ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་ཚེས་20ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་ཏེ། སྲིད་ཁྲིམས་དང་། དམངས་སྲིད། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་། གསར་འགྱུར་དཔེ་སྐྲུན། རླུང་འཕྲིན་བརྙན་འཕྲིན་བཅས་ཀྱི“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་ལག་བསྟར་བྱས་ཚུལ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་བསམ་ཕྱོགས་གསན་པ་དང་། ཚོགས་ཞུགས་བློ་མཐུན་ཚོས་གྲོས་བསྡུར་བྱས་པ་དང་འབྲེལ་གྲོས་འགོ་ཡང་བཏོན་པ་རེད།
ཚོགས་འདུའི་ཐོག་བསྟན་དོན། “ལོ་ལྔ་ཚན་བཅུ་གཉིས་པ”དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་། རྒྱལ་ཡོངས་མི་དམངས་ཀྱི་རོགས་སྐྱོར་ཤུགས་ཆེན། རྒྱལ་ཁབ་འབྲེལ་ཡོད་པུའུ་ཨུད་ཀྱི་རྒྱབ་སྐྱོར་ཤུགས་ཆེན་བཅས་ཀྱི་འོག་སྲིད་ཁྲིམས་དང་། དམངས་སྲིད། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་། གསར་འགྱུར་དཔེ་སྐྲུན། རླུང་འཕྲིན་བརྙན་འཕྲིན་བཅས་ཀྱིས་འཕེལ་རྒྱས་དང་བརྟན་ལྷིང་གི་དོན་ཆེན་གཉིས་ལ་དམིགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ལྷག་པར་དུ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བླང་བྱ་དང་བཀོད་སྒྲིག་ལྟར་དམ་པ་དོན་གཉེར་དང་གསར་གཏོད་ཡར་བརྩོན་བྱས་པས་བྱ་གཞག་ཁག་ལ་འཕེལ་རྒྱས་ཡར་ཐོན་ཆེན་པོ་བྱུང་ནས་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད། དེར་བརྟེན་བྱེད་ཐབས་ནུས་ལྡན་དང་ཉམས་མྱོང་ཡག་པོ་ཁག་ཕྱོགས་སྡོམ་ནན་ཏན་བྱེད་དགོས།
ཚོགས་འདུའི་ཐོག་ནན་བཤད་གནང་དོན། བདེ་སྡོད་ལས་བརྩོན་དང་། འགན་ལེན་ནུས་ལྡན། ཁྱིམ་གཞིས་མཛེས་ལྡན། མི་རིགས་མཐུན་སྒྲིལ། ཤེས་དཔལ་ཞི་མཐུན་བཅས་ཀྱི་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་རྒྱུའི་དམིགས་ཚད་ཀྱིས་2020ལོར་སླེབས་སྐབས་བོད་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་འཕེལ་རྒྱས་ཐད་ཀྱི་བརྗིད་ཆེའི་སྐྱ་རིས་བྲིས་ཡོད་པ་དེས། ང་ཚོས“ལོ་ལྔ་ཚན་བཅུ་གསུམ་པ”ཚན་རིག་དང་མཐུན་པར་འཆར་འགོད་བྱེད་རྒྱུར་ཁ་ཕྱོགས་གསལ་སྟོན་བྱས་པ་མ་ཟད། ད་དུང་གཞི་རྩའི་གཞི་འཛིན་སའང་མཁོ་འདོན་བྱས་ཡོད། སྲིད་ཁྲིམས་དང་། དམངས་སྲིད། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་། གསར་འགྱུར་པར་སྐྲུན། རླུང་འཕྲིན་བརྙན་འཕྲིན་བཅས་ཀྱི་ལས་དོན་ལ་ངེས་པར་དུ་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་ཡག་པོ་མཐའ་གཅིག་ཏུ་བྱས་ཐོག་ལྗོངས་བབ་དང་ལས་རིགས་ཀྱི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱེད་པ་དང་། ལས་དོན་གྱི་སྤྱི་ཡོངས་ལ་དམིགས་པ། ལས་དོན་གྱི་ཤུགས་རྒྱག་ས་དང་དམ་འཛིན་བྱ་གཞི་ནུས་ལྡན་ངང་ཁ་གསལ་བཟོ་བ། ངོ་བོ་དང་གྲངས་ཚད་གཏན་འཁེལ་བྱས་པའི་བཀོད་སྒྲིག་ཞིབ་ཕྲ་བཅས་བྱས་ནས“བདེ་སྡོད་ལས་བརྩོན་དང་། འགན་ལེན་ནུས་ལྡན། ཁྱིམ་གཞིས་མཛེས་ལྡན། མི་དམངས་མཐུན་སྒྲིལ། ཤེས་དཔལ་ཞི་མཐུན”བཅས་ཀྱི་དམིགས་ཡུལ་ཡག་པོ་དེ་འཐབ་ཇུས་རང་བཞིན་དང་། དམིགས་སའི་རང་བཞིན། ལག་ལེན་དུ་འཁྱོལ་ཐུབ་ངེས་ཀྱི་སྤྱིའི་བསམ་ཕྱོགས། དམིགས་ཚད་ལས་འགན། སྲིད་ཇུས་བྱེད་ཐབས། གཙོ་ཆེའི་རྣམ་གྲངས་བཅས་སུ་བསྒྱུར་ནས་འཆར་འགོད་དེ་ཉིད་འཕེལ་རྒྱས་མགྱོགས་པོ་དང་། ཡུན་རིང་བདེ་འཁོད། ཡིད་ཆེས་འཕེལ་བ། ཡར་རྒྱས་འགྲོ་རྒྱུར་སྐུལ་མ་གཏོང་བ་བཅས་ཀྱི་བྱ་སྤྱོད་ཀྱི་རྩ་འཛིན་ཞིག་ཏུ་འགྱུར་བར་བྱེད་དགོས།
ཚོགས་འདུའི་ཐོག་བསྟན་དོན། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་བྱེད་རྒྱུ་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ལས་དོན་གྱི་བསམ་བློ་གཏོང་ས་དང་ཤུགས་རྒྱག་ས་དང་། ཁྲིམས་ལྟར་བོད་སྐྱོང་དང་ཡུན་རིང་བོད་སྐྲུན་སྣེ་ཁྲིད་དུ་བཟུང་ནས་སྲ་བརྟན་དང་སྟོབས་ཆེ་དང་མཐོར་གཏོང་བཅས་མངོན་གསལ་དོད་པོ་ཡོང་བར་བྱེད་པ་དང་། གཞི་རིམ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་གཅིག་གྱུར་འཆར་འགོད་བྱས་ནས་ཤུགས་སྣོན་རྒྱག་པ། ཚན་རྩལ་ཆ་འཕྲིན་བཀོལ་སྤྱོད་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས། ཞབས་ཞུའི་ཁྲོད་དོ་དམ་བྱས་ནས་དེང་རབས་སྤྱི་ཚོགས་ཀྱི་དོ་དམ་བྱེད་ནུས་མཐོ་རུ་ཧུར་ཐག་བཏང་ཐོག་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུས་ནས་བདེ་འཇགས་བརྟན་ལྷིང་ལྡན་པའི་སྤྱི་ཚོགས་ཁོར་ཡུག་དང་། དྲང་སྙོམས་དྲང་བདེན་གྱི་ཁྲིམས་སྐྱོང་ཁོར་ཡུག སྤུས་ལེགས་ནུས་ཆེའི་ཞབས་ཞུའི་ཁོར་ཡུག་བཅས་གཏོད་དགོས།
ཚོགས་འདུའི་ཐོག་བསྟན་དོན། ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཤུགས་ཚད་ཆེ་རུ་གཏོང་བ། ཆུ་ཚད་མཐོ་རུ་གཏོང་བ། གཞི་རྩའི་འཚོ་བ་དང་། གཞི་རྩའི་རྒན་གསོ། སྤྱི་ཚོགས་རོགས་སྐྱོབ་སོགས་ཀྱི་འགན་ལེན་ཚད་གཞི་ལོ་ལྟར་མཐོ་རུ་གཏོང་བ། སྤྱི་ཚོགས་ཕན་བདེ་མ་ལག་འཐུས་ཚང་དུ་གཏོང་བ། མི་རིགས་ཁག་གི་མང་ཚོགས་ལ་འགན་ལེན་སྔར་བས་ཡག་པོ་མཁོ་འདོན་བྱེད་པ། སྤྱི་ཚོགས་འགན་སྲུང་གི“བདེ་འཇགས་དྲ་བ”བརྟན་པོར་འཛུགས་པ་བཅས་བྱས་ནས་གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་གྱི་ཆུ་ཚད་སྔར་བས་མཐོ་རུ་འགྲོ་རྒྱུར་འགན་ལེན་བྱེད་དགོས། གནོད་འཚེ་སྔོན་འགོག་ཉུང་གཏོང་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་གནད་འགག་དམ་འཛིན་དང་། གཙོ་གནད་མངོན་གསལ་དོད་པོ། སྤྱི་ཡོངས་ལ་སྐུལ་འདེད་བཅས་བྱས་ནས་གེགས་བར་འགོག་བཅོས་ཀྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས།
ཚོགས་འདུའི་ཐོག་བསྟན་དོན། མང་ཚོགས་བདེ་སྡོད་ལས་བརྩོན་བྱུང་ན་གཞི་ནས་དམངས་འཚོ་ལེགས་བཅོས་དང་སྤྱི་ཚོགས་བརྟན་ལྷིང་ཡོང་ཐུབ། ལས་ཞུགས་ཨང་དང་པོ་ཡིན་པའི་རྩ་དོན་མཐའ་འཁྱོངས་བྱས་ཐོག་སྲིད་གཞུང་གི་རྒྱབ་སྐྱོར་ཤུགས་ཆེན་འོག་ཁྲོམ་རའི་ནུས་པ་འདོན་སྤེལ་གང་ལེགས་ཀྱིས་ཐོན་ལས་འཕེལ་རྒྱས་བཏང་བ་ལ་བརྟེན་ནས་ལས་ཞུགས་བྱེད་ཚད་མང་དུ་གཏོང་བ་དང་། ལས་གཏོད་ལ་སྐུལ་འདེད་བཏང་བར་བརྟེན་ནས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པ། གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་པ་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ལས་ཞུགས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་བྱེད་ཐབས་ཁག་དོན་འཁྱོལ་ཡག་པོ་བྱས་ནས་ལས་ཞུགས་སློབ་གསོ་དང་། ལས་ཞུགས་སྣེ་ཁྲིད། ལས་ཞུགས་ཞབས་ཞུ། ལས་ཞུགས་དོ་དམ་བཅས་ལ་ཤུགས་སྣོན་གྱིས་ཚང་མ་ལས་ཞུགས་ཐུབ་པའི་ཐབས་ལམ་སྣ་མང་ཅན་རྒྱ་ཆེར་བཏང་སྟེ་ལས་ཞུགས་བྱེད་ཚད་ཐབས་བརྒྱ་ཇུས་སྟོང་གིས་མང་དུ་གཏོང་དགོས།
ཚོགས་འདུའི་ཐོག་བསྟན་དོན། གཡུལ་སའི་འདུ་ཤེས་ཟབ་ཏུ་བཏང་བའི་ཁར། ཡང་དག་པའི་གླེང་ཕྱོགས་ཀྱི་ཁྲིད་སྟོན་མཐའ་འཁྱོངས་བྱས་ནས་བརྗོད་བྱ་གཙོ་བོའི་པར་སྐྲུན་དྲིལ་བསྒྲགས་བྱེད་རྒྱུ་དང་། གསར་འགྱུར་པར་སྐྲུན་དང་རླུང་འཕྲིན་བརྙན་འཕྲིན་ཐོན་རྫས་ཐོན་སྐྱེད་མཁོ་སྤྲོད་བྱེད་རྒྱུ། སྤྱི་པའི་ཞབས་ཞུ་མ་ལག་འཐུས་ཚང་དུ་གཏོང་རྒྱུ་བཅས་ལ་དམ་འཛིན་ཡག་པོ་བྱས་ནས་མི་རིགས་ཁག་གི་མང་ཚོགས་ལ་བསམ་པ་དང་རིག་གནས་ཀྱི་རྒྱགས་ཕྱེ་སྔར་བས་མང་པོ་དང་། སྔར་བས་ཡག་པོ། སྔར་བས་སྟབས་བདེ་བཅས་མཁོ་འདོན་བྱེད་དགོས། དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་འདུ་ཤེས་འཛིན་སྟངས་དང་རིག་གནས་ཁྱབ་ཁོངས་ཀྱི་བལྟོས་མེད་བདེ་འཇགས་འགན་ལེན་བྱེད་དགོས།