དབུ་ཤོག>སྲིད་དོན།
  • ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་བརྗིད་ཆེའི་དམིཌ་ཚད་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-01-02

    ལོ་གསར་པ་ཤར་བའི་ཅོང་སྒྲ་གྲགས་ནས་2016ལོ་ཤར་ཉེར་ཡོད་པའི་དུས་འདིར་ང་ཚོས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་ལོ་གསར་པར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། བོད་སྡོད་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་གི་དཔོན་དམག སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་བཅས་ལ་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ། བོད་ཀྱི་སྒྱུར་བཅོས་སྒོ་དབྱེ་དང་དེང་རབས་ཅན་འཛུགས་སྐྲུན་གྱི་བྱ་གཞག་ཕྱིར་ལེགས་སྐྱེས་ཕུལ་མཁན་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ཏང་ཡོན་རྒན་གྲས་དང་། འགོ་ཁྲིད་རྒན་གྲས། བློ་མཐུན་རྒན་གྲས། དེ་བཞིན་བོད་ཀྱི་བྱ་གཞག་ཁག་འཕེལ་རྒྱས་གཏོང་རྒྱུར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣ་བཅས་ལ་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་ལྷག་པར་དུ་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས། གཞུང་ཁོངས་ཁེ་ལས་ཀྱི་རྐང་འཛིན་ཁེ་ལས་བཅས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ། དུས་ཆེན་རིང་ལས་གནས་བརྟན་སྲུང་དང་འཐབ་ཕྱོགས་དང་པོར་འབད་འཐབ་གནང་བཞིན་པའི་བློ་མཐུན་ཚོར་བྱམས་བརྩེའི་འཚམས་འདྲི་ཞུ་རྒྱུ་ཡིན།

    འདས་མ་ཐག་པའི་2015ལོ་ནི་རང་རེའི་ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་འོད་སྟོང་འབར་བའི་གྲུབ་འབྲས་ཐོབ་པའི་ལོ་ཞིག་རེད། རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་དང་དཀའ་ཚེགས་ཆེ་བའི་རྒྱལ་ནང་གི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་མདུན་དུ་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་འབད་བརྩོན་ལྷོད་མེད་དང་གསར་འབྱེད་གསར་གཏོད་བྱས་ཤིང་། “ཕྱོགས་ཡོངས་ནས་བཞི”ཡི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་བཏང་བ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་རང་འགུལ་ངང་འཚམ་པར་བྱས་པ། ཉམས་ཉེན་དང་འགྲན་སློང་ཆེན་པོ་སྣ་ཚོགས་ལ་ཁ་གཏད་འོས་འཚམ་བཅག་པ། དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྱོང་། རིག་གནས་འཛུགས་སྤེལ། སྤྱི་ཚོགས་འཛུགས་སྐྲུན། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་། ཏང་འཛུགས་སྐྱོང་བཅས་ལ་སྐུལ་འདེད་བཏང་ནས་འཕེལ་རྒྱས་ཆེན་པོ་ཡོང་བ་བྱས་པ། “ལོ་ལྔ་ཚན་བཅུ་གཉིས་པའི”ལས་མཇུག་ལེགས་པར་བསྡུས་པ་བཅས་ལས་རང་རྒྱལ་འདི་ཉིད་འཕེལ་རྒྱས་ཀྱི་ཆུ་ཚད་སྔར་བས་མཐོ་པོ་ཞིག་གི་ཐོག་གནས་ཐུབ་པ་བྱུང་ཡོད། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་རྒྱལ་ཁའི་ངང་འཚོགས་ཏེ་འབྱུང་འགྱུར་ལོ་ལྔའི་རྒྱལ་ཁབ་འཕེལ་རྒྱས་ཀྱི་བརྗིད་ཆེའི་འཆར་གཞི་བཀོད་ནས“ཀྲུང་ཧྭ་རྟགས་ཅན”གྱི་གྲུ་ཆེན་ལ་མདུན་སྐྱོད་ཆུ་ལམ་སྟོན་རྟགས་གསལ་པོར་བསྟན་པ་དང་ཆབས་ཅིག་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་དུ་འགྱུར་རྒྱུ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་པའི་རླབས་ཆེན་རྒྱལ་ཁ་ལེན་རྒྱུའི་དུང་བརྡ་བཏང་ཡོད་པ་རེད།

    འདས་ཟིན་པའི་ལོ་གཅིག་ནི་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་བྱ་གཞག་ལ་ཡར་རྒྱས་གསར་པ་བྱུང་བའི་ལོ་ཞིག་རེད། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་རྒྱལ་ཡོངས་མི་དམངས་ཀྱི་རོགས་སྐྱོར་ཤུགས་ཆེན་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་བཅས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་། ལྷག་པར་དུ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས”ཞེས་པའི་འཐབ་ཇུས་དགོངས་པ་གལ་ཆེན། “མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི”མཛུབ་སྟོན་གལ་ཆེན་བཅས་ལག་བསྟར་དོན་འཁྱོལ་བྱས་པ། ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་ལམ་བུར་བློ་བརྟན་འགྱུར་མེད་ངང་བསྐྱོད་ནས་བརྟན་འཕར་ཡོང་བ་དང་། གྲུབ་ཆ་ལེགས་སྒྲིག སྒྱུར་བཅོས་སྐུལ་གཏོང་། དམངས་འཚོར་ཕན་འདོགས། བརྟན་ལྷིང་འགན་ལེན་བཅས་བྱས་པ། རང་སྐྱོང་ལྗོངས་བཙུགས་ནས་ལོ་50འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་གྲུབ་འབྲས་ཐོན་པའི་སྒོ་ནས་སྤེལ་བ། “4·25”ས་ཡོམ་གྱི་ཡོམ་འགོག་གེགས་སེལ་ལས་དོན་ལ་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་བྱས་པ། “ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོའི་བྱེད་སྒོ་ཏན་ཏིག་སྤེལ་བ། རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ཚན་རིག་དང་མཐུན་པའི་སྒོ་ནས་འགོད་རྒྱུའི་གྲོས་འགོ་བཏོན་པ། ཚན་རིག་འཕེལ་རྒྱས་དང་། ཞི་མཐུན་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་མཐུན་འགྲིག དམངས་འཚོ་ལེགས་གཏོང་། སྣོད་བཅུད་ལེགས་པ། ཏང་འཛུགས་ཤུགས་སྣོན། མཐའ་མཚམས་སྲ་བརྟན་བཅས་ཀྱི་རྣམ་པ་བཟང་པོ་སྲ་བརྟན་དང་འཕེལ་རྒྱས་བཏང་བ། “ལོ་ལྔ་ཚན་བཅུ་གཉིས་པའི”དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ལེགས་པར་བསྒྲུབས་པ་བཅས་ཀྱི་ཐོག་ནས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱ་ཕྱིར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།

    2016ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱ་རྒྱུའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་ཀྱི་འགོ་འཛུགས་ལོ་ཞིག་དང་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁ་ལེན་པའི་འགག་རྩའི་ལོ་ཞིག་རེད། འགོ་ཡག་པོ་འཛུགས་དགོས་པ་དང་གོམ་པ་བརྟན་པོ་སྤོ་དགོས། ལས་འགན་དཀའ་ཚེགས་ཆེ་ལ་དོན་སྙིང་ཆེན་པོ་ལྡན་པ་ཞིག་ཀྱང་ཡིན། ང་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་བཅས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་བརྒྱད་པའི་ཐོག་བཀོད་སྒྲིག་བྱས་པ་གཞིར་བཟུང“ཕྱོགས་ཡོངས་ནས་བཞི”ཡི་འཐབ་ཇུས་བཀོད་སྒྲིག་གིས་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་དང་། ཏང་གི་བོད་སྐྱོང་འཐབ་ཇུས་མཐའ་འཁྱོངས། ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་འགྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་གལ་ཆེན་མཐའ་འཁྱོངས། གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་མཐའ་འཁྱོངས་བཅས་བྱེད་པ། བློ་བརྟན་འགྱུར་མེད་ངང་ཁ་ཕྲལ་ལ་ངོ་རྒོལ་གྱི་འཐབ་རྩོད་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བློ་བརྟན་འགྱུར་མེད་ངང་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ། བློ་བརྟན་འགྱུར་མེད་ངང་མི་རིགས་ཁག་དབར་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་རྒྱུར་སྐུལ་འདེད་གཏོང་བ། རྒྱལ་ཁབ་བདེ་འཇགས་དང་བོད་ཡུན་རིང་བདེ་འཁོད་ཡོང་རྒྱུའི་འགན་ལེན་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་མུ་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བའི་འགན་ལེན་བྱེད་པ། མི་རིགས་ཁག་གི་མི་དམངས་ཀྱི་དངོས་པོ་དང་རིག་གནས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་བའི་འགན་ལེན་བྱེད་པ། སྣོད་བཅུད་ཁོར་ཡུག་ལེགས་པོ་ཡོང་བར་འགན་ལེན་བྱེད་པ་བཅས་ཀྱི་ཐོག་ནས་ཡུན་རིང་འཕེལ་རྒྱས་དང་བདེ་འཁོད་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།

    ང་ཚོས་བདེ་སྡོད་ལས་བརྩོན་དང་། འགན་ལེན་ནུས་ལྡན། ཁྱིམ་གཞིས་མཛེས་སྡུག མི་རིགས་མཐུན་སྒྲིལ། ཤེས་དཔལ་ཞི་མཐུན་བཅས་ཀྱི་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱ་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས།

    རླབས་ཆེན་མེས་རྒྱལ་དར་རྒྱས་གོང་འཕེལ་ཡོང་བའི་སྨོན་འདུན་ཞུ།

    ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུ།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།