ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་ཚེས་19ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་ཏེ་སློབ་གསོ་ཚན་རྩལ་རིག་གནས་བཅས་ཀྱི“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་ལག་བསྟར་བྱས་ཚུལ་གསན་པ་དང་སྦྲགས་སློབ་གསོ་ཚན་རྩལ་རིག་གནས་བཅས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་བསམ་ཕྱོགས་ཞིབ་འཇུག་བཀོད་སྒྲིག་ཀྱང་བྱས་ཤིང་། ཚོགས་ཞུགས་བློ་མཐུན་ཚོས་གྲོས་བསྡུར་བྱས་པ་མ་ཟད་ད་དུང་གྲོས་འགོ་ཡང་བཏོན་ཡོད་པ་རེད།
ཚོགས་འདུའི་ཐོག་བསྟན་དོན། “ལོ་ལྔ་ཚན་བཅུ་གཉིས་པ”དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སློབ་གསོ་དང་། ཚན་རྩལ། རིག་གནས་བཅས་ཀྱི་བྱ་གཞག་འཕེལ་རྒྱས་ཡར་ཐོན་ཆེན་པོ་བྱུང་ནས་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད། གྲུབ་འབྲས་དེ་ལྟ་བུ་ཐོབ་པ་དེ་ཀྲུང་དབྱང་གི་ཐུགས་འཁུར་དང་། རྒྱལ་ཡོངས་ཀྱི་རོགས་སྐྱོར། རྒྱལ་ཁབ་འབྲེལ་ཡོད་པུའུ་ཨུད་ཀྱི་རྒྱབ་སྐྱོར་ཤུགས་ཆེན་བཅས་དང་ཁ་འབྲལ་ཐབས་མེད་པ་མ་ཟད། ད་དུང་ང་ཚོ་རང་ངོས་ཀྱི་དཀའ་སྤྱད་འབད་བརྩོན་དང་གསར་གཏོད་ཡར་བརྩོན་དང་ཡང་ཁ་འབྲལ་ཐབས་མེད། དེར་བརྟེན་བྱེད་ཐབས་ནུས་ལྡན་དང་ཉམས་མྱོང་ཡག་པོ་གསེད་བཀྲོལ་དང་ཕྱོགས་སྡོམ་ནན་ཏན་བྱེད་དགོས། ལྷག་པར་དུ་གནད་དོན་གྱི་ཁྲིད་སྟོན་དང་དམིགས་ཚད་ཀྱི་ཁྲིད་སྟོན་གཉིས་མཐའ་འཁྱོངས་ཀྱིས་དངོས་ཡོད་དང་ཟུང་འབྲེལ་བྱེད་པའི་ཐད་ཤུགས་སྣོན་ཡག་པོ་བརྒྱབ་ནས་མི་འདང་ས་དང་གནད་དོན་འཚོལ་ཞིབ་བྱས་ཐོག་གནད་དུ་འཁེལ་བ་དང་གཙོ་གནད་འབུར་དུ་ཐོན་པའི་ངང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་དེ་ཆེད་དོན་འཆར་འགོད་བཟོ་བའི་བརྒྱུད་རིམ་ཧྲིལ་པོའི་ཁྲོད་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་དགོས།
ཚོགས་འདུའི་ཐོག་ནན་བཤད་གནང་དོན། སློབ་གསོ་དང་། ཚན་རྩལ། རིག་གནས་བཅས་ཀྱི་ལས་དོན་སྒྲུབ་པར་ངེས་པར་ཏུ་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་ནན་པོ་དང་། ལྗོངས་བབ་དང་ལས་ཀའི་སྤྱི་ཡོངས་ལ་གཞི་ཚུགས་ཐོག་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་། འཕེལ་རྒྱས་གཏོང་སྟངས་གསར་གཏོད་བྱེད་པ། ལས་ཀའི་ཤུགས་རྒྱག་ས་དང་དམ་འཛིན་བྱ་གཞི་ཁ་གསལ་བཟོ་བ། བོད་ཀྱི་ཁྱད་ཆོས་དང་འཕེལ་རྒྱས་ཀྱི་དགོས་མཁོ་འབུར་དུ་ཐོན་པ། མི་འདང་སར་ཁ་གསབ་བྱེད་པ། ལེགས་ཆ་སྟོབས་ཆེར་གཏོང་བ། སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ནས་སློབ་ཚན་རིག་གསུམ་གྱི་བྱ་གཞག་སྔར་བས་འཕེལ་རྒྱས་ཡག་པོ་ཕྱིན་ནས་ཕུགས་ཡུན་རིང་ཞིང་དམངས་འཚོར་ཕན་ཐོགས་རྒྱུར་སྐུལ་འདེད་གཏོང་དགོས།
ཚོགས་འདུའི་ཐོག་བསྟན་དོན། སློབ་གསོའི་མི་འདང་སར་ཁ་གསབ་བྱེད་དགོས་པ་སྟེ། སློབ་གསོ་ནི་བོད་འཕེལ་རྒྱས་འགྲོ་བའི་རེ་བ་བཅོལ་ས་ཡིན་པ་ངོས་འཛིན་གང་ལེགས་བྱས་ཐོག་ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པ་དང་། རྨང་གཞི་བརྟན་དུ་གཏོང་བ། གྲུབ་ཆ་ལེགས་སུ་གཏོང་བ། སྤུས་ཚད་མཐོ་རུ་གཏོང་བ། གཞུང་དྲང་ལ་སྐུལ་འདེད་གཏོང་བ་བཅས་བྱས་པའི་ཁར་སློབ་གསོ་སྔོན་འཕེལ་གྱི་འཐབ་ཇུས་ལ་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་དང་། ཀྲུང་དབྱང་གི་རྒྱབ་སྐྱོར་དང་བོད་སྐྱོར་ལམ་སྲོལ་བེད་སྤྱོད་ཡག་པོ། སྐད་གཉིས་སློབ་གསོ་འཕེལ་རྒྱས་ཤུགས་ཆེན། ཞིང་འབྲོག་ཁུལ་དང་དཔལ་འབྱོར་སྤྱི་ཚོགས་འཛུགས་སྐྲུན་གྱི་གཡུལ་ས་གཙོ་བོར་ཕྱོགས་ནས་ལས་རིགས་སློབ་གསོ་གོང་མཐོར་གཏོང་བ། བྱེད་སྟངས་གསར་གཏོད་བྱས་ནས་ཆེད་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས་པ་དང་། བྱེད་ཐབས་ནུས་ཆེན་སྤྱད་དེ་དགེ་རྒན་གྱི་སྟོབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་སློབ་གསོའི“མཉེན་ཆས”དང“མཁྲེགས་ཆས”ཚད་ལྡན་ཅན་དུ་འགྱུར་བ་བྱེད་དགོས།
ཚན་རྩལ་གྱི་འདེགས་སྐྱོར་ནུས་པ་སྟོབས་ཆེར་གཏོང་དགོས་པ་སྟེ། གསར་གཏོད་འཕེལ་རྒྱས་ལག་བསྟར་ཤུགས་ཆེན་དང་། “སྟེགས་བུ་སྐྲུན་པ་དང་། ཆེད་གཉེར་རྣམ་གྲངས་ལག་བསྟར་བྱེད་པ། གཞན་སྒྱུར་ལ་སྐུལ་འདེད་གཏོང་བ། ཡོངས་ཁྱབ་ཏུ་གཏོང་བ”བཅས་ཀྱི་ཚན་རྩལ་ལས་དོན་བསམ་ཕྱོགས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་དགོས། སྟེགས་བུ་སྐྲུན་པའི་ཐད། ས་མཐོའི་ཁྱད་ལྡན་ཚན་རྩལ་རྨང་གཞིའི་སྟེགས་བུའི་མ་ལག་འཐུས་ཚང་དུ་བཏང་ཐོག་ཐོན་ཁུངས་སྟོབས་ཤུགས་བསྡུ་སྒྲིལ་བྱས་ནས་བསྐྲུན་ཟིན་པའི་སྟེགས་བུའི་ནུས་པ་སྔར་བས་ཆེན་པོ་འདོན་སྤེལ་བྱེད་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། ཆེད་དོན་རྣམ་གྲངས་ལག་བསྟར་བྱེད་པའི་ཐད། གཙོ་བོ་ས་མཐོའི་ཁྱད་ལྡན་ཐོན་ཁུངས་བེད་སྤྱོད་གསར་སྤེལ་བྱེད་ཤུགས་ཆེ་རུ་བཏང་ནས་ས་མཐོའི་ཁྱད་ལྡན་ཐོན་ལས་འཛུགས་ནུས་དང་ཆུ་ཚད་མཐོ་རུ་གཏོང་དགོས། གཞན་སྒྱུར་ལ་སྐུལ་འདེད་གཏོང་བའི་ཐད། ཞིང་པར་འབབ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། ལས་གཏོད་ལས་ཞུགས་བྱེད་པ། དབུལ་སྐྱོར་འགག་སྒྲོལ་བྱེད་པ་བཅས་ལ་དམ་པོར་དམིགས་ནས་ཉེར་སྤྱོད་ཚན་རྩལ་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་བཏང་ཐོག་ནས་ཀྱི་སོན་བཟང་དང་ཕྱུགས་རིགས་རྒྱུད་བཟང་ཁྱབ་སྤེལ་ཤུགས་ཆེན་བཏང་ནས་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་བྱེད་ཚད་དང་ལེགས་སྐྱེས་འབུལ་ཚད་ནུས་ཤུགས་ཡོད་རྒུས་མཐོ་རུ་གཏོང་དགོས།
རིག་གནས་སྤུས་རྟགས་ཡག་པོ་གཏོད་དགོས། གཞི་རིམ་གྱི་སྤྱི་པའི་རིག་གནས་སྒྲིག་བཀོད་འཛུགས་སྐྲུན་དམ་འཛིན་བྱས་ཐོག་དེང་རབས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་ནས་མང་ཚོགས་ཚོའི་བསམ་པའི་རིག་གནས་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་དགོས། རིག་གནས་ཐོན་ལས་འཕེལ་རྒྱས་དམ་འཛིན་བྱས་ཐོག་རིག་གནས་དང་ཡུལ་སྐོར་དབར་ཕན་ཚུན་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་བཏང་ནས་རིག་གནས་དང་དབུལ་སྐྱོར་འགག་སྒྲོལ་དབར་ཟུང་འབྲེལ་དམ་ཟབ་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས། རྒྱུན་འཛིན་ཁྲོད་སྲུང་སྐྱོབ་དང་། སྲུང་སྐྱོབ་ཁྲོད་འཕེལ་རྒྱས། འཕེལ་རྒྱས་ཁྲོད་གསར་གཏོད་བཅས་བྱས་ནས་མི་རིགས་སྲོལ་རྒྱུན་རིག་གནས་ཕུལ་དུ་བྱུང་བ་གསར་གཏོད་རང་བཞིན་ལྡན་པའི་ངང་གཞན་སྒྱུར་ཐུབ་རྒྱུ་དང་འཕེལ་རྒྱས་ཐུབ་རྒྱུར་སྐུལ་འདེད་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོབ་བྱ་ཡུལ་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།