དབུ་ཤོག>སྲིད་དོན།
  • སྐབས་བཞི་པའི་བོད་རང་སྐྱོང་ལྗོངས་ཀྱི་ཤེས་དཔལ་གྲོང་ཚོ་གྲོང་རྡལ་དང་། ཤེས་དཔལ་རྫོང་གྲོང་། ཤེས་དཔལ་ཚན་པ། ཤེས་དཔལ་སྡེ་ཁུལ་བཅས་དང་སྐབས་ལྔ་པའི་རང་སྐྱོང་ལྗོངས་ཀྱི་ཤེས་དཔལ་དུད་ཚང་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-12-11

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་ཡང་དག་འོག ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་མི་རྩ་བར་འཛིན་པ་དང་དམངས་ཆེད་གསར་གཏོད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་བསམ་བློའི་གོ་དོན་མངོན་གསལ་དོད་དུ་བཏང་བ་དང་། ཀུན་སྤྱོད་བླང་བྱ་ནན་དུ་བཏང་བ། གྲུབ་འབྲས་དངོས་ཐོབ་རྒྱུར་སྣང་ཆེན་བྱས་པ། ཕྱི་ཚུལ་རིང་ལུགས་ཁྱད་བསད་བྱས་པ་མ་ཟད། ད་དུང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་རྒྱུ་རྩ་བར་བཟུང་སྟེ་ཤེས་དཔལ་གྲོང་རྡལ་གྲོང་ཚོ་དང་། ཤེས་དཔལ་རྫོང་གྲོང་། ཤེས་དཔལ་ཚན་པ། ཤེས་དཔལ་སྡེ་ཁུལ། ཤེས་དཔལ་དུད་ཚང་བཅས་གཏོད་པའི་བྱེད་སྒོ་སྤེལ་བ་དང་། ཁོར་ཡུག་མཛེས་པ་དང་། སྒྲིག་ལམ་ལེགས་པ། ཞབས་ཞུ་སྤུས་ལེགས་བཅས་ལ་དམ་འཛིན་བྱས་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཤེས་དཔལ་ཚད་གཞི་སྔར་བས་མཐོ་རུ་དང་། སྤྱི་དམངས་ཀྱི་ཤེས་དཔལ་བྱང་ཚད་སྔར་བས་མཐོ་རུ། སྤྱི་ཚོགས་ཀྱི་གོམས་སྲོལ་སྔར་བས་ལེགས་སུ་བཅས་བཏང་ཡོད། དཔལ་འབྱོར་དང་སྤྱི་ཚོགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་རིང་ནུས་པ་གལ་ཆེན་ཐོན་ལ་ལས་དོན་ཏན་ཏིག་དང་། གྲུབ་འབྲས་མངོན་གསལ་དོད་པ། ཤུགས་རྐྱེན་རྒྱ་ཁྱབ་བཅས་ཀྱི་སྔོན་ཐོན་དཔེ་མཚོན་ཁག་གཅིག་འབུར་དུ་ཐོན་ཡོད་པ་རེད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་ལྗོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གི་གཡུར་ཟའི་གྲུབ་འབྲས་མངོན་པར་བྱས་ནས་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ནང་ཞུགས་པའི་སྤྱི་ཚོགས་ཡོངས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྔར་བས་ཆེ་རུ་གཏོང་ཆེད། རང་སྐྱོང་ལྗོངས་ཤེས་དཔལ་ཨུ་ཡོན་ལྷན་ཁང་གིས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་དགའ་ལྡན་ཆོས་འཁོར་གྲོང་རྡལ་དགའ་ལྡན་ཆོས་འཁོར་གྲོང་ཚོ་སོགས་གྲོང་ཚོ་གྲོང་རྡལ་100ལ་སྐབས་བཞི་པའི་རང་སྐྱོང་ལྗོངས་ཀྱི་ཤེས་དཔལ་གྲོང་ཚོ་གྲོང་རྡལ་གྱི་མཚན་སྙན་སྤྲོད་རྒྱུ་དང་། གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་སོགས་རྫོང་གྲོང་10ལ་སྐབས་བཞི་པའི་རང་སྐྱོང་ལྗོངས་ཀྱི་ཤེས་དཔལ་རྫོང་གྲོང་གི་མཚན་སྙན་སྤྲོད་རྒྱུ། ལྗོངས་སྒྲིག་ཨུད་ལྟ་ཞིབ་ཐིང་སོགས་ཚན་པ་100ལ་སྐབས་བཞི་པའི་རང་སྐྱོང་ལྗོངས་ཀྱི་ཤེས་དཔལ་ཚན་པའི་མཚན་སྙན་སྤྲོད་རྒྱུ། ལྷོ་ཁ་ས་ཁུལ་གོང་དཀར་རྫོང་སྐྱིད་གཤོངས་གྲོང་རྡལ་འབོད་སྣང་སྡེ་ཁུལ་སོགས་སྡེ་ཁུལ་20ལ་སྐབས་བཞི་པའི་རང་སྐྱོང་ལྗོངས་ཀྱི་ཤེས་དཔལ་སྡེ་ཁུལ་གྱི་མཚན་སྙན་སྤྲོད་རྒྱུ། ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་སྤེན་པ་སོགས་ཁྱིམ་ཚང་1000ལ་སྐབས་ལྔ་པའི་རང་སྐྱོང་ལྗོངས་ཀྱི་ཤེས་དཔལ་དུད་ཚང་གི་མཚན་སྙན་སྤྲོད་རྒྱུ་བཅས་ཀྱི་གཏན་འབེབས་བྱས་ཡོད་པ་རེད།

    གཟེངས་བསྟོད་ཐོབ་པའི་གྲོང་ཚོ་གྲོང་རྡལ་དང་། རྫོང་གྲོང་། ཚན་པ། སྡེ་ཁུལ། ཁྱིམ་ཚང་བཅས་ཀྱིས་མཚན་སྙན་ལ་གཅེས་སྤྲས་དང་། གྲུབ་འབྲས་དར་སྤེལ། ཡང་འབད་བསྐྱར་འབད་བཅས་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ལག་ལེན་གཏིང་ཟབ་བསྟར་བ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་། ལྷག་པར་དུ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་དགོངས་པ་གལ་ཆེན་ལག་ལེན་ནན་ཏན་བསྟར་བ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་ལེན་བསྟར་བ། ལྗོངས་ཏང་ཨུད་ཀྱི་སྐབས་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་། དྲུག་པ། བདུན་པ་བཅས་ཀྱི་དགོངས་དོན་ལག་ལེན་བསྟར་བ། ནང་དོན་དང་གཞི་རྟེན་གསར་གཏོད་བྱེད་པ། བྱེད་སྟངས་དང་བྱེད་ཐབས་ལེགས་སུ་གཏོང་བ། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་རྒྱུ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་པོ་བྱ་རྒྱུ་བཅས་ལ་བསམ་བློའི་འགན་ལེན་བྱེད་པ་དང་། བསམ་བའི་སྟོབས་ཤུགས་འདོན་པ། ཀུན་སྤྱོད་འཚོ་བཅུད་སྦྱིན་པ་བཅས་དང་། མཐུན་སྒྲིལ་དང་། མཛེས་སྡུག ཞི་མཐུན། བདེ་སྐྱིད་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་བོད་གསར་འཛུགས་སྐྲུན་བྱེད་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་དུ་འགྱུར་བ་བཅས་ཀྱི་ཆེད་དུ་སྔར་བས་ཆེ་བའི་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་ཡོད་ཅེས་བསྟན་ཡོད།

    བོད་རང་སྐྱོང་ལྗོངས་བསམ་པའི་དཔལ་ཡོན་འཛུགས་སྐྱོང་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གིས།

    2015ལོའི་ཟླ་12ཚེས་10ཉིན།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།