ཉིན་ཤས་གོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས《སྲིད་གཞུང་གི་ལས་དོན་སྙན་སྒྲོན》གྱི་འཆར་ཟིན་བཟོ་བ་སོགས་ཀྱི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།
ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཡིན་པའི་ཏེང་ཞའོ་ཀང་དང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཏིང་ཡེ་ཤན་ཚོགས་འདུར་ཕེབས་པ་རེད།
ཚོགས་འདུའི་ཐོག《སྲིད་གཞུང་གི་ལས་དོན་སྙན་སྒྲོན》གྱི་འཆར་ཟིན་བཟོ་བའི་ལས་དོན་སྐོར་གསན་ཞིང་། ཚོགས་འདུའི་ཐོག་2016ལོ་ནི“ལོ་ལྔ་ཚན་བཅུ་གསུམ་པའི”འགོ་འཛུགས་ལོ་ཞིག་ཡིན་པས་ད་ཐེངས་ཀྱི《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ཐོག“ལོ་ལྔ་ཚན་བཅུ་གཉིས་པའི”རིང་ཐོབ་པའི་གྲུབ་འབྲས་དང་ཉམས་མྱོང་ལ་ཁྱོན་ཡོངས་ནས་ཕྱོགས་སྡོམ་བྱེད་པ་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་རང་ལྗོངས་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཛུབ་ཁྲིད་བསམ་བློ་དང་། འབད་འཐབ་དམིགས་ཚད། ལས་འགན་གཙོ་བོ་བཅས་ཚན་རིག་དང་མཐུན་པའི་ངང་འདོན་པ། 2016ལོའི་ལས་དོན་གཙོ་གནད་ཐོག་བཀོད་སྒྲིག་བཅས་བྱས་ནས《སྲིད་གཞུང་གི་ལས་དོན་སྙན་སྒྲོན》གྱི་འཆར་ཟིན་བཟོ་རྒྱུ་ཡིན་པས། དོན་སྙིང་ཆེ་ལ་འགན་འཁྲི་ལྕི་པོ་ཡོད། སྙན་སྒྲོན་དེས་ཀྲུང་དབྱང་གི་དགོངས་དོན་སྔར་བས་ལག་བསྟར་དོན་འཁྱོལ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་འདུན་པ་སྔར་བས་མཚོན་པར་བྱས་ནས་མང་ཚོགས་དང་འབྲེལ་འདྲིས་དང་། མི་དམངས་ཀྱི་བློ་རིག་འདུས་པ། ཡིད་ཆེས་འཕེལ་བའི་ངང“ལོ་ལྔ་ཚན་བཅུ་གསུམ་པའི”འགོ་ཡག་པོ་འཛུགས་ཕྱིར་མཛུབ་ཁྲིད་ནུས་ལྡན་ཐུབ་པ་བྱེད་དགོས་ཚུལ་བསྟན་པ་སྟེ།
གཅིག་ནས་དགོངས་དོན་ལག་བསྟར་བྱེད་པར་རྩ་དོན་ལ་དམ་འཛིན་བྱེད་དགོས། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། ལྗོངས་ཏང་ཨུད་ཀྱི་སྐབས་བརྒྱད་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་དང་ཧྲུའུ་ཅི་ཁྲེན་ཆོན་གོའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ། 《“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་འཆར་འགོད་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་གྲོས་འགོ》ལག་བསྟར་དོན་འཁྱོལ་བཅས་བྱས་ནས་རྩ་དོན་དམ་འཛིན་དང་ངོ་བོ་སྟངས་འཛིན་གྱིས་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་འཛིན་སྟངས་སྙན་ཞུའི་མགོ་ནས་མཇུག་བར་ཁྱབ་པ་བྱེད་དགོས་པ་དང་།
གཉིས་ནས་གྲུབ་འབྲས་ཕྱོགས་སྡོམ་བྱེད་པར་དངོས་ཡོད་དང་མཐུན་གང་ཐུབ་བྱེད་དགོས། དངོས་ཐོག་བདེན་འཚོལ་ངང“ལོ་ལྔ་ཚན་བཅུ་གཉིས་པའི”རིང་དང་ལྷག་དོན་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚུན་གྱི་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་ཕྱོགས་སྡོམ་ཡག་པོ་བྱས་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྒྱུར་འཕེལ་བརྟན་གསུམ་ལ་སྐུལ་མ་གཏོང་རྒྱུར་སྤྱད་པའི་ཐབས་ཇུས་གལ་ཆེན་རབ་དང་རིམ་པ་དང་གསར་གཏོད་ལག་ལེན་ལ་ཉམས་མྱོང་ཕྱོགས་སྡོམ་དང་རིགས་པའི་གཞུང་ལུགས་མཐོར་གཏོང་གིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་ལ་མཛུབ་ཁྲིད་དེ་བས་ལེགས་པ་བྱེད་དགོས་པ།
གསུམ་ནས་དམིགས་ཚད་ཁ་གསལ་ཡོང་བ་བྱེད་པར་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས། “བདེ་སྡོད་ལས་བརྩོན་དང་། འགན་ལེན་ནུས་ལྡན། ཁྱིམ་གཞིས་མཛེས་པ། མི་རིགས་མཐུན་སྒྲིལ། ཤེས་དཔལ་ཞི་མཐུན”བཅས་ཀྱི་འབྱོར་འབྲིང་སྤྱི་ཚོགས་ཀྱི་བརྗིད་ཆེའི་འཆར་གཞིར་དམ་པོར་དམིགས་ནས་རྨང་གཞིའི་སྒྲིག་བཀོད་དང་། ཁྱད་ལྡན་ཐོན་ལས། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་གཙོ་གནད་ལས་དོན་མངོན་གསལ་དོད་པོ་ཡོང་བ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་དང་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བའི་དམངས་འཚོའི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་སྟེ་འཕེལ་རྒྱས་ཀྱི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་གཏོང་བ་དང་མི་དམངས་ཀྱི་འདུན་པ་སྒྲུབ་གང་ཐུབ་བྱེད་དགོས། “ལོ་ལྔ་ཚན་བཅུ་གསུམ་པའི”འགོ་ཚུགས་ལས་དོན་བཀོད་སྒྲིག་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས་མིག་མཐོང་ལག་ཟིན་ཐུབ་པའི་བྱ་བ་མང་དག་བསྒྲུབས་ཏེ“དམངས་འཚོའི་ཕན་པ”ཆེ་རུ་གཏོང་དགོས་པ།
བཞི་ནས་ལས་འགན་དོན་འཁྱོལ་བྱེད་པར་བྱེད་ཐབས་ལ་ཤུགས་སྣོན་རྒྱག་དགོས། དམངས་འཚོ་སྔོན་སྤེལ་དང་། ཁྲོམ་རར་སྐུལ་འདེད། རྣམ་གྲངས་ཀྱིས་སྐུལ་ཁྲིད། དངུལ་རྩ་དྲན་སྐུལ། གསར་གཏོད་ངར་སྐུལ། ཁོར་ཡུག་གི་འདེད་སྐུལ་བཅས་ཀྱི་འཐབ་ཇུས་རྒྱུན་ཆད་མེད་པར་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་ཤུགས་ཆེ་རུ་བཏང་ནས་སྒྱུར་བཅོས་གསར་གཏོད་ལ་སྐུལ་མ་གཏོང་རྒྱུ་དེ་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་བཏང་སྟེ་ནང་གནས་ཀྱི་སྒུལ་ཤུགས་དང་འཕེལ་རྒྱས་ཀྱི་གསོན་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པ།
ལྔ་ནས་རྩོམ་སྲོལ་ལ་འགྱུར་བ་བཏང་ནས“བསྡུས་དྲང་གསར་གསུམ”ཡོང་བར་བྱེད་དགོས། ལྗོངས་ཡོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། མི་རིགས་ཁག་དང་ལས་རིགས་ཁག ལས་བྱེད་མང་ཚོགས་བཅས་ལ་ཕྱོགས་ནས་སྙན་སྒྲོན་གྱི་རྗོད་བྱེད་ཚིག་ལ་ཉམས་འགྱུར་མངོན་གསལ་དོད་པོ་ལྡན་པའི་ཁར་མང་ཚོགས་ཀྱི་སྐད་ཆ་མང་ཙམ་སྤྱོད་པ་དང་སྐད་ཆ་དྲང་པོ་བཤད་དེ་མི་དམངས་མང་ཚོགས་ཚོས་ཉན་ཐུབ་པ་དང་། ཚང་མ་གོ་ཐུབ་པ། ཉན་འདོད་པ་བཅས་ཡོང་བ་བྱས་ཐོག་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་པའི་ཡིད་ཆེས་དང་ཆོད་སེམས་ཟམ་མི་ཆད་འཕེལ་བ་བྱེད་དགོས་པ་བཅས་རེད།