ཚེས་14ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་སྟེ་འཚོགས་ནས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བརྒྱད་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་བརྒྱུད་བསྒྲགས་དང་། བསམ་འཆར་ལག་བསྟར་དོན་འཁྱོལ་བྱེད་ཚུལ་ཞིབ་འཇུག་དང་བཀོད་སྒྲིག མིག་སྔའི་གཙོ་གནད་ལས་དོན་བཀོད་སྒྲིག་བཅས་གནང་བ་རེད།
ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཡིན་པའི་ཏེང་ཞའོ་ཀང་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཏིང་ཡེ་ཤན་ཕེབས་པ་རེད།
ཚོགས་འདུའི་ཐོག་བསྟན་དོན། ལྗོངས་ཏང་ཨུད་ཀྱི་སྐབས་བརྒྱད་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་ཐོག་གྲོས་ཞིབ་དང་གྲོས་འཆམ་བྱས་པའི《“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་འཆར་འགོད་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་གྲོས་འགོའི》ནང་བདེ་སྡོད་ལས་བརྩོན་དང་། འགན་ལེན་ནུས་ལྡན། ཁྱིམ་གཞིས་མཛེས་སྡུག མི་རིགས་མཐུན་སྒྲིལ། ཤེས་དཔལ་ཞི་མཐུན་བཅས་ཀྱི་འབྱོར་འབྲིང་སྤྱི་ཚོགས་དམིགས་ཚད་དུ་བྱས་ཏེ་བོད་ཀྱི་ད་ལྟའི་དུས་མཚམས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱི་རོལ་དོན་དངོས་ལ་གཞི་ཚུགས་ནས་རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་མཛུབ་ཁྲིད་བསམ་བློ་དང་། འཕེལ་རྒྱས་བསམ་ཕྱོགས། དམིགས་ཚད་འདུ་ཤེས། གལ་ཆེའི་བྱ་ཐབས་བཅས་ཁ་གསལ་བཏོན་པ་དང་། ཚན་རིག་དང་མཐུན་པའི་ངང་བོད་ཀྱི་དོན་དངོས་དང་འཚམ་པའི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པའི་བརྗིད་ཆེའི་འཆར་གཞི་བཀོད་པ། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་མངོན་པ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་མངོན་པ། གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད། ཞི་མཐུན་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་མངོན་པ་བཅས་བྱུང་ནས་རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མཛུབ་ཁྲིད་དང་སྐུལ་འདེད་གཏོང་བའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན་པས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྟོབས་ཤུགས་གཅིག་སྒྲིལ་དང་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་མཛུབ་ཁྲིད་རང་བཞིན་གྱི་དོན་སྙིང་གལ་ཆེན་ལྡན་ཡོད།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་དང་ལྷག་དོན་དུ་རིམ་ཁག་འགོ་ཁྲིད་ལས་བྱེད་པས་བསམ་བློ་དང་བྱ་སྤྱོད་དེ་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་གཅིག་གྱུར་ཡོང་བ་དང་། ལྗོངས་ཏང་ཨུད་ཀྱི་སྐབས་བརྒྱད་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ། ཧྲུའུ་ཅི་ཁྲེན་ཆོན་གོའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བཅས་བྱས་ནས་ས་ཁུལ་དེ་ག་དང་སྡེ་ཚན་དེ་གའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་དགོས་གཏུགས་ཀྱི་སེམས་པ་དང་། ལས་འགན་སྒྲུབ་སེམས། འགན་འཁྲིའི་བསམ་པ་བཅས་སྔར་བས་ཆེ་རུ་གཏོང་བ་དང་། ཏན་ཏན་ཏིག་ཏིག་དང་། དམ་པ་དོན་གཉེར། དོན་འཁྱོལ་དམ་འཛིན་གྱི་ཐོག་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པའི་སྙིང་སྟོབས་འཕེལ་བ་བྱེད་དགོས་པ་སྟེ།
གཅིག་ནས་སློབ་སྦྱོང་དང་ལག་བསྟར་ལ་དམ་འཛིན་བྱེད་དགོས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བརྒྱད་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་བ་དང་ལྷག་དོན་དུ་སྲིད་གཞུང་གི་ལས་དོན་དང་སྡེ་ཚན་དང་ལས་རིགས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་དགོངས་དོན་ལ་གོ་བ་ལེན་སྐབས་དམིགས་ཚད་དམ་འཛིན་དང་། དམིགས་ཚད་ཁ་གསལ་བཟོ་སྐབས་གཙོ་གནད་མངོན་གསལ་དོད་པོ་ཡོང་བ། ལས་འགན་དོན་འཁྱོལ་བྱེད་སྐབས་བྱ་ཐབས་སྤྱོད་ཤུགས་ཆེ་རུ་གཏོང་བ། སྐུལ་འདེད་གཏོང་སྐབས་ཕན་འབྲས་ལ་སྣང་ཆེན་བཅས་བྱེད་པ་དང་། དམ་ཞིང་ནན་པ་དང་། ལས་དོན་ཏན་ཏིག་སྒྲུབ་པ། འགན་འཁྲི་ཁུར་ཕོད་པ་བཅས་བྱས་ཏེ་གསར་གཏོད་རང་བཞིན་ངང་ཚོགས་འདུའི་ཐབས་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་ཡོང་བ་བྱེད་དགོས་པ་དང་།
གཉིས་ནས་རྩ་གནད་དང་སྙན་ཞུ་བཟོ་རྒྱུར་དམ་འཛིན་བྱེད་དགོས་ཤིང་། མ་ཟིན་འགོད་པའི་ཐད《གྲོས་འགོའི》དགོངས་དོན་རེ་རེ་བཞིན་ལག་བསྟར་བྱེད་པ་དང་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་སྟེ་རང་ལྗོངས་ཀྱི《“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་འགོད་རྩ་གནད》ཡག་པོ་བཟོ་བ་དང《2016ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན》ཡག་པོ་འགོད་པ། ཕྱི་ལོའི་སྔོན་རྩིས་ལག་བསྟར་བཀོད་སྒྲིག་ཡག་པོ་བྱེད་པ། ཆེད་དོན་འཆར་འགོད་ཁག་ཡག་པོ་བཟོ་རྒྱུར་དམ་འཛིན་བྱེད་པ། 《གྲོས་འགོའི》ནང་བཏོན་པའི་དམིགས་ཚད་དང་བླང་བྱ་ཞིབ་ཚགས་སུ་གཏོང་བ། མི་རིགས་ཁག་གི་མང་ཚོགས་ཀྱི་རེ་སྒུག་ལ་ལན་ཡག་པོ་རྒྱག་པ་བཅས་བྱེད་དགོས་པ།
གསུམ་ནས་རྣམ་གྲངས་ཁག་དམ་འཛིན་བྱས་ཏེ་འགོ་ཡག་པོ་འཛུགས་དགོས་ཤིང་། ཚན་རིག་དང་མཐུན་པའི་འཆར་གཞི་ཡག་པོ་བཀོད་དེ་རྨང་གཞིའི་སྒྲིག་བཀོད་ཀྱི་རྣམ་གྲངས་ཁག་གཅིག་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་རྣམ་གྲངས་ཁག་གཅིག དམངས་སེམས་འདུ་འགོད་གལ་ཆེན་ཁག་གཅིག སྣོད་བཅུད་ཁོར་ཡུག་གི་རྣམ་གྲངས་གལ་ཆེན་ཁག་གཅིག་བཅས་ད་ཚད་ལས་བརྒལ་བའི་ངང་ལག་བསྟར་བྱས་ནས“ལོ་ལྔ་ཚན་བཅུ་གསུམ་པའི”འགོ་ཡག་པོ་འཛུགས་རྒྱུར་གོམ་པ་བརྟན་པོ་སྤོ་དགོས་པ།
བཞི་ནས་མ་འཇོག་དང་མ་རྩ་མཉམ་འདྲེས་ཀྱི་སྒྱུར་བཅོས་དམ་འཛིན་ཡག་པོ་བྱེད་དགོས་ཤིང་། མ་འཇོག་དང་མ་རྩ་མཉམ་འདྲེས་ཀྱི་སྒྱུར་བཅོས་ཟབ་ཏུ་བཏང་སྟེ་མ་འཇོག་ཡོང་ཁུངས་ཆེ་རུ་བཏང་ནས་བོད་ལྗོངས་འགྲིམ་འགྲུལ་མ་འཇོག་ཀུང་སི་དང་། བོད་ལྗོངས་དབུལ་སྐྱོར་གསར་སྤེལ་མ་འཇོག་ཀུང་སི་སོགས་གང་མགྱོགས་བཙུགས་ཏེ་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་ལ་སྐུལ་འདེད་མགྱོགས་སུ་བཏང་ཐོག་དབུལ་སྒྲོལ་དགག་སྒྲོལ་གྱི་ལས་དོན་བདེ་བླག་ངང་སྤེལ་རྒྱུར་འགན་ལེན་བྱེད་དགོས་པ།
ལྔ་ནས་ལོ་མཇུག་གི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས་ཤིང་། དགུན་དུས་ཀྱི་ཞིང་འབྲོག་ཐོན་སྐྱེད་བཀོད་སྒྲིག་ལུགས་མཐུན་བྱས་ཏེ་གནོད་འགོག་གནོད་ཉུང་གི་ལས་དོན་ཁག་ལ་ཤུགས་སྣོན་རྒྱག་པ་དང་། བདེ་འཇགས་ཞིབ་བཤེར་མུ་མཐུད་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། “དུས་ཆེན་གསུམ”གྱི་འཚམས་འདྲིའི་བྱེད་སྒོ་གཅིག་འདོམས་བཀོད་སྒྲིག་ཡག་པོ་བྱས་ཏེ་ཁྲོམ་རའི་མཁོ་སྤྲོད་དང་རིན་གོང་ཞིབ་དཔྱད་ལ་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་བཅོས་སྐྱོང་གི་བྱ་ཐབས་ཁག་དོན་འཁྱོལ་ཡག་པོ་བཅས་བྱས་ཏེ་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས།