དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའུ་ཡིས“ནན་གསུམ་དྲང་གསུམ”གྱི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-01-16

    ཟླ་1ཚེས་13ཉིན་རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའུ་ཡིས་དུས་ཡུན་ཉིན་གཅིག་སྤྱད་དེ“ནན་གསུམ་དྲང་གསུམ”གྱི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་རིམ་སྤེལ་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ལྷག་པར་དུ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུའི་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་དང་། སྲིད་གཞུང་གི་ཏང་ཙུའི་ཚན་ཁག་དང་མི་སྒེར་གྱི་དངོས་ཡོད་ལྟ་བསྡུར་ཞིབ་བཤེར་དང་འབྲེལ་བ་དམ་ཟབ། “ནན་མིན་དྲང་མིན”གྱི་གནད་དོན་བཙལ་འཚོལ་གཏིང་ཟབ། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་གཟབ་ནན་བཅས་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅི་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། རང་སྐྱོང་ལྗོངས་ཀྱི་སྒྲིག་ཨུད་དང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་འབྲེལ་ཡོད་བློ་མཐུན་ཚོགས་འདུར་མཛུབ་ཁྲིད་གནང་བར་ཕེབས་པ་རེད།

    རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའུ་ཡིས་ད་ཐེངས་ཀྱི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་ཡག་པོ་འཚོག་རྒྱུའི་ཐད་ཚད་མཐོའི་མཐོང་ཆེན་གནང་བ་དང་ཚོགས་འདུ་མ་འཚོགས་གོང་སྲིད་གཞུང་གི་ཏང་ཙུའི་ཚན་ཁག་གིས་དམངས་གཙོ་དར་སྤེལ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཕྱོགས་ཁག་གི་བསམ་འཆར་བསྡུ་ལེན་དང་། ལྷག་པའི་གནད་དོན་དང་མི་འདང་ས་བཙལ་འཚོལ། སློབ་གསོའི་འབྲས་བུ་སྲ་བརྟན་དུ་གཏོང་བའི་བྱེད་ཐབས་བཏོན་པ་བཅས་བྱས་ཡོད། ཚན་ཁག་དང་མི་སྒེར་གྱི་ལྟ་བསྡུར་ཞིབ་བཤེར་དཔྱད་གཞི་ནན་ཏན་ངང་འབྲི་བ་དང་བཟོ་བཅོས་ཡང་ཡང་བརྒྱབ་ནས་དབྱེ་ཞིབ་གཏིང་ཟབ་བྱས་པ་དང་ལེགས་བཅོས་བྱེད་ཐབས་བཏོན་ཡོད། དུས་མཚུངས་དམངས་གཙོའི་འཚོ་བའི་ཚོགས་འདུའི་ཇུས་གཞི་བཟོས་ནས་དམངས་གཙོའི་འཚོ་བའི་ཚོགས་འདུ་ཡག་པོ་འཚོག་པར“རང་སྐྱོན་རང་བརྗོད་ནན་པོ་བྱེད་པ་དང་། ཕན་ཚུན་སྐྱོན་བརྗོད་གནད་ལ་འཁེལ་པོ་བྱེད་པ། རྒྱུ་རྐྱེན་དབྱེ་ཞིབ་གཏིང་ཟབ་བྱེད་པ། བཅོས་སྒྲིག་བྱེད་ཐབས་ཏན་ཏིག་དགོས་པ”བཅས་ཀྱི་ཞིབ་ཕྲའི་བླང་བྱ་བཏོན་པ་རེད།

    ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུའི་ཐོག་སྲིད་གཞུང་གི་ཏང་ཙུའུ་ཡི་2014ལོའི་དམངས་གཙོའི་འཚོ་བའི་ཚོགས་འདུའི་བཅོས་སྒྲིག་བྱེད་ཐབས་དོན་འཁྱོལ་བྱས་ཚུལ་བརྡ་ཁྱབ་བཏང་ཞིང་། བློ་བཟང་རྒྱལ་མཚན་གྱིས་དང་ཐོག་རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའི་ཚན་ཁག་གི་ཚབ་ཞུས་ཏེ་ལྟ་བསྡུར་ཞིབ་བཤེར་གནང་བ་དང་འབྲེལ་མི་སྒེར་གྱི་ལྟ་བསྡུར་ཞིབ་བཤེར་གྱི་སྣེ་འཁྲིད་པ་དང་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་སྣེ་ཁྲིད་ནས་གནང་བ་རེད། ཏང་ཙུའུ་ཡི་ཚན་ཁག་གི་ཁོངས་མི་རེ་རེ་བཞིན་གྱིས“ནན་གསུམ་དྲང་གསུམ”གྱི་བླང་བྱར་གཞིགས་ཏེ་ལྟ་བསྡུར་བྱས་པ་དང་ངོས་འཛིན་གླེང་བ་དང་། མྱོང་ཚོར་ཤོད་པ། གནད་དོན་འདོན་པ། མི་འདང་ས་འཚོལ་བ། འབྱུང་རྩ་དབྱེ་ཞིབ། བྱེད་ཐབས་གཏན་འཁེལ་བཅས་བྱས་ཏེ་ཕན་ཚུན་མ་གསང་དྲང་པོའི་ངང་སྐྱོན་བརྗོད་བྱས་པ་རེད།

    ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་གྲོལ་སྐབས་བློ་བཟང་རྒྱལ་མཚན་གྱིས་ཕྱོགས་སྡོམ་གསུང་བཤད་གནང་ཞིང་། ཁོང་གིས་སྤྱོད་ཚུལ་འཛུགས་སྐྱོང་བྱེད་པར་ནམ་ཡང་མཐའ་མེད་པ་དང“ནན་གསུམ་དྲང་གསུམ”ལག་བསྟར་བྱེད་པར་དུས་ཚོད་སྐར་ཆ་ཙམ་ཡང་ལྷོད་གཡེང་བྱེད་མི་རུང་། སྲིད་གཞུང་གི་ཏང་ཙུའི་ཚན་ཁག་གི་བློ་མཐུན་ཚང་མས་རྒྱུན་སྲིང་ལྷོད་མེད་ངང་ཐོག་མཐའ་བར་གསུམ་དུ་མིག་དཔེ་ཡག་པོ་བཏོན་ནས“ནན་གསུམ་དྲང་གསུམ”ལག་བསྟར་བྱ་རྒྱུ་དེ་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    གཅིག་ནས་སྒྲིག་ཁྲིམས་སྲུང་བ་དང་སྒྲིག་ལམ་ལ་སྣང་ཆེན་བྱེད་པའི་ཆབ་སྲིད་ཀྱི་རྣོ་ངར་རང་བཞིན་སྔར་བས་ཤུགས་ཆེར་གཏོང་དགོས་ཤིང་། སྔ་ཕྱི་བར་གསུམ་དུ་ཆབ་སྲིད་གསལ་པོ་ཤེས་མཁན་ཞིག་བྱས་ཏེ་ཆབ་སྲིད་ཐད་ཀྱི་འཇོན་ཐང་ཆེ་བ་དང་བསམ་བློའི་ཚུགས་ཤུགས་དང་། འཐབ་ཇུས་ཀྱི་ཚུགས་ཤུགས། ཀུན་སྤྱོད་ཀྱི་ཚུགས་ཤུགས་བཅས་ཧ་ཅང་ཡག་པོ་དགོས་ལ་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་ལ་རྦད་དེ་བློ་དཀར་བྱེད་དགོས་པ་དང་། རིགས་པའི་གཞུང་ལུགས་སློབ་སྦྱོང་བྱ་རྒྱུར་རང་རྟོགས་ངང་ཤུགས་སྣོན་བརྒྱབ་ནས་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་ཁོང་དུ་ཆུད་པ་དང་ཆབ་སྲིད་ཀྱི་ཚོར་རྐྱེན་དང་ཆབ་སྲིད་ཀྱི་དབྱེ་འབྱེད་ནུས་པ་ཆེ་རུ་གཏོང་དགོས་པ། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྩ་དོན་གྱི་གནད་དོན་གལ་ཆེན་དེའི་ཐད་ཐོག་མཐའ་བར་གསུམ་དུ་དར་ཆ་གསལ་སྟོན་དང་། ལངས་ཕྱོགས་བརྟན་པོ། རྣམ་འགྱུར་བློ་ཐག་ཆོད་པོ། བྱེད་ཐབས་ནུས་ལྡན་བཅས་ཡོང་བ་བྱེད་དགོས་པ་བཅས་རེད།

    གཉིས་ནས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་བྱ་གཞག་སྒྲུབ་སེམས་སྔར་བས་ཤུགས་ཆེར་གཏོང་དགོས་ཤིང་། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་གོ་སྐབས་འགངས་ཆེན་དམ་འཛིན་བྱས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ཁོང་དུ་ཆུད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ་བརྟན་པོ་འཛུགས་པ། དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པ་བྱེད་པ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། ཁྱད་ལྡན་ལེགས་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ། སྣོད་བཅུད་ཁོར་ཡུག་བཟང་པོ་མུ་མཐུད་རྒྱུན་འཁྱོངས་བྱེད་པ། དམངས་འཚོ་ལེགས་སུ་གཏོང་རྒྱུ་འགན་ལེན་ཏན་ཏིག་བྱེད་པ། སྒྱུར་བཅོས་གཏིང་ཟབ་ཏུ་ཧུར་ཐག་གཏོང་བ། སྒོ་དབྱེའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།

    གསུམ་ནས་རང་འཁྲིའི་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་འཁུར་སེམས་སྔར་བས་ཆེ་རུ་གཏོང་དགོས་ཤིང་། འགན་འཁྲི་སྒྲུབ་སེམས་ཤུགས་ཆེན་དགོས་པ་དང་འགན་འཁྲི་འཁུར་ཕོད་པ་དང་ནུས་པ་འདོན་ཕོད་པ་བྱས་ཏེ་གཏན་འཁེལ་ཟིན་པའི་ལས་དོན་ངེས་པར་དུ་དམ་འཛིན་ཡག་པོ་བྱེད་དགོས། སློབ་སྦྱོང་དང་ཞིབ་འཇུག་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རང་ཉིད་ཀྱིས་ལས་བགོས་དོ་དམ་བྱེད་པའི་ལས་དོན་ཐད་ངེས་པར་དུ་སེམས་ནང་གདེང་ཚོད་ཡོད་པ་དང་གསལ་གསལ་ཐིང་ཐིང་ཤེས་པ་བྱེད་ཐུབ་པ་དང་ལས་རིགས་གཅིག་ལས་བགོས་དོ་དམ་བྱས་ཚེ་དེར་དགའ་བ་དང་ལས་རིགས་གཅིག་སྦྱངས་ཚེ་དེ་རྟོགས་པ་བྱས་ཐོག་ཉམས་མྱོང་ཕྱོགས་སྡོམ་དང་། གནད་དོན་ཤེས་རྟོགས། བྱེད་ཐབས་འཐུས་ཚང་བཅས་ཀྱི་ལས་དོན་སྒྲུབ་མཁས་པོ་བྱེད་དགོས།

    བཞི་ནས་སྤྱོད་གཙང་རང་འདོམས་ཀྱི་རང་རྟོགས་རང་བཞིན་སྔར་བས་ཤུགས་ཆེར་གཏོང་དགོས་ཤིང་། “སྤྱོད་ཚུལ་བཞིར་ངོ་རྒོལ་དང་། ཏང་སྲོལ་བཟང་པོ། རུལ་སུངས་ལ་ངོ་རྒོལ། སྤྱོད་གཙང་དར་སྤེལ”བཅས་ཀྱི་འཐབ་ཇུས་ཚུགས་ཤུགས་རྒྱུན་འཁྱོངས་བྱེད་པ་ལས་དབང་ཆ་དང་གོ་གནས་ཐད་ཀྱི་མཆོག་འཛིན་གྱི་འདུ་ཤེས་གཏན་ནས་ཡོད་མི་རུང་བ་དང་གཞུང་དོན་དང་སྒེར་དོན་གང་ཡིན་རུང་ཚང་མར་ཏང་གཤིས་ཀྱི་རྩ་དོན་མཐའ་འཁྱོངས་བྱེད་པ་དང་ལམ་ལུགས་ལ་བརྟེན་ནས་མིར་དོ་དམ་དང་། དབང་ཆར་དོ་དམ། དངོས་རྫས་དོ་དམ། ལས་དོན་ལ་དོ་དམ་བཅས་མཐའ་གཅིག་ཏུ་བྱས་ཏེ་ལམ་ལུགས་ལག་བསྟར་བྱེད་པའི་མིག་དཔེ་བཟང་པོ་བྱེད་དགོས་པ་དང་། ནང་མི་དང་རང་ཉིད་གམ་གྱི་ལས་དོན་མི་སྣར་དོ་དམ་ཡག་པོ་དང་རང་ཉིད་ཀྱིས་ལས་བགོས་དོ་དམ་བྱེད་པའི་ཁྱབ་ཁོངས་དང་ཚན་པ་དོ་དམ་ཡག་པོ་བྱེད་དགོས་པ། ཏང་གི་སྒྲིག་ཡིག་དང་སྤྱོད་གཙང་རང་འདོམས་ཀྱི་ཚད་གཞིར་བརྩི་སྲུང་ཞུ་བའི་མིག་དཔེ་བཟང་པོ་བྱས་ཏེ་ཀྲུང་དབྱང་གི“གཏན་འབེབས་དོན་ཚན་བརྒྱད”དང་ལྗོངས་ཏང་ཨུད་ཀྱི“སྲུང་བྱ་རྣམ་བཅུ”དང“བླང་བྱ་དོན་ཚན་དགུ”ལ་རང་རྟོགས་ངང་བརྩི་སྲུང་ཞུས་ནས་ལས་ཀའི་ཐད་ཚད་གཞི་མཐོ་པོ་དང་འཚོ་བའི་ཐད་བླང་བྱ་ནན་པོ་བཏོན་ཐོག་མིག་དཔེ་བཟང་པོ་ཞིག་བྱེད་དགོས་པ། ཏང་གི་སྒྲིག་ཁྲིམས་དང་སྒྲིག་ལམ་ཇི་མ་ཇི་བཞིན་ལག་བསྟར་བྱས་ཏེ་ཁྲིམས་ལྟར་དབང་ཆ་སྤྱོད་པ་དང་ཏང་གི་སྒྲིག་ཁྲིམས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལ་ནན་པོར་གཞིགས་ཏེ་ལས་དོན་སྒྲུབ་པ་དང་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་དེ་བས་འབད་འབུངས་ཆེར་བསྐྱེད་ངང་སྐུལ་འདེད་བཏང་ཐོག་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་རྒྱུ་ཡོང་བ་བྱེད་དགོས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།