དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་ལོ་མཇུག་མཇུག་རྩིས་ལ་གཟིགས་ཞིབ་གནང་བ་དང་ནོར་སྲིད་དང་། ཁྲལ་དོན། དངུལ་རྩ་བཅས་ཀྱི་འཐབ་ཕྱོགས་དང་པོའི་ལས་བྱེད་ལས་བཟོར་གཟིགས་པ་དང་འཚམས་འདྲི་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-01-05

    རྙིང་སྐྱེལ་གསར་བསུ་དང་གནམ་ལོ་གསར་ཚེས་དགའ་གཏོང་བྱེད་པའི་དུས་དེར་2015ལོའི་ཟླ་12ཚེས་31ཉིན་གྱི་དགོང་མོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་ལོ་མཇུག་གི་མཇུག་རྩིས་ལ་གཟིགས་ཞིབ་གནང་བ་དང་ནོར་སྲིད་དང་། ཁྲལ་དོན། དངུལ་རྩ་བཅས་ཀྱི་འཐབ་ཕྱོགས་དང་པོའི་ལས་བྱེད་ལས་བཟོར་གཟིགས་པ་དང་འཚམས་འདྲི་གནང་བ་རེད། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ཧྲུའུ་ཅི་ཁྲེན་ཆོན་གོའི་ཚབ་ཞུས་ནས་ལྗོངས་ཡོངས་ཀྱི་ནོར་སྲིད་ཁྲལ་དོན་དང་། དངུལ་ཁང་སྒྲིག་གཞི། འགན་བཅོལ་དངུལ་འཛིན་བཅས་ཀྱི་ལས་བྱེད་ལས་བཟོར་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཡིན་པའི་ཏེང་ཞའོ་ཀང་གིས་ལྷན་དུ་གཟིགས་ཞིབ་དང་འཚམས་འདྲི་གནང་བ་རེད།

    ཟླ་12ཚེས་31ཉིན་ནི་དངུལ་རྩའི་ཁོངས་གཏོགས་ཀྱི་ལོ་མཇུག་མཇུག་རྩིས་ཉིན་མོ་ཡིན་ཞིང་། བློ་བཟང་རྒྱལ་མཚན་གྱིས་སྔ་རྗེས་སུ་ཀྲུང་གོ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གི་སྲིད་འཛིན་ཞབས་ཞུ་ཚོམས་ཆེན་དང་གཏོང་སྤྲོད་མ་ལག་ལྷ་ས་གྲོང་ཁྱེར་ཐག་གཅོད་ལྟེ་གནས་དང་ཞིང་ལས་དངུལ་ཁང་ལྗོངས་ཡན་ལག་དངུལ་ཁང་འཁར་རྔ་ཤར་ལམ་ཉིང་ལག་དངུལ་ཁང་བཅས་སུ་ཕེབས་ནས་དངུལ་རྩའི་མ་ལག་གི་འཐབ་ས་དང་པོར་འབད་བརྩོན་བྱེད་བཞིན་པའི་ལས་བྱེད་ལས་བཟོར་བྱམས་བརྩེའི་ངང་གཟིགས་པ་དང་འཚམས་འདྲི་གནང་ཞིང་། དངུལ་རྩའི་སྒྲིག་གཞི་ཁག་གི་འགན་འཁུར་བ་དང་དུས་བབ་སྐོར་གླེང་བ་དང་སྤེལ་རེས་གནང་ནས་རང་ལྗོངས་ཀྱི་དངུལ་རྩའི་འཁོར་སྐྱོད་དང་ལོ་མཇུག་གི་མཇུག་རྩིས་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།

    རང་སྐྱོང་ལྗོངས་རྒྱལ་ཁྲལ་ཅུས་སུ་བློ་བཟང་རྒྱལ་མཚན་གྱིས་སྡོད་བྱའི་ལས་དོན་མི་སྣར་ཕྱག་བཏང་གནང་ནས་བྱམས་བརྩེའི་ངང་གླེང་མོ་གནང་བ་མ་ཟད། ལོ་གཅིག་རིང་རང་ལྗོངས་ཀྱི་ཁྲལ་དོན་ལས་དོན་གྱི་འཕེལ་རྒྱས་དང་འགྱུར་ལྡོག་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་2015ལོར་ལྗོངས་ཡོངས་ཀྱི་ཁྲལ་དོན་ལས་ཁུངས་ཀྱིས“རྒྱལ་ཆེད་ནོར་གསོག་དང་། དམངས་ཆེད་ཁྲལ་བསྡུའི”འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་ཁྲལ་བསྡུ་སྒྲིག་འཛུགས་དང་ཁྲལ་བསྡུའི་སྲིད་ཇུས་སྒོ་ཀུན་ནས་དོན་འཁྱོལ་བྱས་ཏེ་ལོ་ཧྲིལ་པོར་ཁྲལ་དོན་སྡེ་ཚན་གྱིས་ཁྲལ་འབབ་སྒོར་དུང་ཕྱུར་200ཙམ་མཛོད་མཇུག་བྱས་ཏེ་ལས་དོན་ཁག་གི་ལས་འགན་ཁག་ལེགས་གྲུབ་ཡག་པོ་བྱུང་ཡོད། ཁྲལ་དོན་སྡེ་ཚན་གྱིས་ཁྲལ་འཇལ་ཞབས་ཞུ་རྒྱུན་ཆད་མེད་པར་ལེགས་གཏོང་དང་ལེགས་སྒྲིག་བྱས་ནས“དམངས་ཀྱིས་བྱ་གཞག་བསྐྲུན། ཀུན་གྱིས་གསར་གཏོད་བྱེད་པའི”རྨང་གཞིའི་རང་བཞིན་ལ་རྒྱབ་སྐྱོར་ཡག་པོ་བྱས་ཏེ་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་སྔར་བས་ཞབས་འདེགས་ཞུ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    རང་སྐྱོང་ལྗོངས་ནོར་སྲིད་ཐིང་དུ་ཕེབས་སྐབས་ཁྲུའུ་དང་ཁང་ཁག་ཏུ་ནོར་སྲིད་ཀྱི་ལོ་མཇུག་མཇུག་རྩིས་ཀྱི་ལས་དོན་བྲེལ་འཚུབ་ངང་སྤེལ་བཞིན་ཡོད། བློ་བཟང་རྒྱལ་མཚན་གྱིས་རྒྱལ་མཛོད་ཁྲུའུ་དང་། གཏོང་སྤྲོད་ཅུས། ལག་རྩལ་ལྟེ་གནས་སོགས་སྡེ་ཚན་དུ་ཕེབས་ནས་ལས་གནས་བརྟན་སྲུང་བྱེད་མཁན་ལས་བྱེད་ལས་བཟོར་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུས་གནང་བ་མ་ཟད། ནོར་སྲིད་ཀྱི་ལོ་མཇུག་མཇུག་རྩིས་ཀྱི་འབྲེལ་ཡོད་གནས་ཚུལ་མཁྱེན་རྟོགས་གནང་ཞིང་། ལྗོངས་ནོར་སྲིད་ཐིང་གི་འགན་འཁུར་བས་ངོ་སྤྲོད་བྱས་པར། 2015ལོའི་ལོ་ཧྲིལ་པོའི་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྔོན་དཔག་བྱས་ན་སྒོར་དུང་ཕྱུར་130ལྷག་ཙམ་ལེགས་གྲུབ་ཟིན་པ་དང་སྤྱི་པའི་ནོར་སྲིད་སྔོན་རྩིས་འགྲོ་གྲོན་སྒོར་དུང་ཕྱུར་1400ཙམ་ལེགས་གྲུབ་ཟིན་ནས་17.3%འཕར་བས་ལོ་སྟོད་དུ་གཏན་འཁེལ་བྱས་པའི་ལས་དོན་ཁག་གི་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཟིན་པའི་སྐོར་མཁྱེན་སྐབས་བློ་བཟང་རྒྱལ་མཚན་གྱིས་གདེང་འཇོག་གང་ལེགས་གནང་ཞིང་། ཁོང་གིས་ལོ་གསར་པའི་ནང་ནོར་སྲིད་སྡེ་ཚན་གྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས་བསམ་བློར་སྔར་བས་བཅིངས་འགྲོལ་དང་གསར་འབྱེད་གསར་གཏོད་དང་ནོར་སྲིད་སྒྱུར་བཅོས་ཀྱི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་སྟེ་བདེ་སྡོད་ལས་བརྩོན་དང་། འགན་ལེན་ནུས་ལྡན། ཁྱིམ་གཞིས་མཛེས་སྡུག མི་རིགས་མཐུན་སྒྲིལ། ཤེས་དཔལ་ཞི་མཐུན་བཅས་ཀྱི་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཆེད་སྲ་ཞིང་བརྟན་པའི་ནོར་ཤུགས་འགན་ལེན་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།