དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་དུས་ཆེན་རིང་གི་གློག་ཤུགས་དང་ཁྲོམ་རའི་མཁོ་སྤྲོད་གནས་ཚུལ་ལ་གཟིགས་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-01-05

    241913_yis_1451884548212.jpg

    འདི་ནི་བློ་བཟང་རྒྱལ་མཚན་གྱིས་ལྷ་ས་གྲོང་ཁྱེར་སེ་ར་ལྷོ་ལམ་དུ་གནས་པའི་དམངས་ཕན་གོང་ཁེའི་ཚགས་ཤ་དང་། མར། སྔོ་ཚལ་བཅས་འཚོང་ཡུལ་ནས་དུས་ཆེན་གྱི་ཁྲོམ་རའི་མཁོ་སྤྲོད་མཁྱེན་རྟོགས་གནང་བའི་གནས་ཚུལ་ཡིན་པ།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་གནམ་ལོ་གསར་ཚེས་རིང་གི་གློག་ཤུགས་མཁོ་སྤྲོད་དང་ཁྲོམ་རའི་མཁོ་སྤྲོད་གནས་ཚུལ་ལ་གཟིགས་ཞིབ་གནང་ནས“དུས་ཆེན་ཆེན་པོ་གསུམ”རིང་གློག་ཤུགས་དང་ཁྲོམ་རའི་མཁོ་སྤྲོད་ལ་ཤུགས་སྣོན་བརྒྱབ་ནས་ཟོག་གོང་བརྟན་པོ་ཡོང་བ་དང་བཟའ་བཅའ་བདེ་འཇགས་ཡོང་བའི་འགན་ལེན་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་རྣམས་དགའ་སྤྲོ་འཆམ་མཐུན་དང་བདེ་འཇགས་ལྡན་པའི་དུས་ཆེན་ཞིག་གཏོང་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཡིན་པའི་ཏེང་ཞའོ་ཀང་གློག་ཤུགས་མཁོ་སྤྲོད་གནས་ཚུལ་གཟིགས་ཞིབ་གནང་སྐབས་ལྷན་དུ་ཕེབས་ཡོད་པ་རེད།

    རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིར་བློ་བཟང་རྒྱལ་མཚན་གློག་ཤུགས་བཀོད་གཏོང་ཚོད་འཛིན་ལྟེ་གནས་སུ་ཕེབས་ནས་གློག་ཤུགས་ཁོངས་གཏོགས་ཀྱི་ལས་དོན་མི་སྣར་གཟིགས་པ་དང་འཚམས་འདྲི་གནང་བ་དང་འབྲེལ་ལྗོངས་ཡོངས་ཀྱི་གློག་ཤུགས་ཁོངས་གཏོགས་ཀྱི་ལས་བྱེད་ལས་བཟོར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། དེ་རྗེས་གློག་དྲ་འཁོར་རྒྱུག་བྱེད་ཚུལ་ངོ་སྤྲོད་དང་དུས་ཆེན་རིང་གློག་ཤུགས་འགན་ལེན་བྱས་ཚུལ་ནན་ཏན་ངང་གསན་པ་རེད། འབྲེལ་ཡོད་འགན་འཁུར་བས་མིག་སྔའི་བར་ལྗོངས་ཡོངས་ཀྱིས་འཕྲུལ་འཁོར་ནས་གློག་འདོན་ཚད་བསྡོམས་གྲངས་ཆན་ཝ་ཁྲི་202.8གཅིག་གྱུར་བཀོད་གཏོང་བྱས་ནས་རྫོང་58ཀྱི་མི་འབོར་ཁྲི་218ལ་གློག་གཏོང་ཐུབ་སྟེ“ལོ་ལྔ་ཚན་བཅུ་གཉིས་པའི”དམིགས་ཚད་ལེགས་གྲུབ་བྱུང་ཡོད། གློག་ཤུགས་བདེ་འཇགས་ལྡན་ལ་བརྟན་པོའི་ངང་འཁོར་རྒྱུག་ཐུབ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་ཆབས་ཅིག་2015ལོར་ཐོག་མར་ཐད་རྒྱུག་ཕྱིར་གཏོང་ཐུབ་ནས་ཁྱོན་གློག་ཆན་ཝ་ཆུ་ཚོད་དུང་ཕྱུར་3.4བཏང་ཡོད་ཅེས་ངོ་སྤྲོད་བྱས། གློག་དྲ་འཛུགས་སྐྲུན་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་དུས་ཆེན་རིང་གི་གློག་ཤུགས་མཁོ་སྤྲོད་འགན་ལེན་ནུས་ལྡན་བྱས་པ་མཁྱེན་རྗེས་བློ་བཟང་རྒྱལ་མཚན་གྱིས་ཁས་ལེན་གང་ལེགས་གནང་བ་རེད། ཁོང་གིས་གསུངས་དོན། ལོ་མང་འབད་བརྩོན་བྱས་པ་བརྒྱུད་རང་ལྗོངས་ཀྱི་ནུས་རྒྱུ་མཁོ་སྤྲོད་ཀྱི་འགལ་བ་ཞི་ལྷོད་དུ་ཕྱིན་ནས་གློག་ཤུགས་མཁོ་སྤྲོད་ཀྱི་དུས་བབ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་པ་དང་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་ཡོད། སླད་ཕྱིན་གློག་ཤུགས་འཕེལ་རྒྱས་དང་། སྒྱུར་བཅོས། འཛུགས་སྐྲུན་བཅས་ཀྱི་ལས་དོན་ཁག་སྤྱི་འདོམས་སྐུལ་འདེད་བཏང་ནས་བོད་ཀྱི་གཅིག་གྱུར་གློག་དྲ་གང་མགྱོགས་བསྐྲུན་ཐུབ་པ་དང་ནུས་རྒྱུ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་ཐུབ་རྒྱུའི་རེ་བ་ཡོད།

    བློ་བཟང་རྒྱལ་མཚན་གྱིས་ལྷ་ས་གྲོང་ཁྱེར་གྱི་གོང་ཁེ་བའི་ཤ་མར་སོགས་མཁོ་སྤྲོད་ལས་དོན་ལ་དོ་སྣང་ཆེན་པོ་གནང་གི་ཡོད། ཁོང་གིས་སེ་ར་ལྷོ་ལམ་གྱི་ལྷ་ས་གྲོང་ཁྱེར་དམངས་ཕན་གོང་ཁེའི་ཚགས་ཤ་དང་། མར། སྔོ་ཚལ་ཕྱིར་ཚོང་ས་ཚིགས་སུ་ཕེབས་ནས་རང་འགུལ་ངང་རིན་གོང་བཀའ་འདྲི་གནང་སྟེ་དམངས་ཕན་ཕྱིར་ཚོང་འཁོར་རྒྱུག་རྣམ་པ་དང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཚུལ། དངོས་ཡོད་ཕན་འབྲས་སོགས་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཕྱིར་ཚོང་ས་ཚིགས་དོ་དམ་བྱེད་མཁན་ལྷ་ས་གྲོང་ཁྱེར་མ་འཇོག་གི་འགན་འཁུར་བས་2015ལོའི་ཟླ་བཅུ་པ་ནས་ད་བར་ཚགས་ཤ་སྤུས་ལེགས་ཏུན་120དང་མར་སྤུས་ལེགས་ཏུན་60སྐོང་འདྲེན་བྱས་ནས་ཕྱིར་ཚོང་ས་ཚིགས་4རུ་གོང་ཁེ་པོས་མཁོ་སྤྲོད་བྱས་པས་གྲོང་མིའི་དགའ་བསུ་ཐོབ་ཡོད། དུས་མཚུངས་ཟོག་ཁུངས་འདང་ངེས་དང་། ཐབས་ལམ་བརྟན་པོ། མཛོད་འཇུག་ཚད་ལྡན། དཔུང་ཁག་ཆེད་ལས་བཅས་ཀྱི་གོང་ཁེའི་ཕྱིར་ཚོང་མ་ལག་རགས་ཙམ་བཟོས་ཡོད་པ་གསན་རྗེས་བློ་བཟང་རྒྱལ་མཚན་གྱིས་ལས་དོན་དེར་ཁས་ལེན་གང་ལེགས་གནང་བ་རེད། ཁོང་གིས་ལྷ་ས་གྲོང་ཁྱེར་ལ་ལས་དོན་སྤེལ་སྟངས་གསར་གཏོད་བྱེད་པ་དང་རྒྱུན་མཐུད་གཏིང་ཟབ་ངང་སྐུལ་འདེད་བཏང་ནས་ཁྲོམ་གཞུང་སྡེ་ཁུལ་དང་མཉམ་དུ་འཕེལ་རྒྱས་བཏང་སྟེ་ཁྲོམ་གཞུང་དང་སྲང་ལམ་གང་སར་དམངས་ཕན་ཐོན་རྫས་ཕྱིར་ཚོང་ཐུབ་པ་དང་ས་གཙང་ཐོན་ལས་དང་ཟུང་འབྲེལ་སྦྲེལ་མཐུད་བྱས་ཏེ་སྤུས་ལེགས་དང་བློ་བདེའི་ཐོན་རྫས་ཁྱིམ་ཚང་ཁྲི་སྟོང་མང་པོར་སྤྱོད་ཐུབ་པ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    དེ་རྗེས་བློ་བཟང་རྒྱལ་མཚན་གྱིས་ལེ་ཐན་སྒོ་རྩིས་ཚོང་ཁང་དང་། ཧྲེང་ཅེ་སྨན་རྫས་སྒོ་རྩིས་ཚོང་ཁང་། ལྕགས་པོ་རིའི་ཚལ་ཁྲོམ་བཅས་སུ་ཕེབས་ནས་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ལ་གཙོ་གནད་དུ་གཟིགས་ཞིབ་གནང་བ་རེད། ཁོང་གིས་བཟའ་བཅའ་དང་སྨན་རྫས་བདེ་འཇགས་དེ་མི་དམངས་མང་ཚོགས་ཀྱི་བདེ་ཐང་དང་བདེ་སྐྱིད་དང་འབྲེལ་བ་ཡོད་པས་ཧོལ་རྒྱུག་གཏན་ནས་བྱེད་མི་རུང་། བཟའ་བཅའ་དང་སྨན་རྫས་སྡེ་ཚན་གྱིས་བཟའ་བཅའ་དང་སྨན་རྫས་ཀྱི་ཐོན་སྐྱེད་དང་། འཁོར་རྒྱུག ཕྱིར་ཚོང་བཅས་ཀྱི་ལྷུ་ཚིགས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ་ལྟ་སྐུལ་ཞིབ་བཤེར་ནན་ཏན་བྱས་ནས་བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་ལ་འགན་ལེན་བྱེད་དགོས། ཁྲོམ་རའི་མཁོ་སྤྲོད་འགན་ལེན་བྱེད་པ་དང་། ཟོག་གོང་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་རྒྱག་པ། ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་ཡག་པོ་བཅས་བྱས་ནས་དུས་ཆེན་རིང་གི་ཁྲོམ་རའི་ཚོང་ཟོག་ཕུན་སུམ་ཚོགས་པོ་དང་། ཟོག་ཁུངས་འདང་ངེས། སྒྲིག་ལམ་ཡག་པོ། ཉོ་ཚོང་གཉིས་དར་བཅས་ཡོང་རྒྱུའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།