དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་མལ་གྲོ་གུང་དཀར་གྱི་འབྲེལ་གཏུག་བྱ་ཡུལ་དུ་ཕེབས་ཏེ་འཚམས་འདྲི་གནང་བ་དང་འབྲེལ་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-01-11

    ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་རིང་ངོ་ཤེས་པའི་མལ་གྲོ་གུང་དཀར་རྫོང་གི་གཉེན་ཉེ་དང་གྲོགས་པོ་དང་ལོ་གསུམ་རིང་ངོ་ཤེས་པའི་འབྲེལ་གཏུག་བྱ་ཡུལ་གྱི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཐད་འགྱུར་ལྡོག་གསར་པ་གང་བྱུང་ཡོད་དམ། ད་དུང་དཀའ་ངལ་མངོན་གསལ་དོད་པོ་གང་ཡོད་པའི་ཐད་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་ཐུགས་ཁུར་དང་ཐུགས་ཁྲལ་ཆེན་པོ་གནང་གི་ཡོད། ཚེས་7ཉིན་གྱི་སྔ་དྲོ་བློ་བཟང་རྒྱལ་མཚན་འཁོར་ཉུང་སྤྲོས་སྤོང་ངང་སླར་ཡང་མལ་གྲོ་གུང་དཀར་རྫོང་དུ་ཕེབས་ནས་ཆ་སྒྲིག་དུད་ཚང་དང་། དགོན་སྡེའི་གྲྭ་པ། གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་ལས་བྱེད་པ། དཀའ་ངལ་ཡོད་པའི་མང་ཚོགས་དང་གཞི་རིམ་གྱི་ལས་བྱེད་མང་ཚོགས་བཅས་ལ་གཟིགས་པ་དང་འཚམས་འདྲི་གནང་བར་ཕེབས་ནས་མལ་གྲོ་གུང་དཀར་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ལྷག་པར་དུ་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་བརྟག་ཞིབ་གནང་བ་རེད།

    སླར་ཡང་རྒྱ་མ་ཁྲི་སྒང་གྲོང་ཚོ་དང་གུང་དཀར་དག་པ་གྲོང་ཚོའི“གཉེན་ཉེའི་སར”ཕེབས་སྐབས་བློ་བཟང་རྒྱལ་མཚན་ཐུགས་མཉེས་པོ་བྱུང་སྟེ་ལམ་བར་དུ་གཉེན་ཉེའི་དེང་སྐབས་ཀྱི་འཚོ་བའི་གནས་ཚུལ་ཟམ་མི་ཆད་པར་བཀའ་འདྲི་གནང་ཡོད། སྒོ་འགྲམ་དུ་འབྱོར་སྐབས་གཉེན་ཉེ་རྒན་གཞོན་ཚང་མས་སྤྲོ་སེམས་འཁོལ་བའི་ངང་བློ་བཟང་རྒྱལ་མཚན་ཁང་པའི་ནང་གདན་དྲངས་ཏེ་ཚང་མ་མཉམ་འཛོམས་ཀྱིས་ཅི་འཕྲོས་མོལ་འཕྲོས་དང་།འཕེལ་རྒྱས་གླེང་བ། འགྱུར་ལྡོག་གླེང་བ་བཅས་གནང་། ལོ་དེ་དག་རིང་ཆ་སྒྲིག་དུད་ཚང་སྒྲོལ་དཀར་དང་། བཀྲ་ཤིས། བུ་ཆུང་བཅས་ཁྱིམ་ཚང་གི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། འཚོ་བ་ཇེ་ཡག་དང་འབྱོར་ཕྱུག་ཏུ་འགྱུར་བཞིན་ཡོད་པ་མ་ཟད། ཁྱིམ་ཚང་གསུམ་པོའི་ཕྲུ་གུ་ཚོའང་བདེ་བླག་ངང་སློབ་རིམ་འཕར་ཁར་བཀྲ་ཤིས་དང་བུ་ཆུང་ཁྱིམ་ཚང་གཉིས་ཀྱི་ཕྲུ་གུ་རྒན་པ་སློབ་ཆེན་སློབ་མ་ཡིན་པ་རེད། ན་ནིང་བོད་ལྗོངས་འཛིན་གྲྭ་སློབ་འགོ་མ་ཚུགས་གོང་བཀྲ་ཤིས་ཁྱིམ་གྱི་ནང་མི་དྲུག་པོ་ལྷ་སར་ཡོང་བ་མ་ཟད་ད་དུང་ཆེད་མངགས་ཀྲུའུ་ཞིའི་གཟིམ་ཁང་དུ་མགྲོན་པོར་ཡོང་ནས་གཏམ་བཟང་སྙན་སེང་ཞུས་པ་རེད། གཉེན་ཉེའི་ཁྱིམ་གྱི་འཚོ་བ་དངོས་འབྲེལ་དབྱར་མཚོ་རྒྱས་པ་བཞིན་གོང་དུ་འཕེལ་བ་གཟིགས་སྐབས་བློ་བཟང་རྒྱལ་མཚན་དགྱེས་ཚོར་ཆེན་པོ་བྱུང་ཡོད། “ཁྱིམ་ནང་ངལ་རྩོལ་ནུས་ཤུགས་མི་འདང་བའི་གནད་དོན་དེ་ཇི་ལྟར་བྱས་ནས་ཐག་གཅོད་བྱེད་རྩིས་ཡོད་དམ”དང་། “སློབ་སྦྱོང་ཐད་དཀའ་ངལ་འདུག་གམ”“རྒན་རྒོན་གྱིས་གཟུགས་པོར་བདག་གཅེས་བྱས་ནས་ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱིད་པོའི་ངང་སྐྱེལ་དགོས”ཞེས་གླེང་གནང་སྐབས་ཚང་མ་འཛུམ་དམུལ་དམུལ་དུ་གྱུར་པ་དང་ཅི་འཕྲོས་མོལ་འཕྲོས་འཁྲུག་པོ་ཞིག་གནང་བའི་སྐབས་ཞིང་ཁྱིམ་གྱི་སྒོ་ར་ཆུང་ངུ་དེར་བརྩེ་བས་ཁེངས། ཞལ་མ་གྱེས་གོང་བློ་བཟང་རྒྱལ་མཚན་གྱིས་ད་དུང་ཆེད་མངགས་ཨམ་ཕྲག་ནས་དུད་ཚང་ཀུན་གྱི་ཕྲུ་གུ་དང་རྒན་རྒོན་ཚོར་འཚམས་འདྲིའི་དངུལ་གནང་ནས་ཕྲུ་གུ་ཚོར་སློབ་སྦྱོང་ཧུར་ཐག་བྱས་ནས་ཁྱིམ་ལ་གཟི་བརྗིད་བརྩོན་ལེན་དང་སློབ་སྦྱོང་ལ་སྦྱངས་འབྲས་ལེགས་ཐོན་ཡོང་བའི་ལྕག་སྐུལ་གནང་བ་དང་རྒན་རྒོན་ཚེ་རིང་ནད་མེད་དང་ཚེ་མཇུག་གི་འཚོ་བ་བདེ་བར་རོལ་ཐུབ་རྒྱུའི་བཀྲ་ཤིས་སྨོན་འདུན་ཞུས་པ་རེད། གྲོང་ཚོའི་ནང་ཕེབས་སྐབས་བློ་བཟང་རྒྱལ་མཚན་གྱིས་ཕེབས་ཀྱིན་དུ་གཟིགས་ཞིབ་གནང་བ་དང་འབྲེལ་ཤང་གྲོང་གི་འགྱུར་ལྡོག་གསར་པ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། རྒྱ་མ་ཁྲི་སྒང་གྲོང་ཚོ་དང་གུང་དཀར་དག་པ་གྲོང་ཚོ་ཨུ་ལྷན་དུ་ཕེབས་སྐབས་བློ་བཟང་རྒྱལ་མཚན་གྱིས་གྲོང་ཚོ“ཨུ་ལྷན་གཉིས”ཚན་ཁག་དང་། གྲོང་ཚོར་བཅའ་སྡོད་ལས་བྱེད་པ། “གཉིས་ལྡན་དུད་སྦྲེལ”གྱི་འཐུས་མི་བཅས་དང་བྱམས་བརྩེའི་ངང་བཀའ་མོལ་གནང་སྟེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། དམངས་འཚོ་ལེགས་གཏོང་། གཞི་རིམ་གྱི་རྨང་གཞིའི་འཛུགས་སྐྲུན་སོགས་བཀའ་འདྲི་གནང་བ་མ་ཟད་དབུལ་སྒྲོལ་འགག་སྒྲོལ་ལ་དམིགས་ཏེ་ཚང་མ་དང་ལྷན་དུ་གྲོས་བསྡུར་ཡང་གནང་བ་རེད། བློ་བཟང་རྒྱལ་མཚན་གྱིས་མིག་སྔར་རང་ལྗོངས་འདི་ཉིད་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་དང་དུས་ཐོག་ཏུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་ཡོང་བའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་སུ་སླེབས་ཡོད་པས་མི་འབོར་དབུལ་པོ་རྣམས་ངེས་པར་དུ་དུས་ཐོག་ཏུ་དབུལ་སྒྲོལ་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    དེ་རྗེས་བློ་བཟང་རྒྱལ་མཚན་གྱིས་ཆེད་མངགས་ཁྲི་སྒང་གྲོང་ཚོའི་དུད་ཚང་དབུལ་པོ་པད་མ་དབྱངས་སྐྱིད་ཀྱི་ཁྱིམ་དུ་ཕེབས་ནས་ཁང་པར་གཟིགས་ཞིབ་དང་།གསོག་འཇོག་འབྲུ་རིགས་ལ་ཞིབ་བཤེར། ཡོང་འབབ་འདྲི་བ་བཅས་གནང་ཁར་དབུལ་པོའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་དང་ཁྱིམ་ཚང་དང་འཚོ་བའི་ཐད་ཅི་འཕྲོས་མོལ་འཕྲོས་དང་བརྟག་དཔྱད་གཏིང་ཟབ་གནང་ནས་དབུལ་པོར་འགྱུར་རྐྱེན་འཚོལ་ཞིབ་གཏིང་ཟབ་གནང་ཡོད། དུད་ཚང་དེ་ནི་བཟའ་ཚང་ཁ་བྲལ་བ་དང་འཚོ་བའི་ཐད་བརྟེན་ས་མེད་སྟབས་དབུལ་པོར་གྱུར་པ་མཁྱེན་རྟོགས་བྱུང་རྗེས་གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་ཀྱི་འགན་འཁུར་བློ་མཐུན་ཚོ་དང་མཉམ་དུ་བློ་བཟང་རྒྱལ་མཚན་གྱིས་ས་གནས་ས་ཐོག་ཏུ་ཐག་གཅོད་བྱ་ཐབས་ཐད་གྲོས་བསྡུར་དང་ཞིབ་འཇུག་གནང་བ་དང་འབྲེལ་ཡུལ་གཞན་དུ་གནས་སྤོའི་བྱ་ཐབས་ལ་བརྟེན་ནས་དབུལ་སྒྲོལ་ཡོང་རྒྱུའི་ཐུགས་ཐག་བཅད་པ་རེད།

    འབྲེལ་གཏུག་བྱ་ཡུལ་སྤང་ས་དགོན་དུ་བློ་བཟང་རྒྱལ་མཚན་གྱིས་དགོན་སྡེར་བཅའ་སྡོད་ལས་བྱེད་པ་དང་དགོན་སྡེའི་གྲྭ་པ་ཚོ་དང་བྱམས་བརྩེའི་ངང་གླེང་མོལ་གནང་ནས་ཞི་མཐུན་དཔེ་བཟང་གི་དགོན་སྡེ་བཏོད་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་ཀྱི་དགོན་ཕན་གྲྭ་ཕན་གྱི་གཟིགས་སྐྱོང་སྲིད་ཇུས་ཁག་དོན་འཁྱོལ་ཡག་པོ་བྱས་ནས་རྒྱ་ཆེའི་གྲྭ་བཙུན་ཚོར་རང་རྟོགས་ངང་ཏང་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་བ་བཅས་བྱེད་དགོས། རྒྱ་ཆེའི་གྲྭ་བཙུན་ཚོས་འདུལ་ཁྲིམས་སྲུང་བ་དང་། ཐོས་བསམ་ལ་རྩེ་གཅིག་ཏུ་གཞོལ་བ། རྒྱལ་གཅེས་ཆོས་གཅེས། གཅིག་གྱུར་སྲུང་སྐྱོང་བཅས་བྱས་ནས་རྒྱ་ཆེའི་དད་ལྡན་མང་ཚོགས་ཚོར་ཐོན་སྐྱེད་གོང་འཕེལ་དང་། འཚོ་བ་ལེགས་གཏོང་། དཀའ་སྤྱད་ཕྱུག་འགྱུར་བཅས་ཡོང་བའི་ཁྲིད་སྟོན་བྱས་ཏེ་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་མ་ཧུར་ཐག་བཏང་ནས་ཞི་མཐུན་དང་མཛེས་སྡུག་ལྡན་པའི་ཕ་ཡུལ་མཉམ་དུ་བསྐྲུན་ཕྱིར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་ནན་བཤད་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་ད་དུང་མལ་གྲོ་གུང་དཀར་རྫོང་གི་འགན་ལེན་ལྔའི་གཅིག་སྡུད་བསྙེན་བཀུར་ལས་དོན་ལ་གཟིགས་ཞིབ་གནང་ནས་འགན་ལེན་ལྔའི་རྒན་རྒོན་ལ་གཟིགས་པ་དང་འཚམས་འདྲི་གནང་བ་དང་། རྒྱ་མ་དམངས་ཁྲོད་གོ་མཚོན་རྟེན་རྫས་བཤམས་མཛོད་ཁང་འཛུགས་སྐྲུན་འཁོར་སྐྱོད་གསར་སྤེལ་བྱེད་ཚུལ་ལ་གཟིགས་ཞིབ་ཀྱང་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།