས་དོ་ཁུར”བཅས་བྱེད་པའི་རྣམ་པ་བཟང་པོ་ཞིག་མངོན་ཡོད། ལོ་གཅིག་རིང་། ལྗོངས་སྲིད་གྲོས་ཀྱི་གྲོས་གཞི་དེ་རིགས་ཆེ་ཁག་9དང་ནང་དོན་ཁག་35དང་འབྲེལ་བ་ཡོད་ཅིང་། གྲོས་གཞིའི་ནང་བཏོན་པའི་ཆ་འཕྲིན་ཐོན་ཁུངས་དང་གྲོས་འགོ་མང་པོ་ཞིག་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བྱ་རིམ་ཁོངས་སུ་ཚུད་པ་དང་། ཁག་གཅིག་ནི་འབྲེལ་ཡོད་ཡིག་ཆ་དང་། འཆར་འགོད། གཙོ་གནད་ལས་ཀ་བཅས་ཀྱི་ཐོག་ནས་མཚོན་ཡོད་པས་སྲིད་གྲོས་ཀྱི་ལས་ཀར་སྐུལ་འདེད་དང་། རང་ལྗོངས་འདི་ཉིད་གོང་འཕེལ་ཆེན་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།
གཉིས། ཚད་གཞི་མཐའ་འཁྱོངས་དང་སྤུས་ཚད་ལ་སྣང་ཆེན་བྱས་ཏེ་གྲོས་གཞི་གཉེར་སྒྲུབ་དང་གྲོས་མོལ་བྱེད་པའི་ཕན་འབྲས་ཆེ་རུ་བཏང་བ།
རྒྱུན་ལས་ཨུ་ལྷན་གྱིས་གྲོས་གཞི་གཉེར་སྒྲུབ་བྱེད་པའི་ཕན་འབྲས་ཆེ་རུ་གཏོང་རྒྱུར་དམིགས་ཏེ་ཀྲུང་དབྱང་དོན་གཅོད་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དོན་གཅོད་ཐིང་གི《མི་དམངས་སྲིད་གྲོས་ཀྱི་གྲོས་གཞི་གཉེར་སྒྲུབ་ལས་དོན་ལ་ཤུགས་སྣོན་སྔར་ལས་ལྷག་པ་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》དང་རང་ལྗོངས་ཀྱི《ལག་བསྟར་བསམ་འཆར》གྱི་དགོངས་དོན་ལག་བསྟར་མཐའ་གཅིག་ཏུ་བྱས་ནས་ཚད་གཞི་མཐའ་འཁྱོངས་དང་སྤུས་ཚད་ལ་སྣང་ཆེན་བྱས་ཐོག“གྲོས་གཞི་འདོན་པ་དང་། གྲོས་ཁོངས་སུ་འཇུག་པ། གཉེར་སྒྲུབ་བྱེད་པ། ལྟ་སྐུལ་བྱེད་པ”བཅས་ཀྱི་གོ་རིམ་ཧྲིལ་པོར་གྲོས་མོལ་བྱས་ཡོད།
(གཅིག)གནད་འཁེལ་གྲོས་གཞི་འདོན་རྒྱུ་རྒྱུན་འཁྱོངས་བྱས་ཏེ་གྲོས་གཞིའི་སྤུས་ཚད་ལ་སྣང་ཆེན་བྱས་པ། རྒྱུན་ཨུད་ཚོགས་འདུ་དང་། གྲོས་མོལ་བཞུགས་མོལ་ཚོགས་འདུ། རིགས་ཁོངས་ཨུ་ཡོན་གྱི་སློབ་སྦྱོང་ཚོགས་འདུ། ཆེད་དོན་ཟུར་གསབ་བཤད་ཁྲིད་བྱ་རྒྱུ་སོགས་ཀྱི་བྱ་ཐབས་སྤྱད་ཐོག ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་དང་། ལྗོངས་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་གདན་ཞུས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་བྱུང་ཚུལ་ངོ་སྤྲོད་བྱས་ཏེ་ཨུ་ཡོན་ཚོས་ཏང་སྲིད་ལ་མཁོ་བའི་གཙོ་གནད་གནད་དོན་དང་དཀའ་གནད་ཤེས་རྟོགས་ཐུབ་རྒྱུར་རོགས་རམ་བྱས་པ་མ་ཟད། ཨུ་ཡོན་ནས་སྲིད་དོན་ཤེས་རྟོགས་དང་། གྲོས་མོལ་སྲིད་གླེང་། གནད་འཁེལ་གྲོས་གཞི་འདོན་པ་བཅས་བྱ་རྒྱུར་མཐུན་རྐྱེན་བསྐྲུན་ཡོད། དེ་བཞིན་ཚང་འཛོམས་གྲོས་ཚོགས་མ་འཚོག་སྔོན་དུ་ས་གནས(གྲོང་ཁྱེར)ཁག་གི་སྲིད་གྲོས་ཀྱི་འགན་འཁུར་བའི་མཐུན་སྦྱོར་ཚོགས་འདུ་སྐོང་འཚོགས་བྱས་ནས་གྲོས་གཞིའི་ལས་ཀར་ཆེད་དོན་ཞིབ་འཇུག་དང་བཀོད་སྒྲིག་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཡོད། ཨུ་ཡོན་རྣམས་ལ་ཡོངས་བསྒྲགས་ཡི་གེ་དང་། གྲོས་གཞི་འདོན་ཕྱོགས་ཀྱི་ངེས་བྱ། གྲོས་གཞིའི་དཔྱད་གཞིའི་ཁ་བྱང་འདེམས་བྱ། གྲོས་གཞི་བསྡུ་རུབ་བྱ་རྒྱུའི་བརྡ་ཐོ་སོགས་གཏོང་སྤེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་གྲོས་གཞིའི་ཁ་བྱང་འདེམས་ཕྱོགས་དང་། བརྟག་དཔྱད་ཞིབ་འཇུག གྲོས་འཆར་འདོན་ཕྱོགས་སོགས་ཐད་ལ་གྲོས་མོལ་དང་མཐུན་སྦྱོར་བྱས་ཏེ་གྲོས་གཞིའི་ནང་བཏོན་པའི་གནད་དོན་ཁག་གནད་ལ་འཕིགས་པ་དང་། དབྱེ་ཞིབ་ཁ་གསལ་བ། གྲོས་འགོ་དོན་དངོས་དང་འཚམ་པ་བཅས་བྱུང་ཡོད།
(གཉིས)གྲོས་གཞི་གྲོས་ཁོངས་སུ་འཇུག་པའི་ཚད་གཞི་མཐོ་པོ་དགོས་རྒྱུ་རྒྱུན་འཁྱོངས་ཀྱིས་གྲོས་གཞི་ཞིབ་བཤེར་བྱེད་པའི་སྤུས་ཚད་ལ་སྣང་ཆེན་བྱས་པ། ལྗོངས་སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གསུམ་པ་འཚོགས་རིང་གྲོས་གཞི་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྔར་བས་ལེགས་སྒྲིག་དང་འཐུས་ཚང་དུ་བཏང་བ་མ་ཟད། 《སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་གྲོས་གཞིའི་ལས་དོན་སྲོལ་ཡིག》དང་《གྲོས་གཞི་ཞིབ་བཤེར་ལས་ཀའི་ཞིབ་སྲོལ》སོགས་ཀྱི་གཏན་འབེབས་ལ་ནན་པོར་གཞིགས་ཏེ་གྲོས་གཞི་གྲོས་ཁོངས་སུ་འཇུག་པའི་ཚད་གཞི་དང་། ཐོག་མའི་ཞིབ་བཤེར། བསྐྱར་བཤེར། མཉམ་བཤེར་བཅས་ཀྱི་ལམ་ལུགས་ལག་བསྟར་ནན་པོ་བྱས་ནས“གྲོས་གཞི་བཏོན་ཕྱིན་ངེས་པར་དུ་གྲོས་ཁོངས་སུ་འཇུག་པའི”རིགས་བྱས་མེད། དེ་བཞིན་ལྗོངས་ཏང་ཨུད་ལྟ་སྐུལ་ཞིབ་བཤེར་ཁང་དང་ལྗོངས་སྲིད་གཞུང་དོན་གཅོད་ཐིང་ལྟ་སྐུལ་ཞིབ་བཤེར་ཁང་གི་འགོ་ཁྲིད་དང་ལྗོངས་ཐད་གཏོགས་ཀྱི་གྲོས་གཞི་གཉེར་སྒྲུབ་ཚན་པ་ཆེ་རིགས་ཀྱི་ལས་སྒོའི་རྐང་འཛིན་མི་སྣ་གདན་ཞུ་བྱས་ནས་གྲོས་གཞི་བསྡུ་རུབ་དང་། ཐོག་མའི་ཞིབ་བཤེར། ཐོ་འགོད། རིགས་དབྱེ་སོགས་ཀྱི་གཉེར་སྒྲུབ་ལས་ཀའི་ནང་སྔོན་ཚུད་ནས་ཞུགས་ཏེ་ཕྱོགས་ཁག་གི་བསམ་འཆར་ཉན་པ་དང་། ཐུན་མོང་གི་བློ་གྲོས་རྒྱ་ཁྱབ་ཏུ་བསྡུ་རུབ། ཚད་གཞི་མཐོ་བའི་གྲོས་གཞི་གྲོས་ཁོངས་སུ་འཇུག་རྒྱུ་དང་སྤུས་ཚད་ལ་འགན་ལེན་བཅས་བྱས་ཁར། རིན་ཐང་ལྡན་པའི་གྲོས་གཞི་ཁག་12གཙོ་གནད་གྲོས་གཞིར་འདེམས་སྒྲུག་གིས་ཀྲུའུ་ཞི་ལྷན་ཚོགས་ཐོག་ཕུལ་བས་གྲོས་གཞི་ཁག་8གཙོ་གནད་གྲོས་གཞིར་ཞིབ་དཔྱད་གཏན་འཁེལ་བྱུང་ཡོད།
(གསུམ)གྲོས་གཞི་གཉེར་སྒྲུབ་བྱ་རྒྱུ་གནད་ལ་འཁེལ་བ་རྒྱུན་འཁྱོངས་ཀྱིས་གྲོས་གཞི་གཉེར་སྒྲུབ་བྱེད་པའི་སྤུས་ཚད་ལ་སྣང་ཆེན་བྱས་པ། འགན་བགོས་ཀྲུའུ་ཞི་སྐུ་གཞོན་གྱིས་ལྗོངས་སྲིད་གྲོས་དོན་གཅོད་ཐིང་དང་། གྲོས་གཞི་ཨུ་ཡོན་ལྷན་ཁང་། སྒྲུབ་འགན་འཁུར་མཁན(སྒྲུབ་སྐུལ)ཚན་པའི་འགན་འཁུར་བ་བཅས་ཀྱི་སྣེ་ཁྲིད་དེ་ལྗོངས་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་དང་། ས་གནས(གྲོང་ཁྱེར)ཁག་5 རྫོང(ཆུད)ཁག་20ལྷག་ཙམ་ལ་བསྐྱོད་དེ་གྲོས་གཞིའི་ལས་དོན་ལ་བརྟག་ཞིབ་བྱས་ནས་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་དུས་བཀག་ལྟར་ལེགས་སྒྲིག་བྱས་པ་མ་ཟད། གོང་འབུལ་ཞུས་པའི་བརྟག་དཔྱད་སྙན་ཞུར་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་མཆན་འགོད་བཀའ་ལན་དང་གདེང་འཇོག་གནང་ཡོད། དེ་བཞིན་གྲོས་གཞི་ཨུ་ཡོན་ལྷན་ཁང་གིས་སྒྲུབ་འགན་འཁུར་མཁན་ཚན་པ་དང་རིགས་ཁོངས་མང་ཚོགས་དབར་མཐུན་སྦྱོར་འབྲེལ་གཏུག་བྱེད་པའི་ལེགས་ཆ་འདོན་སྤེལ་བྱས་ཐོག གྲོས་གཞི་གཉེར་སྒྲུབ་དང་གྲོས་མོལ་བྱེད་ལམ་ཚགས་ཚུད་དུ་བཏང་ནས་ནུས་ཤུགས་ཡོད་རྒུས་སྒྲུབ་འགན་འཁུར་མཁན་ཚན་པ་དང་གྲོས་གཞི་འདོན་མཁན་དབར་འདྲ་མཉམ་སྤེལ་རེས་དང་། ཕན་ཚུན་མཐུན་སྦྱོར། ཁ་བརྡ་གྲོས་མོལ་བཅས་བྱས་ཡོད། གྲོས་མོལ་བྱེད་པའི་ཁྲོད་བསམ་ཤེས་དང་ངོས་འཛིན་གཅིག་མཐུན་ཡོང་བ་བྱས་ཐོག དོན་དག་ཚང་མ་འདི་བྱས་འདི་མིན་ཡོད་པ་དང་གྲོས་གཞི་ཚང་མར་ལན་འདེབས་ཡོད་པ། ཕྱོགས་ཁག་ཚང་མ་བློ་ཡིད་ཚིམ་པ་བཅས་ཡོང་གང་ཐུབ་བྱས་ཡོད། གྲོས་གཞི་སྒྲུབ་འགན་འཁུར་མཁན་ཚན་པ་ཁག་གིས་གྲོས་གཞི་གཉེར་སྒྲུབ་བྱ་རྒྱུར་མཐོང་ཆེན་པོ་བྱས་ཤིང་། གྲོས་གཞིའི་ནང་བཏོན་པའི་བསམ་འཆར་དང་གྲོས་འགོ་རྣམས་ཐབས་བརྒྱ་ཇུས་སྟོང་གིས་དོན་འཁྱོལ་བྱས་ནས་གྲོས་གཞི་གཉེར་སྒྲུབ་ཀྱི་ཕན་འབྲས་དངོས་ཐོན་པ་བྱས་ཡོད།
(བཞི)འགག་རྩའི་སྐབས་སུ་སྒྲུབ་སྐུལ་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་གྲོས་གཞི་སྒྲུབ་སྐུལ་གྱི་སྤུས་ཚད་ལ་སྣང་ཆེན་བྱས་པ། ཀྲུའུ་ཞི་སྐུ་གཞོན་གྱིས་མིང་སྔོན་འགོད་ཀྱིས་གཙོ་གནད་གྲོས་གཞི་སྒྲུབ་སྐུལ་བྱེད་ལམ་ལག་བསྟར་བྱས་ཤིང་། ཀྲུའུ་ཞི་སྐུ་གཞོན་8ཀྱིས་སྒྲུབ་སྐུལ་བྱེད་པའི་གྲོས་གཞིའི་ནང་དོན་གཞིར་བཟུང་ལས་དོན་རུ་ཁག་གི་སྣེ་ཁྲིད་དེ་བརྟག་དཔྱད་ཞིབ་འཇུག་བྱས་ཁར། གྲོས་གཞི་འདོན་མཁན་དང་། སྒྲུབ་འགན་འཁུར་མཁན་ཚན་པ། སྒྲུབ་སྐུལ་ཚན་པ། ལས་རིགས་ཁག་གི་འཐུས་མི་བཅས་ཞུགས་པའི་གཉེར་སྒྲུབ་གྲོས་མོལ་གྱི་བཞུགས་མོལ་ཚོགས་འདུ་ཐེངས་60ལྷག་ཙམ་སྐོང་འཚོགས་བྱས་པ་དང་། ངོ་ཐུག་གདོང་འཕྲད་ཀྱིས་གྲོས་མོལ་སྤེས་རེས་བྱས་པས་གྲོས་གཞི་དེ་དག་ཚང་མ་ཏང་ཨུད་དང་སྲིད་གཞུང་གི་བཀོད་ཇུས་དང་བསྒྱུར་བཅོས་གོང་འཕེལ་གྱི་དངོས་འབྲེལ་བྱ་ཐབས་ལ་བསྒྱུར་ནས་དཀའ་གནད་ཐག་གཅོད་ཐུབ་པ་བྱས་ཡོད། ལྷག་པར་དུ་ན་ནིང་ལྗོངས་སྲིད་གཞུང་གི་འགན་བགོས་འགོ་ཁྲིད་ཀྱིས《དཔལ་འབར་རྫོང་ལྕགས་གོང་ཤང་དེ་རྒྱལ་ཁབ་རིམ་པའི་བདག་མེད་སྲོག་ཆགས་སྲུང་སྐྱོབ་ཁུལ་ནང་འཇུག་རྒྱུའི》གྲོས་གཞིར་སྒྲུབ་སྐུལ་བྱེད་པའི་བརྒྱུད་རིམ་ཧྲིལ་པོ་དང་། གཉེར་སྒྲུབ་གྲོས་མོལ་གྱི་བཞུགས་མོལ་ཚོགས་འདུར་ཐེངས་དང་པོ་ཞུགས་ཏེ་གསུང་བཤད་གནང་བས་དཔེ་སྟོན་གྱི་ནུས་པ་ཡག་པོ་ཐོན་ཡོད། ལྗོངས་ཏང་ཨུད་ལྟ་སྐུལ་ཞིབ་བཤེར་ཁང་དང་ལྗོངས་སྲིད་གཞུང་དོན་གཅོད་ཐིང་ལྟ་སྐུལ་ཞིབ་བཤེར་ཁང་གིས་གྲོས་གཞི་གཉེར་སྒྲུབ་བྱ་རྒྱུ་དེ་གཙོ་གནད་ལྟ་སྐུལ་བྱ་རྒྱུའི་ནང་དོན་ཁོངས་སུ་བཅུག་ཐོག འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལམ་ལུགས་འཐུས་ཚང་དུ་གཏོང་བ། འགན་འཁྲི་དོན་ཐོག་ཏུ་འཁྱོལ་བ་བཅས་བྱས་པ་མ་ཟད། གྲོས་གཞི་སྒྲུབ་ཚུལ་ལ་མཇུག་འདེད་ཤེས་རྟོགས་གཏིང་ཟབ་བྱས་ནས་གྲོས་གཞི་གཉེར་སྒྲུབ་དོན་འཁྱོལ་བྱེད་པར་སྐུལ་འདེད་ཧུར་ཐག་བཏང་ཡོད།
གསུམ། ལག་ལེན་གསར་གཏོད་དང་རང་འགུལ་བྱ་སྤྱོད་སྤེལ་ཏེ་གྲོས་གཞིའི་ལས་དོན་ཚན་རིག་ཅན་དང་མཐུན་པ་བྱེད་པའི་ཆུ་ཚད་མཐོ་རུ་བཏང་བ།
རྒྱུན་ལས་ཨུ་ལྷན་གྱིས་གསར་གཏོད་དང་གོང་འཕེལ་གྱི་འདུ་ཤེས་བརྟན་པོ་བཙུགས་ཏེ། གྲོས་གཞིའི་ལས་ཀའི་ཉམས་མྱོང་དང་བྱེད་ཐབས་ཕྱོགས་བསྡོམས་དང་། ཉམས་ལེན། ཁྱབ་གདལ། བེད་སྤྱོད་བཅས་བྱ་རྒྱུར་སྣང་ཆེན་བྱས་ནས་རྒྱུན་འཛིན་ཁྲོད་གསར་གཏོད་དང་གསར་གཏོད་ཁྲོད་གོང་འཕེལ་བཏང་ནས་གྲོས་གཞི་གཉེར་སྒྲུབ་དང་གྲོས་མོལ་ཚན་རིག་དང་མཐུན་པ་ཡོང་བའི་ཆུ་ཚད་མཐོ་རུ་ཧུར་ཐག་བཏང་ཡོད།
(གཅིག)སྒྲིག་འཛུགས་དང་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་བ། ལྗོངས་སྲིད་གྲོས་འགོ་ཁྲིད་ཀྱིས་གྲོས་གཞིའི་ལས་ཀར་མཐོང་ཆེན་པོ་བྱས་ཏེ། ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་མཆོག་སྐུ་ངོ་མས་དོ་ཁུར་དང་མཛུབ་སྟོན་ཐེངས་མང་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི། ཀྲུའུ་ཞི་སྐུ་གཞོན་བློ་མཐུན་མགོན་པོ་བཀྲ་ཤིས་ཀྱིས་རྟག་ཏུ་གྲོས་གཞིའི་ལས་ཀའི་གནས་ཚུལ་སྙན་སེང་གསན་ཞིང་། བླང་བྱ་ཡང་བཏོན་གནང་བ། འགན་བགོས་ཀྲུའུ་ཞི་སྐུ་གཞོན་གྱིས་ཆེད་མངགས་གྲོས་གཞི་གཉེར་སྒྲུབ་ཀྱི་རྩིས་སྤྲོད་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་སྟེ། འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་། མཉམ་ལས་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་རྒྱག་པ། གྲོས་གཞི་གཉེར་སྒྲུབ་ཀྱི་སྤུས་ཚད་ལེགས་སུ་གཏོང་བ། བློ་ཡིད་ཚིམ་ཚད་མཐོ་རུ་གཏོང་རྒྱུ་བཅས་ཀྱི་ཐད་ཞིབ་ཕྲའི་བླང་བྱ་བཏོན་ཡོད། ལྗོངས་སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གསུམ་པ་འཚོགས་རིང་ཆེད་མངགས་གྲོས་གཞི་གྲ་སྒྲིག་ཚོགས་ཆུང་དང་གྲོས་གཞི་ཞིབ་བཤེར་ཚོགས་ཆུང་བཙུགས་ཐོག མི་སྣ་ཧྲག་སྒྲིག་སྐོང་འཐེན་བྱས་ནས་ལས་དོན་བསྒྲུབས་ཡོད། དེ་བཞིན་སྒྲུབ་འགན་འཁུར་མཁན(སྒྲུབ་སྐུལ་བྱེད་མཁན)ཚན་པ་ཁག་གིས“སུས་གཙོ་འགན་འཁུར་ན་དེས་གཙོ་གཉེར་བྱ་རྒྱུ་དང་། སུས་སྣེ་ཁྲིད་བྱས་ན་དེས་གཙོ་གཉེར་བྱ་རྒྱུའི”རྩ་དོན་གཞིར་བཟུང“སྒྲུབ་འགན་འཁུར་མཁན(སྒྲུབ་སྐུལ་བྱེད་མཁན)འགོ་ཁྲིད་དང་། སྒྲུབ་འགན་འཁུར་མཁན(སྒྲུབ་སྐུལ་བྱེད་མཁན)ཁྲུའུ་ཧྲེ། སྒྲུབ་འགན་འཁུར་མཁན(སྒྲུབ་སྐུལ་བྱེད་མཁན)མི་སྣ”བཅས་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ཏེ་སྒྲིག་འཛུགས་འགོ་ཁྲིད་གནད་ལ་འཁྱོལ་བ་དང་། དམིགས་ཚད་འགན་འཁྲི་ཁ་གསལ་བ། འགན་འཁྲིའི་བྱ་ཐབས་དོན་འཁྱོལ་ཐུབ་པ་བཅས་བྱས་ཡོད།
(གཉིས)ཉམས་མྱོང་དང་བྱེད་ཐབས་ཕྱོགས་བསྡོམས་བྱས་པ། ན་ནིང་ཟླ་7ཚེས་12ནས་13བར་སྔ་ཕྱིར་ལྗོངས་ཡོངས་ཀྱི་སྲིད་གྲོས་གྲོས་གཞིའི་ལས་ཀའི་ཉམས་མྱོང་སྤེལ་རེས་ཀྱི་གཟེངས་བསྟོད་ཚོགས་འདུ་དང་། ལྗོངས་སྲིད་གྲོས་ཀྱི“གྲོས་གཞིའི་ལས་ཀའི་ལེགས་ཆ་འདོན་སྤེལ་གྱིས་གྲོས་མོལ་དམངས་གཙོ་བྱེད་པའི”ཆེད་དོན་གྲོས་མོལ་ཚོགས་འདུ་སྐོང་འཚོགས་བྱས་ཏེ་འགོ་ཁྲིད་ཀྱིས་གསུང་བཤད་གནང་བ་དང་། ཟུར་ཁྲིད་སྙན་ཞུ་བྱེད་པ། ཚོགས་ཆེན་ཐོག་གཏམ་བཤད་སྤེལ་བ། ཡིག་ཐོག་ནས་སྤེལ་རེས་བྱེད་པ། བཞུགས་མོལ་གྲོས་བསྡུར་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་ནས་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་འབྲེལ་ཡོད་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་བྱེད་པར་སྐུལ་སྤེལ་གཏོང་བའི་ཁྲོད་སྲིད་གྲོས་ཀྱི་གྲོས་གཞིའི་ལས་ཀའི་གལ་ཆེའི་གནས་བབ་དང་ལེགས་ཆ་འདོན་སྤེལ་ཧུར་ཐག་བྱས་པ། གྲོས་གཞིའི་ལས་ཀའི་ཉམས་མྱོང་དང་བྱེད་ཐབས་ཕྱོགས་བསྡོམས་དང་སྤེལ་རེས་བྱས་པ། གྲོས་གཞིའི་ལས་ཀའི་ཞན་ཆ་སེལ་རྒྱུར་ཤུགས་བརྒྱབ་པ་བཅས་ཀྱི་ཁར། ལྗོངས་སྲིད་གྲོས་ཀྱི་སྐབས་བཅུ་པའི་ཚོགས་འདུ་ཐེངས་དང་པོ་འཚོགས་ཚུན་གྱི་ཕུལ་བྱུང་གྲོས་གཞི་ཁག་30དང་། གྲོས་གཞི་གཉེར་སྒྲུབ་བྱེད་མཁན་སྔོན་ཐོན་ཚན་པ་15དང་སྔོན་ཐོན་ལས་དོན་པ་25བཅས་ལ་གཟེངས་བསྟོད་སྤྲད་པས་བསམ་བློའི་ངོས་འཛིན་གཅིག་གྱུར་བྱུང་བ་དང་། ཕན་ཚུན་སློབ་སྦྱོང་དང་ཉམས་ལེན་ཐུབ་པ། དམིགས་ཚད་ལས་འགན་གསལ་པོ་བྱུང་བ། གྲོས་གཞིའི་ལས་དོན་ལ་སྐུལ་སྤེལ་ཐེབས་པ་བཅས་ཀྱི་དམིགས་ཡུལ་གྲུབ་ཡོད།
(གསུམ)དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བ། གསར་འགྱུར་དྲིལ་བསྒྲགས་ཀྱི་སྨྱན་སྦྱོར་ལ་བརྟེན་ནས་གྲོས་གཞི་གཉེར་སྒྲུབ་དང་གྲོས་མོལ་བྱེད་པའི་གལ་ཆེའི་དོན་སྙིང་དང་། གནས་བབ། ནུས་པ་སོགས་དྲིལ་བསྒྲགས་རྒྱ་ཆེར་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱིས་དོ་ཁུར་ཆེན་པོ་དང་། གྲོས་མོལ་ནང་ཧུར་ཐག་ཞུགས་པ། གྲོས་གཞིའི་ལས་དོན་ལ་གཞོགས་འདེགས་དང་རྒྱབ་སྐྱོར་བྱེད་པ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱས་ཡོད། ལྷག་པར་དུ་གྲོས་གཞི་ཨུ་ལྷན་གྱི་འགན་འཁུར་བ་དང་གྲོས་གཞི་འདོན་མཁན་གྱིས་གསར་འགྱུར་སྨྱན་སྦྱོར་པའི་བཅར་འདྲི་དང་ལེན་ཞུས་པ་དང་། 《བོད་ལྗོངས་ཉིན་རེའི་ཚགས་པར》གྱི་ཆེད་དོན་པར་ངོས་ཐོག་ཚོགས་ཆེན་གྱི་གཏམ་བཤད་ཡིག་ཆ་དང་། དཔྱད་འདེམས་གཟེངས་བསྟོད་ཀྱི་ཕུལ་བྱུང་གྲོས་གཞི། གྲོས་གཞི་གཉེར་སྒྲུབ་བྱེད་མཁན་སྔོན་ཐོན་མི་སྒེར་དང་སྔོན་ཐོན་ལས་དོན་པ་བཅས་ཀྱི་མིང་ཐོ་བཀོད་པ་དང་། 《བོད་ལྗོངས་སྲིད་གྲོས》ཀྱི་དུས་དེབ་དང་《སྲིད་གྲོས་ཆ་འཕྲིན(ཕྱོགས་བསྡུས་པར་གཞི)》 ཐོག“གྲོས་གཞིའི་ལས་དོན”དང་། “འགན་འཁྲི་སྒྲུབ་པའི་གནས་འཕྲིན”གྱི་ལེ་ཚན་གསར་བཟོ་བྱས་ནས་གྲོས་གཞིའི་ལས་དོན་གྱི་གྲུབ་འབྲས་གསར་པ་དང་འབྲེལ་ཡོད་གནས་ཚུལ་འབྲི་འགོད་བྱས་པས་སྤྱི་ཚོགས་ཐོག་གྲོས་གཞིའི་ལས་ཀའི་བག་ཆགས་སྔར་བས་ཤུགས་ཆེར་སོང་ཡོད།
གྲུབ་འབྲས་ཁས་ལེན་བྱེད་པ་དང་སྦྲགས། ང་ཚོས་ལྷག་བསྡད་པའི་ཧེ་བག་དང་མི་ལྡེང་བའི་ཆ་གསལ་པོ་མཐོང་ཐུབ་པ་དགོས་ཤིང་། དེ་ཡང་གཙོ་བོའི་མཚོན་ཚུལ་ནི། གྲོས་གཞིའི་སྤུས་ཚད་སྔར་བས་ལེགས་སུ་གཏོང་དགོས་པ་དང་། གྲོས་གཞི་སྒྲུབ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། གྲོས་གཞིའི་ལས་ཀའི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་དགོས་པ། མཉམ་སྡེབ་གྲོས་གཞིའི་གྲངས་འབོར་སྔར་བས་མང་དུ་གཏོང་དགོས་པ་སོགས་ཡིན་པས་གནད་དོན་དེ་དག་ཕྱིས་འབྱུང་གི་ལས་ཀའི་ཁྲོད་འཚོལ་ཞིབ་དང་ལེགས་བཅོས་བྱེད་དགོས་ཀྱི་ཡོད།
2016ལོའི་ལས་དོན་བཀོད་སྒྲིག
ལོ་གསར་པའི་ནང་། ལྗོངས་སྲིད་གྲོས་ཀྱི་གྲོས་གཞིའི་ལས་དོན་དེ་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ལྗོངས་སྲིད་གྲོས་ཏང་ཙུའུ་དང་རྒྱུན་ལས་ཨུ་ལྷན་གྱི་ཐད་ཀའི་འགོ་ཁྲིད་འོག ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པ། ལྔ་པ་བཅས་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱ་རྒྱུ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་དང་། ལྷག་པར་དུ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་”པའི་གལ་ཆེའི་འཐབ་ཇུས་ཀྱི་དགོངས་པ། “མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་སྟེ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས”པའི་གལ་ཆེའི་མཛུབ་སྟོན་བཅས་ལག་བསྟར་དོན་འཁྱོལ། རྒྱལ་ཡོངས་སྲིད་གྲོས་ཀྱི་མཛུབ་ཁྲིད་བཀོད་སྒྲིག་དང་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ། ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་བརྒྱད་པའི་དགོངས་དོན་ལག་བསྟར་དོན་འཁྱོལ། 《མི་དམངས་སྲིད་གྲོས་ཀྱི་གྲོས་གཞི་གཉེར་སྒྲུབ་ལས་དོན་ལ་ཤུགས་སྣོན་སྔར་ལས་ལྷག་པ་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》དང་། རང་ལྗོངས་ཀྱི《ལག་བསྟར་བསམ་འཆར》སོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བཅས་བྱས་ནས“ཕྱོགས་ཡོངས་བཞིའི”འཐབ་ཇུས་ཁྱབ་བཀོད་ཀྱིས་སྤྱི་འདོམས་བྱ་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ་དང་། ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་བྱ་རྒྱུ་རྒྱུན་འཁྱོངས། ཁྲིམས་བཞིན་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་གལ་ཆེའི་རྩ་དོན་རྒྱུན་འཁྱོངས་བྱས་ཐོག གསར་གཏོད་དང་། མཐུན་སྦྱོར། སྔོ་ལྗང་། སྒོ་དབྱེ། མཉམ་སྤྱོད་བཅས“གོང་འཕེལ་གྱི་འདུ་ཤེས་ཆེན་པོ་ལྔ”བརྟན་པོར་འཛུགས་པ་དང་། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་གཙོ་བོ་དམ་བཟུང་བྱས་ཏེ། གྲོས་གཞིའི་ལས་ཀའི་མཛད་ཕྱོགས་རྒྱུན་འཁྱོངས་ཀྱིས་བསྒྱུར་འཕེལ་བརྟན་གསུམ་ལ་ཞབས་ཞུ་དང་། གྲོས་གཞི་གཉེར་སྒྲུབ་དང་གྲོས་མོལ་གཏིང་ཟབ་བྱེད་རྒྱུ། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་འགོ་ཡག་པོ་ཞིག་འཛུགས་རྒྱུ་བཅས་གཙོ་གནད་དུ་བཟུང་ནས་འགན་འཁྲི་གང་ནུས་བསྒྲུབས་པ་དང་རང་འགུལ་ཐོག་ལས་དོན་སྤེལ་ཏེ་རང་ལྗོངས་ཀྱི་སྲིད་གྲོས་གྲོས་གཞིའི་ལས་ཀའི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས།
གཅིག སློབ་སྦྱོང་དང་སློབ་གསོ་སྤེལ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གྲོས་གཞིའི་ལས་ཀའི་ཡང་དག་ཁ་ཕྱོགས་སྟངས་འཛིན་བྱེད་དགོས།
“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་སྤེལ་རྒྱུ་དེ་གལ་ཆེའི་གཞི་རྟེན་དུ་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ། ཀྲུང་དབྱང་གི་གྲོང་ཁྱེར་ལས་དོན་ཚོགས་འདུ། ཀྲུང་དབྱང་གི་དབུལ་སྐྱོར་གསར་སྤེལ་གྱི་ལས་དོན་ཚོགས་འདུ། བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན། ལྷག་པར་དུ་མི་དམངས་སྲིད་གྲོས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་དགོངས་གཞི་གསར་པ་དང་། ཆོད་གཏམ་གསར་པ། བླང་བྱ་གསར་པ་བཅས་སློབ་སྦྱོང་ལག་བསྟར་ནན་པོ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས་སློབ་སྦྱོང་གཏིང་ཟབ་དང་མཐར་ཕྱིན་པ། གོ་དོན་གསལ་རྟོགས་ཐུབ་པ་བྱས་ཏེ་སློབ་སྦྱོང་བྱས་པའི་དགོངས་དོན་གྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་ལག་ལེན་ལ་མཛུབ་ཁྲིད་བྱེད་དགོས། ཀྲུང་དབྱང་གི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་ལྗོངས་ཏང་ཨུད་ཀྱི་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་བརྒྱད་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། ཏང་གི་གྲོས་མོལ་དམངས་གཙོའི་རིགས་གཞུང་དང་། འཐབ་ཕྱོགས་གཅིག་གྱུར་གྱི་སྲིད་གྲོས་རིགས་གཞུང་། གྲོས་གཞིའི་ལས་ཀའི་བཀོད་སྒྲིག་བླང་བྱ་དང་ཟུང་འབྲེལ་དམ་ཟབ་བྱས་ནས་གྲོས་གཞིའི་ལས་ཀའི་ཆབ་སྲིད་ཀྱི་འདུ་ཤེས་དང་། ཚན་རིག་གི་འདུ་ཤེས། གྲོས་མོལ་གྱི་འདུ་ཤེས། འགན་འཁྲིའི་འདུ་ཤེས་བཅས་ཟབ་ཏུ་གཏོང་རྒྱུ་དང་། རང་འགུལ་ངང་གྲོས་གཞིའི་ལས་དོན་དེ་རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་འགོ་ཡག་པོ་འཛུགས་རྒྱུའི་སྤྱི་ཡོངས་ཁྲོད་བཞག་སྟེ་ངོས་འཛིན་དང་། ཇུས་འགོད། བཀོད་སྒྲིག སྐུལ་སྤེལ་གཏོང་བ་བཅས་བྱས་ཐོག སྲིད་གྲོས་གྲོས་གཞིས་རང་ལྗོངས་ཀྱི་བསྒྱུར་བཅོས་དང་། གོང་འཕེལ། བརྟན་ལྷིང་བཅས་ཀྱི་ལས་དོན་ཧྲིལ་པོར་བརྩི་བཀུར་ཞུ་བ་དང་ཞབས་ཞུ་སྒྲུབ་པའི་ཁྲོད་ཀྱི་ཡང་དག་ཁ་ཕྱོགས་སྟངས་འཛིན་ནན་པོ་བྱེད་དགོས།
གཉིས། གྲོས་མོལ་དམངས་གཙོ་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་གྲོས་གཞི་གཉེར་སྒྲུབ་བྱེད་པའི་ཕན་འབྲས་ཆེ་རུ་གཏོང་དགོས།
གྲོས་གཞི་གཉེར་སྒྲུབ་དང་གྲོས་མོལ་བྱ་རྒྱུ་དེ་སྲིད་གྲོས་གྲོས་མོལ་ལ་ཕྱོགས་ཡོངས་ནས་སྐུལ་སྤེལ་དང་སྲིད་གྲོས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་གལ་ཆེའི་བྱ་ཐབས་ཤིག་ལ་བརྩིས་ནས་རྒྱུན་འཁྱོངས་བྱས་ཐོག རང་ལྗོངས་སྲིད་གྲོས་ཀྱི་དུས་ཡུན་རིང་པོའི་ནང་བྱུང་བའི་ཉམས་མྱོང་དང་བྱེད་ཐབས་ཕྱོགས་བསྡོམས་དང་ཉམས་ལེན་ཐུབ་པ་བྱས་ཏེ་གྲོས་གཞིའི་ལས་དོན་དེ་ཕྱོགས་རྐྱང་པའི“ཁྱེད་ཀྱིས་འདོན་པ་དང་། ང་ཡིས་རྩིས་སྤྲོད་བྱེད་པ། ཁོང་གིས་གཉེར་སྒྲུབ་བྱེད་པ”བཅས་ཀྱི་བྱེད་སྟངས་ནས་བརྒྱུད་རིམ་ཚང་མར་གྲོས་མོལ་དང་། ཕྱོགས་མང་པོའི་ཐད་ནས་གྲོས་མོལ། སྒོ་དབྱེའི་གྲོས་མོལ་བཅས་བྱ་རྒྱུར་བསྒྱུར་ཏེ་གྲོས་གཞིའི་ལས་དོན་ལ་སྐྱེ་སྟོབས་དང་གསོན་ཤུགས་འཕེལ་བ་བྱེད་དགོས། བརྟག་དཔྱད་ཞིབ་འཇུག་དང་། གྲོས་མོལ་བཞུགས་མོལ། མཉམ་སྡེབ་སློབ་སྦྱོང་དང་སྦྱོང་བརྡར་སྤྲོས་པ་སོགས་ཀྱི་བྱེད་ཐབས་བརྒྱུད། ཨུ་ཡོན་ཚོས་སྲིད་དོན་ཤེས་རྟོགས་དང་ཨུ་ཡོན་ཚོའི་གྲོས་གཞི་འབྲི་བའི་སྤུས་ཚད་མཐོ་རུ་གཏོང་རོགས་བྱས་ནས་གྲོས་གཞིའི་གྲངས་འབོར་བཟུང་བ་ནས་སྤུས་ཚད་མཐོ་རུ་གཏོང་རྒྱུའི་ཐོག་སྒྱུར་དགོས། “གྲོས་འདོན”དང་“གྲོས་སྒྲུབ”ཕྱོགས་གཉིས་དབར་མཐུན་སྦྱོར་དང་གྲོས་མོལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གྲོས་མོལ་བྱ་རྒྱུ་དེ་གྲོས་གཞི་བསྡུ་རུབ་དང་། འབྲི་འགོད། ཞིབ་བཤེར། སྒྲུབ་སྐུལ་བཅས་ཀྱི་ལྷུ་ཚིགས་ཚང་མའི་ནང་ཁྱབ་པ་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས“སྲིད་ཇུས་ཀྱི་གོ་སྐབས་གསར་པ་བེད་སྤྱོད་གང་ལེགས་བྱེད་པ་དང་། འགག་གནད་ལ་ཚད་བརྒལ་གསར་པ་ཡོང་བ་བྱེད་པ། ཐོན་ལས་ཀྱི་ལེགས་ཆ་གསར་པ་གཏོད་པ། བསྒྱུར་བཅོས་ཀྱི་ཁེ་འབབ་གསར་པ་ཐོབ་པར་བྱེད་པ། དམངས་གཉེར་གྱི་སྒུལ་ཤུགས་གསར་པ་སྐུལ་སློང་གཏོང་བ། ཚན་རྩལ་གྱི་འདེགས་སྐྱོར་གསར་པ་ཤུགས་ཆེར་གཏོང་བ”བཅས་བྱ་རྒྱུ་དང་། ནམ་མཁའ་སྔོ་ཞིང་དྭངས་ལ་ས་གཞི་སྔོ་ལྗང་ལྡན་པ་དང་ཆུ་མོ་དྭངས་ཤིང་གཙང་བ། སྒོ་དབྱེ་འབྱེད་ཚད་དང་མང་ཚོགས་ཀྱི་ཐོབ་སེམས་ཤུགས་ཆེར་གཏོང་རྒྱུ་བཅས་ཐད་ཀྱི་གྲོས་གཞི་གཉེར་སྒྲུབ་བྱ་རྒྱུར་འགན་ལེན་བྱས་ཐོག བྱ་ཐབས་ལེགས་སྒྱུར་དང་། ཆད་སྐྱོན་གསབ་པ། ཉེན་ཁ་སེལ་བ། ཞི་མཐུན་ལ་སྐུལ་འདེད། བརྟན་ལྷིང་སྲུང་སྐྱོང་བྱེད་པ་བཅས་ཀྱི་གྲོས་གཞི་གཉེར་སྒྲུབ་ནན་ཏན་བྱེད་དགོས། ནུས་ཤུགས་ཡོད་རྒུས་གྲོས་གཞི་གཉེར་སྒྲུབ་བྱས་འབྲས་དངོས་སྒྱུར་བྱེད་པར་སྐུལ་འདེད་བཏང་སྟེ་གྲོས་གཞི་གཉེར་སྒྲུབ་ཀྱི་ཕན་འབྲས་ཆེ་རུ་བཏང་སྟེ་གྲོས་གཞིའི་རིན་ཐང་དང་ནུས་པ་དངོས་འབྲེལ་མངོན་ཐུབ་པ་བྱེད་དགོས།
གསུམ། ལག་ལེན་གསར་གཏོད་ཧུར་ཐག་བྱས་ཏེ་གྲོས་གཞིའི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས།
གྲོས་གཞི་གཉེར་སྒྲུབ་གྲོས་མོལ་བྱ་རྒྱུ་ལམ་ལུགས་ཅན་དང་། ཚད་ལྡན་ཅན། གོ་རིམ་ཅན་བཅས་ལ་སྐུལ་སྤེལ་གཏོང་རྒྱུ་རྒྱུན་འཁྱོངས་ཀྱིས《སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་གྲོས་གཞིའི་ལས་ཀའི་སྲོལ་ཡིག》དང་གཙོ་གནད་གྲོས་གཞི་སྒྲུབ་སྐུལ་བྱེད་པའི་ལམ་ལུགས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཐོག གྲོས་གཞི་དང་གྲོས་མོལ་གྱི་བརྗོད་དོན་འདེམས་པ་དང་། གྲོས་མོལ་ཞིབ་བཤེར། གྲོས་མོལ་གཉེར་སྒྲུབ། གྲོས་མོལ་བྱས་འབྲས་དོན་སྨིན། དཔྱད་ཞིབ་ཚོད་སྐོར་བྱེད་སྲོལ་བཅས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། ནང་སའི་དར་རྒྱས་ཆེ་བའི་ཞིང་ཆེན(གྲོང་ཁྱེར)སྲིད་གྲོས་ཀྱི་སྔོན་ཐོན་བྱེད་ཐབས་ཉམས་ལེན་བྱེད་པ་དང་། རང་འགུལ་ངང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་རྒྱབ་སྐྱོར་ཐོབ་ཐབས་བྱས་ཏེ་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་ཀྱིས་གཙོ་གནད་གྲོས་གཞི་སྒྲུབ་སྐུལ་བྱེད་པའི་ལམ་ལུགས་འཚོལ་ཞིབ་བྱས་ནས་བཟོ་དགོས། གཙོ་གནད་གྲོས་གཞི་གཉེར་སྒྲུབ་དང་གྲོས་མོལ་བྱ་རྒྱུ་དེ་ལྗོངས་སྲིད་གྲོས་ཀྱི་2016ལོའི་གྲོས་མོལ་ལས་ཀའི་འཆར་གཞིའི་ནང་བཅུག་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་རྒྱུའི་དམིགས་ཚད་མངོན་གྱུར་ཡོང་བ་བྱ་རྒྱུ་དང་། རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འགོ་ཡག་པོ་འཛུགས་པ། ལྷག་པར་དུ་གནད་འཕིགས་དབུལ་སྐྱོར་དང་གནད་འཕིགས་དབུལ་སྒྲོལ་སོགས་དམངས་འཚོ་དང་འབྲེལ་བ་ཡོད་པའི་གལ་ཆེའི་གྲོས་གཞིའི་རིགས་གཙོ་གནད་གྲོས་ཁོངས་སུ་བཅུག་སྟེ་ཀྲུའུ་ཞི་སྐུ་གཞོན་གྱིས་སྒྲུབ་སྐུལ་བྱ་རྒྱུར་འགན་འཁུར་ཐོག “བདེ་བླག་ངང་གཉེར་སྒྲུབ”དང་། “དོན་ཐོག་ཏུ་འཁྱོལ་བ” “ཕན་འབྲས་དངོས་ཐོན་པ”བཅས་བྱེད་དགོས། གསར་གཏོད་འཚོལ་ཞིབ་ཧུར་ཐག་བྱས་ཏེ་གྲོས་གཞི་གཉེར་སྒྲུབ་དང་གྲོས་མོལ་བྱེད་པའི་སྒྲིག་འཛུགས་གོ་རིམ་དང་། བྱེད་སྟངས་ཐབས་ཤེས། ལས་དོན་འབྲེལ་མཐུད་བྱ་རྒྱུ་སོགས་ཀྱི་ཐད་ཚད་ལྡན་ལམ་ལུགས་ཞིབ་འཇུག་དང་བཟོ་འདོན་བྱས་ནས་གྲོས་གཞི་གཉེར་སྒྲུབ་དང་གྲོས་མོལ་བྱེད་ལམ་རྒྱུན་ཆད་མེད་པར་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས།
བཞི། མཐུན་སྒྲིལ་མཉམ་ལས་བྱ་རྒྱུ་གཙིགས་ཆེར་བཟུང་སྟེ་གྲོས་གཞིའི་ལས་ཀའི་མཉམ་ཤུགས་ཆགས་པ་བྱེད་དགོས།
“གོང་འཕེལ་གྱི་འདུ་ཤེས་ཆེན་པོ་ལྔ”བརྟན་པོ་བཙུགས་ཏེ་གྲོས་གཞི་གཉེར་སྒྲུབ་གྲོས་མོལ་བྱ་རྒྱུ་དང་གཞན་དག་ལས་ཀའི་འབྲེལ་བ་ཐག་གཅོད་ཡང་དག་པ་བྱས་ནས“གྲོས་འདོན”དང་“གྲོས་སྒྲུབ”བྱེད་མཁན་ཕྱོགས་གཉིས་པོས་མཐུན་སྒྲིལ་མཉམ་ལས་དང་གཞོགས་འདེགས་དམ་ཟབ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཐོག “གྲོས་འདོན”དང་“གྲོས་སྒྲུབ”བྱེད་མཁན་ཕྱོགས་གཉིས་ཀྱི་གྲོས་མོལ་བྱེད་ས་བཟོ་བ་དང་མཐུན་རྐྱེན་སྐྲུན་པ། ཕྱོགས་ཁག་གིས་གྲོས་མོལ་བྱ་རྒྱུར་མཐོང་ཆེན་དང་། གྲོས་མོལ་བྱེད་འདོད་པ། གྲོས་མོལ་ཧུར་ཐག་བྱེད་པ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་ཐུབ་པ་བྱེད་དགོས། ནང་ཁུལ་བྱང་ཚད་མཐོ་རུ་གཏོང་བ་དང་ཕྱིའི་རྣམ་པ་འཛུགས་རྒྱུ་རྒྱུན་འཁྱོངས་ཀྱིས་གྲོས་གཞིའི་ལས་དོན་གྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུར་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་ཆབ་སྲིད་ཀྱི་རིགས་གཞུང་ཆུ་ཚད་དང་ལས་སྒོའི་འཇོན་ནུས་སྔར་བས་ཤུགས་ཆེར་གཏོང་དགོས། གྲོས་གཞིའི་ལས་དོན་སྤེལ་མཁན་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཆབ་སྲིད་ཀྱི་ཆུ་ཚད་དང་ལས་སྒོའི་བྱང་ཚད་མཐོ་རུ་གཏོང་དགོས། རྒྱལ་ཡོངས་སྲིད་གྲོས་ནས་ལས་དོན་གྱི་མཛུབ་ཁྲིད་ཐོབ་རྒྱུར་བརྩོན་ལེན་བྱེད་པ་དང་། ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཁག་གི་སྲིད་གྲོས་དང་སྤེལ་རེས་མཉམ་ལས་དམ་ཟབ་བྱེད་པ། ས་གནས(གྲོང་ཁྱེར)དང་རྫོང(ཆུས)ཁག་གི་སྲིད་གྲོས་ཀྱི་གྲོས་གཞིའི་ལས་དོན་ལ་མཛུབ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་གྲོས་གཞིའི་ལས་ཀའི་སྤྱི་ཡོངས་ཀྱི་མཉམ་ཤུགས་ཤིག་ཆགས་པ་བྱེད་དགོས། དེ་བཞིན་ལྗོངས་ཕྱི་ནང་གི་གསར་འགྱུར་སྨྱན་སྦྱོར་དང་། 《བོད་ལྗོངས་སྲིད་གྲོས》དུས་དེབ། 《སྲིད་གྲོས་ཆ་འཕྲིན(ཕྱོགས་བསྡུས་པར་གཞི)》སོགས་དྲིལ་བསྒྲགས་ལས་སྟེགས་ལ་བརྟེན་ནས་དྲིལ་བསྒྲགས་བྱེད་ཐབས་གསར་གཏོད་དང་། དྲིལ་བསྒྲགས་ཐབས་ལམ་རྒྱ་ཆེར་གཏོང་བ། དྲིལ་བསྒྲགས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་ཡོངས་ཀྱིས་གྲོས་གཞིའི་ལས་དོན་ལ་དོ་སྣང་དང་རྒྱབ་སྐྱོར་བྱེད་པའི་རྣམ་པ་བཟང་པོ་ཞིག་གཏོད་ཐོག སྲིད་གྲོས་གྲོས་གཞིའི་ལས་དོན་གསར་གཏོད་དང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།
ཨུ་ཡོན་རྣམ་པ། གྲོས་གཞིའི་ལས་དོན་ནི་ཁྱོན་ཡོངས་དང་འབྲེལ་བ་ཡོད་ལ། འགན་འཁྲིའང་ལྕི་པོ་ཡིན། ང་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཐོག ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་གལ་ཆེའི་དགོངས་པ། ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་བཅས་མཛུབ་ཁྲིད་དུ་བྱས་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པ། ལྔ་པ་བཅས་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱ་རྒྱུ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག མཐུན་སྒྲིལ་འབད་འཐབ་དང་། རང་འགན་གཙང་སྒྲུབ། ལས་དོན་ཏན་ཏིག་སྤེལ་བ་བཅས་བྱས་ནས་གྲོས་གཞིའི་ལས་དོན་གྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་རང་ལྗོངས་ཀྱི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་མདུན་སྐྱོད་ཀྱི་ལམ་བུ་གསར་གཏོད་བྱ་རྒྱུ་དང་། གོང་འཕེལ་དང་བརྟན་ལྷིང་གི་ལས་ཀའི་རྣམ་པ་གསར་པ་གཏོད་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས།
(ཚོགས་འདུ་གཉིས་ཀྱི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)
འགན་འཁུར་རྩོམ་སྒྲིག་པ། 次旦多吉
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣