ཚེས་12ཉིན་གྱི་ཕྱི་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་2016ལོའི་རྒྱུན་ལས་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག《སྲིད་གཞུང་གི་ལས་དོན་སྙན་སྒྲོན(གྲོས་ཞིབ་བྱ་རྒྱུར་འབུལ་བའི་མ་ཟིན)》དང་། 《རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་རྩ་གནད(གྲོས་ཞིབ་བྱ་རྒྱུར་འབུལ་བའི་མ་ཟིན)》ནོར་སྲིད་སྔོན་རྩིས་འཆར་ཟིན། 《2015ལོའི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་བྱ་ཚུལ་ལ་དབྱེ་ཞིབ་དང་2016ལོའི་དཔལ་འབྱོར་ལས་དོན་གྱི་བསམ་ཕྱོགས་གྲོས་འགོ》བཅས་ལ་གྲོས་བསྡུར་དང་གྲོས་འཆམ་བྱས་པ་མ་ཟད། ད་དུང་2016ལོར་ལག་ལེན་བསྟར་རྒྱུའི་དམངས་འཚོའི་སྲིད་ཇུས་མང་པོའི་སྐོར་གྱི་བྱ་བ་དང་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་གཙོ་གནད་ལ་ཞིབ་འཇུག་བྱས་ནས་གཏན་འཁེལ་ཁ་གསལ་བྱས་པ་རེད།
《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ཟིན་འགོད་ལས་དོན་ན་ནིང་ཟླ་བ་བཅུ་པ་ནས་སྤེལ་འགོ་བཙུགས་ཚུན་གནད་བསྡུས་ལ་འགྱུར་ལྡོག་ཐེངས་གསུམ་དང་མ་ཟིན་ལ་འགྱུར་ལྡོག་ཐེངས་ལྔ་བཏང་བ་དང་འབྲེལ་ས་ཁུལ་དང་གྲོང་ཁྱེར་ཁག་དང་། སྡེ་ཚན་ཁག སྤྱི་ཚོགས་ལས་རིགས་ཁག་བཅས་ཀྱི་བསམ་འཆར་དང་གྲོས་འགོ་ཡང་བསྡུ་ལེན་ཐེངས་མང་བྱས་ཡོད། བསམ་འཆར་བསྡུ་ལེན་བྱས་ཚུལ་ལ་གཞིགས་ནས་ལས་རིགས་ཁག་གི་མི་སྣས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དེ་བདེན་པ་བདེན་ཐུབ་དང་། བྱེད་ཐབས་ནུས་ལྡན། གཙོ་གནད་འབུར་ཐོན་བཅས་ཡོད་པའི་ངོས་འཛིན་མགྲིན་གཅིག་ཏུ་བྱས་ཡོད།
དེ་ཐོག་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་དང་ཡུན་རིང་བདེ་འཁོད་ལ་དམ་པ་དོན་གཉེར་དང་ཕྱར་བ་གྲུ་འདེགས་ཀྱིས་སྐུལ་འདེད་གཏོང་བའི་བོད་ཀྱི་འཐབ་ཇུས་འདོད་འདུན་དང་དེ་བཞིན་སྲ་ཞིང་བརྟན་པའི་ཡིད་ཆེས་ཀྱི་བསམ་པ་དང་ཆོད་སེམས་མཚོན་གྱི་ཡོད། ཚོགས་འདུའི་ཐོག་མི་དམངས་ལ་ཚད་མཐོའི་འགན་འཁུར་བའི་སྙིང་སྟོབས་ཐོག་ནས་ཕྱོགས་ཁག་གི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་གང་ལེགས་བྱེད་དགོས་པ་དང་། བཟོ་བཅོས་བརྒྱབ་ནས་འཐུས་སྒོ་ཚང་དུ་གཏོང་དགོས་པ། དེ་ནས་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་བྱ་རྒྱུར་འབུལ་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།
ཚོགས་འདུའི་ཐོག《རྩ་གནད》རྩོམ་སྒྲིག་བྱེད་པའི་བརྒྱུད་རིམ་ནང་ཀྲུང་དབྱང་གི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”གྲོས་འགོའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་རང་ལྗོངས་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་པའི“མི་འདང་ས”དང“འཇུར་མིག”ཚན་རིག་དང་མཐུན་པའི་སྒོ་ནས་ཤེས་པ་བྱེད་དགོས་པ་དང་། འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་ཆེ་རུ་གཏོང་རྒྱུར་སྔར་བས་སྣང་ཆེན་བྱེད་དགོས། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བརྟན་ལྷིང་སྲུང་སྐྱོང་དང་འཕེལ་རྒྱས་དམ་འཛིན་གྱི་བྱ་སྤྱོད་གལ་ཆེན་དང་གྲུབ་འབྲས་ཐོབ་པའི་ཉམས་མྱོང་བསྡུ་ལེན་ལ་སྔར་བས་སྣང་ཆེན་བྱེད་དགོས། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་ཐུབ་པ་བྱེད་དགོས་ལ་གཙོ་གནད་མངོན་གསལ་དོད་པོ་དང་སྤྱིའི་ཆ་ནས་དོན་ཐོག་ཏུ་འཁྱོལ་ཐུབ་པའང་བྱེད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི“བཀོད་འདོམས་དབྱུག་པའི”ནུས་པ་འདོན་སྤེལ་གྱིས་ཞི་མཐུན་འཕེལ་རྒྱས་ལ་སྣང་ཆེན་དང་། ས་ཁོངས་དཔལ་འབྱོར་འཕེལ་རྒྱས་འགྲོ་ཚུལ་ལ་སྣང་ཆེན། ལྗོངས་ཕྱི་ནང་གི་མཉམ་ལས་སྤེལ་རེས་ལ་སྣང་ཆེན་བཅས་བྱེད་དགོས་ཞེས་བསྟན་པ་རེད།
ཚོགས་འདུའི་ཐོག་2015ལོར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་བཅུ་དང“663”ལས་དོན་བསམ་ཕྱོགས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ་དང་དཔལ་འབྱོར་འཁོར་རྒྱུག་བྱས་ཚུལ་ལ་སྟབས་བསྟུན་རྣམ་པའི་ལྟ་ཞིབ་ཚད་ལེན་བྱ་རྒྱུར་ཤུགས་བརྒྱབ་སྟེ་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཛད་སྤྱོད་དགོས་མཁོ་ཆེ་རུ་གཏོང་བ། སྔོན་རྩིས་ལག་བསྟར་མགྱོགས་པོ་བྱེད་པ། ཐོན་ལས་ལ་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། གྲོང་མིའི་འབབ་འཕར་ལ་སྐུལ་འདེད་གཏོང་བ་བཅས་ཁ་ཕྱོགས་གཏན་འཁེལ་གྱི་སྙོམས་སྒྲིག་ཚོད་འཛིན་བྱེད་ཐབས་རབ་དང་རིམ་པ་དུས་ཐོག་ཏུ་བཏོན་ནས་དཔལ་འབྱོར་བརྟན་ཐོག་ཡར་ཐོན་དང་བརྟན་ཐོག་ཡར་འཕེལ་ཡོང་བ་བྱས་ཡོད་ཅེས་བསྟན་པ་རེད། ཚོགས་འདུའི་ཐོག་2016ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་ཀྱི་འགོ་འཛུགས་ལོ་ཞིག་ཡིན་ལ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ལོ་ཞིག་ཀྱང་རེད། འདི་ལོའི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུར་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད། ང་ཚོས་ངེས་པར་དུ་བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་འཐབ་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང“ནན་གསུམ་དྲང་གསུམ”གྱི་བླང་བྱ་གཞིར་བཟུང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་དམ་འཛིན་ཡག་པོ་བྱས་ནས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་རྐང་པ་གཉིས་ཀ་འགུལ་ཐུབ་པ་དང་། འགོ་ཡག་པོ་འཛུགས་ཐུབ་པ། གོམ་པ་བརྟན་པོ་སྤོ་ཐུབ་པ་བཅས་ཀྱི་འགན་ལེན་བྱེད་དགོས་ཞེས་ནན་བཤད་བྱས་པ་རེད།
2016ལོའི་ནོར་རྩིས་སྔོན་རྩིས་འཆར་ཟིན་ཐད་ཚོགས་འདུའི་ཐོག《སྔོན་རྩིས་བཅའ་ཁྲིམས》དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་ནན་པོ་བྱས་ནས་ཁྲིམས་མཐུན་རང་བཞིན་མངོན་པར་བྱེད་དགོས་པ་དང་། གཏོང་སྒོ་ཚང་མར་ཚོད་རྩིས་ནན་པོ་བྱས་ཏེ་གཞི་གྲངས་འཕྱུགས་པ་མེད་པ་བྱས་ནས་དངོས་བདེན་རང་བཞིན་མཚོན་པ་བྱེད་དགོས། རྨང་གཞིའི་སྒྲིག་བཀོད་དང་། ཁྱད་ལྡན་ཐོན་ལས། དམངས་འཚོ་ལེགས་གཏོང་། སྣོད་བཅུད་ཁོར་སྲུང་། དབུལ་སྒྲོལ་འགག་སྒྲོལ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་སྔོན་རྩིས་བཀོད་སྒྲིག་འབུར་དུ་ཐོན་པ་བྱས་ནས་གལ་ཆེའི་རང་བཞིན་མངོན་པ་བྱེད་དགོས། ནོར་སྲིད་མ་དངུལ་བེད་སྤྱོད་ཀྱི་ཕན་འབྲས་ཆེ་རུ་ཏན་ཏིག་གཏོང་བ་དང་ཕྱོགས་ཡོངས་ནས་རྗེས་སྙེག་བདའ་འདེད་བཏང་སྟེ་ལས་རྗེས་རང་བཞིན་མངོན་པ་བྱེད་དགོས་ཞེས་ནན་གྱིས་བཤད་པ་རེད།
ཚོགས་འདུའི་ཐོག《2016ལོའི་འཆར་གཞི་ལག་བསྟར་གྱི་དམངས་འཚོའི་སྲིད་ཇུས》སྐོར་གྱི་སྙན་ཞུ་ཉན་པ་རེད། ཚོགས་འདུའི་ཐོག་སྐབས་དེའི་སྲིད་གཞུང་གིས“ཚད་གཞི་མཐོ་རུ་དང་གཞི་རྒྱ་ཆེ་རུ་གཏོང་རྒྱུ”དེ་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་གྱི་བྱེད་ཐབས་གལ་ཆེན་ཞིག་ལ་བརྩིས་ནས་ལོ་ལྟར་སྲིད་ཇུས་མང་དག་ཅིག་འདོན་གྱི་ཡོད། ན་ནིང་དམངས་འཚོའི་ཁྱབ་ཁོངས་ཀྱི་གཏོང་ཆ་དེས་ནོར་སྲིད་གཏོང་སྒོའི་70%ཡན་བཟུང་ནས་མ་དངུལ་རྣམས་དམངས་འཚོའི་ཁྱབ་ཁོངས་དང་། གཞི་རིམ་དང་ཞིང་འབྲོག་ཁུལ། དཀའ་ངལ་ཡོད་པའི་མང་ཚོགས་དང་གཉོད་ཆུང་ཚོགས་སྤྱི་བཅས་ལ་གཏོང་ཐུབ་པ་བྱས་ཡོད། འདི་ལོ་དམངས་འཚོའི་སྲིད་ཇུས་རབ་དང་རིམ་པ་མུ་མཐུད་ལག་བསྟར་བྱེད་དགོས་པ་མ་ཟད། ད་དུང་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་དུའངབཀོད་དེ་མི་རིགས་ཁག་གི་མང་ཚོགས་ལ་སྒྱུར་འཕེལ་བརྟན་གསུམ་གྱི་གྲུབ་འབྲས་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱས་ནས་འཕེལ་རྒྱས་གཏོང་བའི་ནང་ཞུགས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ལ་ཐོབ་སེམས་དང་བདེ་སྐྱིད་ཚོར་སེམས་ཀྱང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་བསྟན་པ་རེད།
ཚོགས་འདུའི་ཐོག《2016ལོའི་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་གཙོ་གནད》ལ་ཞིབ་འཇུག་དང་འབྲེལ་གྲོས་བསྡུར་ཡང་བྱས་པ་རེད། ཚོགས་འདུའི་ཐོག་དབུལ་སྒྲོལ་འགག་སྒྲོལ་བྱ་རྒྱུ་ནི་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ཨང་དང་པོ་ཡིན། 2016ལོའི་དབུལ་སྐྱོར་ལས་དོན་ཐད་དམིགས་ཚད་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་དབུལ་པོའི་མི་འབོར་གྱི་ཡིག་ཚགས་བཟོ་རྒྱུ་དང་གཱ་སྤྲོད་རྒྱུར་དམ་པོར་དམིགས་དགོས་པ་དང་། དབུལ་སྒྲོལ་འགག་སྒྲོལ་དམིགས་ཚད་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས་ལ། རིམ་པ་བཞིན་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས། ཆེད་དོན་དབུལ་སྐྱོར་དང་། ལས་རིགས་དབུལ་སྐྱོར། སྤྱི་ཚོགས་དབུལ་སྐྱོར། དངུལ་རྩའི་དབུལ་སྐྱོར། བོད་སྐྱོར་དབུལ་སྐྱོར་བཅས་ཀྱི་དབུལ་སྐྱོར་བྱེད་སྟངས་སྲ་བརྟན་དང་འཐུས་སྒོ་ཚང་དུ་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་དགོས། ཡུལ་ནད་ཐོན་ཆེ་ཁུལ་དང་། རི་གྲོང་ལུང་གཞུང་ཁུལ། གནོད་འཚེ་ཐོན་ཆེ་ཁུལ། མཐོ་གྲང་འབྲོག་ཁུལ། མཐའ་མཚམས་དམིགས་བསལ་དབུལ་པོའི་ཁུལ་བཅས་ཀྱི་འཕེལ་རྒྱས་ཀྱི་འཇུར་མིག་གནད་དོན་ཐག་གཅོད་གང་ཐུབ་བྱེད་དགོས། དབུལ་པོའི་ཚོགས་སྤྱིར་དམིགས་ཏེ་རིགས་དབྱེ་ནས་སྲིད་ཇུས་ལག་ལེན་བསྟར་བ་དང་། དུས་བབ་དང་བསྟུན་པ། མི་ལ་གཞིགས་ནས་དབྱེ་བ་འབྱེད་པ། ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ་བཅས་ཀྱི་ཐོག་ནས་དབུལ་སྐྱོར་ངོ་མ་བྱེད་ཤེས་པ་དང་དབུལ་སྐྱོར་དངོས་འབྲེལ་བྱེད་ཐུབ་པ་བྱེད་དགོས་ཞེས་ནན་གྱིས་བཤད་པ་རེད།